རྩོམ་པ་པོ། མཁས་དབང་ཚུལ་ཁྲིམས་བློ་གྲོས།
ཕྱི་རོལ་གྱི་བེམ་པོར་ཁ་དོག་མེད་པ་ནི་དངོས་ཁམས་རིག་པའི་ཚན་རིག་པ་ཡོངས་ཀྱི་རྩོད་མེད་ཀྱི་འདོད་ཚུལ་ཡིན།
འདི་ལ་ཐོག་མར་མིག་གིས་གཟུགས་མཐོང་ཚུལ་ཤེས་དགོས་པས་དེ་བཤད་པར་བྱ་སྟེ། མིག་གིས་གཟུགས་ མཐོང་བ་འདི་འོད་ལ་བརྟེན་ནས་མཐོང་དགོས་པ་སུས་ཀྱང་ཤེས། དེ་ལ་འོད་ཅེས་པ་ཇི་འདྲ་ཞིག་ཡིན་ཞེ་ན། འོད་ཀྱི་ངོ་བོ་ནི། གློག་ཁྱམས་དང་སྡུད་ཁྱམས་གཉིས་གཡོ་འདར་བྱས་པ་ལས་བྱུང་བའི་གློག་སྡུད་རླབས་ཤིག་སྟེ། གློག་རྡུལ་སོགས་གློག་ཁྱེར་བའི་གཞི་རྡུལ་རྣམས་སྟེང་འོག་ཏུ་གཡོ་འདར་བྱེད་པ་ན། གློག་ཁྱམས་དང་སྡུད་ཁྱམས་ཀྱང་དེ་དང་མཉམ་དུ་གཡོ་འདར་བྱེད་ལ། གཡོ་འདར་འདི་ཆུའི་རླབས་བཞིན་དུ་ཉེ་འཁོར་དུ་ཁྱབ་སྤེལ་བྱེད་དོ།།
གློག་དང་སྡུད་གཉིས་ནི་འབྲེལ་བ་ཧ་ཅང་ཟབ་སྟེ། གློག་ཁྱམས་གཡོ་འདར་བྱེད་པ་ན། སྡུད་ ཁྱམས་ཀྱང་དེ་དང་མཉམ་དུ་གཡོ་འདར་བྱེད་ཅིང་། སྡུད་ཁྱམས་ཀྱི་གཡོ་འདར་དེས་སླར་ཡང་གློག་ཁྱམས་གཡོ་འདར་གསར་པ་འདྲེན་པར་བྱེད་དོ།། འགྱུར་ལྡོག་ཅན་གྱི་གློག་ཁྱམས་དང་འགྱུར་ལྡོག་ཅན་གྱི་སྡུད་ཁྱམས་ལས་སོ་སོར་གཅོད་དུ་མེད་པའི་གཅིག་གྱུར་གྱི་ཁྱམས་ཤིག་གྲུབ་པ་ལ་གློག་སྡུད་ཁྱམས་ཞེས་བྱ། གློག་སྡུད་ཁྱམས་དེ་བར་སྣང་དུ་ཁྱབ་སྤེལ་བྱས་པ་ན། གློག་སྡུད་རླབས་ཞེས་བྱ་ཞིང་། རླུང་འཇམ་པོ་ཆུ་ངོས་སུ་བསྐྱོད་པ་ན་ཆུ་ངོས་སུ་རླབས་འབྱུང་བ་ལྟ་བུ་ཞིག་སྟེ། འདི་ལ་གློག་རླབས་ཞེས་ཀྱང་བྱའོ། །
ཁྱམས་ཞེས་བྱ་བ་ནི། དངོས་ཁམས་རིག་པ་པ་རྣམས་ཀྱིས་གློག་དང་སྡུད་དག་གིས་དངོས་པོ་གཞན་ལ་ནུས་པ་འབྱིན་ཚུལ་གྱི་རྣམ་པ་བརྗོད་པ་ཞིག་སྟེ། དཔེར་ན། གློག་ཁུར་ལས་གློག་ཤུགས་འབྱུང་ཞིང་། གློག་ཤུགས་དེས་ཉེ་འཁོར་གྱི་བར་སྣང་ན་གནས་པའི་གློག་ཅན་གྱི་རྫས་གཞན་ལ་ཤུགས་རྐྱེན་ཐེབས་པར་བྱེད་པ་ན། བར་སྣང་དེར་གློག་ཁྱམས་ཡོད་ཅེས་སྨྲ་བར་བྱེད་པ་ལྟ་བུའོ། །
