རིམས་ནད་འདི་ལ་གཟབ་དགོས།
ཉེ་ཆར་པེ་ཅིན་དང་ཧོ་ནན། ཀྲེ་ཅང་། ཀོང་ཏུང་སོགས་ས་གནས་མང་པོ་ཞིག་གི་རིམས་འགོག་སྡེ་ཁག་གིས་
ནོར་རུའུ་ནད་དུག་གིས་བསླངས་པའི་ཁོག་པ་བཤལ་བའི་འགོས་ནད་ཅིག་གང་སར་མཆེད་པའི་དུས་ལ་སླེབས་པར་དྲན་སྐུལ་བྱེད་བཞིན་ཡོད།
འབྲེལ་ཡོད་ཆེད་མཁས་པས་གསལ་བཤད་བྱས་པ་ལྟར་ན། ནོར་རུའུ་ནད་དུག་ནི་གློ་བུར་དུ་འབྱུང་བའི་ཕོ་རྒྱུའི་རྒྱུན་མཐོང་གི་ནད་རིགས་ཀྱི་གྲས་ཤིག་ཡིན་པ་དང་། དེ་ནི་འགོས་སླ་བ་དང་། མཆེད་པའི་བརྒྱུད་ལམ་མང་པོ་ཡོད། ནོར་རུའུ་ནད་དུག་གིས་བསླངས་པའི་་ཕོ་རྒྱུའི་ནད་རིགས་ནི་ལོ་ཧྲིལ་པོར་འབྱུང་རྒྱུ་ཡོད་པར་མ་ཟད། དགུན་ཁར་ལྷག་ཏུ་ནད་འདི་འགོ་སླ་བ་དང་། མིག་སྔར་ཆེད་དམིགས་ཀྱི་སྨན་དང་འགོག་ཁབ་སོགས་མེད་པ་རེད།
དེ་ན་ནོར་རུའུ་ནད་དུག་ནི་ཅི་ལྟ་བུ་ཞིག་ཡིན་པ་དང་།
དེ་ལ་ནད་རྟགས་གང་འདྲ་ཡོད་པ།
ཅི་ལྟར་སྔོན་འགོག་བྱ་དགོས་ཤེ་ན།
ནད་ཀྱི་ངོས་འཛིན།
ནོར་རུའུ་ནད་དུག་ནི་དུག་ཚད་ཉུང་ཉུང་ཞིག་བརྒྱུད་ནས་འགོ་འགྲོ་བ་རེད། དཔེར་ན་དུག་གི་གཞི་རྡུལ་བཅོ་བརྒྱད་ཙམ་གྱིས་ནད་འདི་འགོ་ཐུབ། ཐེངས་གཅིག་འགོས་ན་ནད་དུག་གི་གཞི་རྡུལ་དུང་ཕྱུར་བཅུ་ཕྲག་བསླངས་ཡོང་བ་རེད། དེ་ནི་དྲོད་ཚད་ཏུའུ་ཐིག་ལེ་ནས་ཏུའུ་དྲུག་ཅུའི་བར་གྱི་ཁྱབ་ཁོངས་སུ་གནས་ཐུབ་པ་དང་། སྤྱིར་བཏང་གི་ཆུ་དྲོན་མོས་གསོད་མི་ཐུབ། ཆང་བཅུད་བརྒྱ་ཆའི་དོན་ལྔ་ཅན་དང་། ལག་པ་འཁྲུད་པའི་འདག་རྫས་སོགས་ཀྱིས་ཀྱང་ནད་འདི་སེལ་མི་ཐུབ།
དངོས་པོའི་སྟེང་ནས་གཟའ་འཁོར་གཉིས་ཙམ་ལ་གནས་ཐུབ་པ་དང་། ཆུ་ནང་ནས་ཟླ་བ་གཉིས་ཙམ་ལ་གནས་ཐུབ།
ནད་འགོ་བའི་བརྒྱུད་ལམ།
ནད་འདི་མི་ཆེ་ཆུང་ཚང་མར་འགོ་བ་མ་ཟད། ལྷག་པར་དུ་ནད་དུག་འགོས་པའི་ཟ་མ་དང་། ནད་དུག་མཆེད་པའི་མཁའ་དབུགས། ནད་པ་དང་འབྲེལ་འདྲིས་བྱེད་པ་སོགས་ལས་ནད་འདི་འགོ་བཞིན་ཡོད།
ནད་རྟགས་གཙོ་བོ།
ནད་རྟགས་གཙོ་བོ་ནི་སྐྱུག་ལངས་པ་དང་། ཁོག་པ་བཤལ་བ་སོགས་ཛ་དྲག་རང་བཞིན་གྱི་ནད་རྟགས་འབྱུང་བ། ཚ་རྒྱག་པ་དང་གྲང་ཤེད་ཆེ་བ། མགོ་ན་བ། ཤ་གནད་ལ་ཟུག་གཟེར་རྒྱག་པ། ཁོག་པ་ཐེངས་མང་བཤལ་བ། བྱིས་པ་རྣམས་སྐྱུག་རྒྱུ་མང་བ་དང་། རྒན་གཞོན་རྣམས་ཀྱི་ཁོག་པ་བཤལ་བ་སོགས་ཡོད།
ནད་སྔོན་འགོག
༡ ལག་པར་གཙང་མར་འཁྲུད་པ། ཟ་མ་མ་བཟའ་སྔོན་དང་། སྤྱོད་ཁང་དུ་སོང་རྗེས། ཟ་མ་ལས་སྣོན་མ་བྱས་སྔོན་སོགས་ལ་ལག་པ་གཙང་མང་བཀྲུ་དགོས།
༢ སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བ། དུས་ལྟར་ཁང་པའི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བ་དང་། ཁང་པའི་ནང་གི་མཁའ་དབུགས་གཙང་མར་བཟོ་དགོས།
༣ ཟ་མ་བཙོས་ནས་བཟའ་དགོས། ཟ་མ་གཙང་མར་བཀྲུ་དགོས་ཤིང་། ངེས་པར་དུ་བཙོས་ནས་བཟའ་བ་ལས། རློན་པ་བཟའ་མི་རུང་། ཆུ་འཁྱགས་པ་ཡང་འཐུང་མི་རུང་།
༤ ཁོར་ཡུག་དུག་སེལ་བྱ་དགོས། ནད་རིགས་འདི་འགོས་པའི་ནད་པ་ཡོད་པའི་ཁོར་ཡུག་དུག་སེལ་བྱ་དགོས།
༥ ནད་པར་ནད་ལྡང་བ་ནས་ནད་དྲག་རྗེས་ཀྱི་ཉིན་གསུམ་ནང་ལ་གང་ཐུབ་ཀྱིས་རྒྱང་བཀྱེད་དགོས།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།