གློག་སྡུད་རླབས་དེ་རླབས་ཐག་གམ་འདར་ཚད་དང་བསྟུན་ནས་གོ་རིམ་ལྟར་དུ་བསྒྲིགས་པ་ལ་གློག་སྡུད་རླབས་ཐོ་ཞེས་བྱ། རླབས་དུམ་རེ་རེ་འདར་ཚད་དམའ་བ་ནས་མཐོ་བའི་བར་དུ་རིམ་བཞིན་བསྒྲིགས་ན། དང་པོ་བཟོ་འདར་གློག་སྡུད་རླབས་དང་། སྐུད་མེད་གློག་རླབས། དམར་ཕྱིའི་འོད། མཐོང་རུང་འོད། སྨུག་ཕྱིའི་འོད། ཨེ་ཁི་སི་འཕྲོ་ཐིག། གྷེ་མའི་འཕྲོ་ཐིག་བཅས་ཡིན།
འོད་འདི་རྣམས་ལས་རང་རེ་མིའི་མིག་གིས་མཐོང་ཐུབ་པ་ནི། མཐོང་རུང་འོད་ཅེས་པ་འདི་ཁོ་ན་སྟེ། འོད་ཐོའི་ཐོག་གི་དུམ་བུ་ཧ་ཅང་ཆུང་ངུ་གཅིག་ཡིན། དེ་ལས་གཞན་པའི་འོད་རྣམས་མིའི་མིག་གིས་མཐོང་མི་ཐུབ་བོ། །
མཐོང་རུང་འོད་འདི་ལ་མིའི་མིག་གིས་བལྟས་ན་ཁ་དོག་བདུན་དུ་སྣང་སྟེ། དམར། ངུར། སེར། ལྗང་། སྔོ། རམས། སྨུག་བཅས་སོ། །ཉི་མའི་འོད་ལྟ་བུ་ལ་ཕར་བལྟས་ན་དཀར་པོ་ཁོ་ན་ལྟར་དུ་སྣང་ཡང་གདོང་གསུམ་ཤེལ་ལྟ་བུའི་ཡོ་བྱད་ལ་བརྟེན་ནས་འོད་དེ་དབྱེ་ཕྲལ་བྱས་ན་འོད་བདུན་དུ་སྣང་བ་ཡིན་ནོ། །
འདིར་གོ་དགོས་པའི་གནད་གལ་བོ་ཆེ་ནི། མིའི་མིག་ལ་ཁ་དོག་ཅི་ཙམ་དུ་སྣང་ཡང་རུང་། དོན་ལ་ཁ་དོག་འདི་དག་ཕྱིའི་བེམ་པོའི་འཇིག་རྟེན་གྱི་ནང་དུ་གཞི་ནས་ཡོད་མ་མྱོང་བ་ཞིག་ཡིན་པ་འདིའོ། ། དེ་ཡང་གོང་དུ་སྨྲས་པ་བཞིན་འོད་ཀྱི་ངོ་བོ་ནི། གློག་སྡུད་རླབས་ཡིན་ཞིང་དེ་ལ་ཁ་དོག་གང་ཡང་མེད་པའི་ཕྱིར་ཞེས་ཟེར། འདི་ནི་དངོས་ཁམས་རིག་པའི་ཚན་རིག་པ་ཐམས་ཅད་ལ་རྩོད་མེད་ཡོངས་གྲགས་ཡིན། དེས་ན་འོད་ལ་བརྟེན་ནས་ཁ་དོག་སྣ་ཚོགས་ཀྱི་སྣང་བ་འབྱུང་ཡང་འོད་རང་ཉིད་ལ་ཁ་དོག་གང་ཡང་མེད་པ་འདི་ཤེས་དགོས་སོ།།
མིའི་མིག་གིས་གཟུགས་མཐོང་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཐོག་མར་ཉི་འོད་ལྟ་བུའི་འོད་རླབས་དེ་འོད་ཀྱི་འབྱུང་ཁུངས་ཉི་མ་ལྟ་བུ་ལས་བྱུང་ནས་བལྟ་བྱའི་གཟུགས་མེ་ཏོག་ལྟ་བུའི་ཐོག་ཏུ་འཕྲོ། དེ་ནས་འོད་དེ་སླར་ལྡོག་ནས་མིའི་མིག་ནང་དུ་འཕྲོ་ཞིང་། མིག་གི་མཐོང་བྱེད་དྲྭ་སྐྱིའི་ནང་དུ་འོད་ཚོར་བར་བྱེད་པའི་ཕྲ་ཕུང་འབུག་གི་རྩེ་མོའི་དབྱིབས་ལྟ་བུ་ཅན་ས་ཡ་༨་ཙམ་ཡོད་པ་དེ་རྣམས་ལ་ཟུག་སློང་བྱས་པ་ན། འབུག་དབྱིབས་ཕྲ་ཕུང་དེ་རྣམས་ཀྱིས་རེ་རེ་བཞིན་དུ་གོ་རིམ་ལྟར་ཀླད་པའི་དབང་རྩའི་གཞི་ལ་གློག་རྡུལ་གློག་འཕར་ཞིག་གཏོང་བར་བྱེད་ཅིང་། གློག་འཕར་དེ་དག་ཀླད་པའི་རྒྱབ་ཕྱོགས་ཀྱི་གཟུགས་མཐོང་བར་བྱེད་པའི་གནས་སུ་སོང་ནས་གནས་དེར་ཡོད་པའི་དབང་རྩའི་གཞིའི་ཚོགས་ལ་ཟུག་སློང་བྱས་པ་ན། དབང་རྩའི་གཞི་དེ་རྣམས་ཀྱི་གློག་གཏོང་བར་བྱེད་དོ།། དེའི་ཚེ་ན་མི་རྣམས་ཀྱི་མིག་ཤེས་ལ་ཁ་དོག་སྣ་ཚོགས་ཀྱི་མྱོང་བ་སྐྱེ་བར་འགྱུར་ཞིང་། མྱོང་བའི་ཁ་དོག་དེ་ལ་སྐྱེ་བོ་ཕལ་བ་རྣམས་ཀྱིས་ཕྱི་རོལ་གྱི་ཡུལ་ཞེས་ཟེར་རོ། །
འོན་ཀྱང་དེའི་སྐབས་ཀྱི་འོད་རང་ཉིད་ལ་ཁ་དོག་གང་ཡང་མེད་ཅིང་། འབུག་དབྱིབས་ཕྲ་ཕུང་གིས་དབང་རྩའི་གཞི་ལ་བཏང་བའི་གློག་འཕར་ལའང་ཁ་དོག་གང་ཡང་མེད། དེས་ན་ཁ་དོག་ནི་མིའི་མིག་ཤེས་ཀྱི་ནང་དུ་ཡོད་པ་ལས་ཕྱི་རོལ་ན་མེད་པ་ཡིན་པར་ཤེས་དགོས་ཏེ། ཨོ་སི་ཐྲི་ཡའི་སྙན་གྲགས་ཅན་གྱི་དངོས་ཁམས་རིག་པ་པ་ནོ་པེལ་བྱ་དགའ་འཐོབ་མཁན་ཨིར་ཝེན་ཤེར་ཏེན་ཨེར་(ErwinSchridinger)ཞེས་པ་ན་རེ།(WhatIs Life)གལ་ཏེ་དངོས་ཁམས་རིག་པ་པ་ཞིག་ལ་འོད་སེར་པོ་ཞེས་པ་ཅི་ཞིག་ཡིན་ཞེས་དྲིས་ན། རླབས་ཐག་ཐེར་ཤས་སྨི་༥༩༠་ཐམ་པའི་རྒྱ་ཁྱོན་ནང་དུ་གནས་པའི་འཕྲེད་ཕྱོགས་གློག་སྡུད་རླབས་ཤིག་ཡིན་ཞེས་ལན་འདེབས་པར་འགྱུར། གལ་ཏེ་མུ་མཐུད་དུ་མདོག་སེར་པོ་དེ་གང་ནས་བྱུང་བ་ཡིན་ཞེས་དྲིས་ན། ཁོ་ན་རེ། ངས་བལྟས་ན། མདོག་སེར་པོ་ཞེས་པ་ཞིག་རྩ་བ་ནས་མེད་དེ། གཡོ་འདར་འདི་དག་མིག་སྐྱོན་མེད་ཀྱི་མཐོང་བྱེད་དྭ་སྐྱི་དང་འཕྲད་པ་ན། མི་རྣམས་ལ་སེར་པོའི་མྱོང་བ་སྐྱེ་བར་བྱེད་པ་ཡིན་ཞེས་ལན་འདེབས། གལ་ཏེ་ད་དུང་མུ་མཐུད་དུ་དྲིས་ན། རླབས་ཐག་མི་འདྲ་བས་ཁ་དོག་མི་འདྲ་བའི་མྱོང་བ་སྐྱེད་པར་བྱེད། འོན་ཀྱང་དོན་འདི་རླབས་ཐག་ཐེར་ཤས་སྨི་༨༠༠༠༤༠༠་བར་ཅན་ལ་འབྱུང་གི། རླབས་ཐག་གང་ཡིན་ཡིན་ཅན་ཐམས་ཅད་ལ་འབྱུང་བ་མ་ཡིན། དངོས་ཁམས་རིག་པ་པ་ལ་མཚོན་ན། དམར་ཕྱིའི་འོད་དང་སྨུག་ཕྱིའི་འོད་གཉིས་དང་མིའི་མིག་གིས་མྱོང་ཐུབ་པའི་རླབས་ཐག་ཐེར་ཤས་སྨི་༨༠༠༤༤༠༠་ཅན་གྱི་འོད་རླབས་དག་གཞི་རྩའི་ཐོག་ནས་འདྲ་པོ་ཡིན་ཞེས་སྨྲ།
འོ་ན་མིག་གིས་འོད་རྣམས་ལ་དམིགས་བསལ་གྱི་གདམ་ང་འདི་ལྟ་བུ་བྱེད་པ་དེ་ཅི་ཞིག་ལས་བྱུང་བ་ཡིན་ཞེ་ན། ཉི་མའི་འོད་ཀྱི་ཁྱབ་འགྱེད་ལ་རན་པའི་དབང་གིས་ཡིན་པར་གསལ་ཏེ། ཉི་མའི་འོད་རླབས་ལས་རླབས་ཐག་འདི་ཉིད་ཀྱི་ཁུལ་དེ་ཆེས་དྲག་ཅིང་། མཐའ་གཉིས་ཞན་པ་ཡིན། མིག་གིས་མྱོང་ཐུབ་པའི་ཆེས་གསལ་བའི་འོད་དེ་ཁ་དོག་སེར་པོ་ཡིན། དེ་ཉིད་ཉི་འོད་ཀྱི་ཁྱབ་འགྱེད་ཆེས་དྲག་པའི་རྩེ་མོའི་ཁུལ་དུ་ཡོད་པའི་ཕྱིར་རོ། །
ང་ཚོས་མུ་མཐུད་དུ་འདྲི་རྨེད་བྱེད་སྲིད་དེ། འོ་ན། རླབས་ཐག་༥༩༠་དང་ཉེ་བ་ཅན་ཁོ་ནས་སེར་པོའི་མྱོང་བ་སྐྱེད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རླབས་ཐག་ཐེར་ཤས་སྨི་༧༦༠་ཅན་གྱི་འོད་རླབས་ཀྱིས་དམར་པོ་སྐྱེད་པར་བྱེད་ལ། རླབས་ཐག་ཐེར་ཤས་སྨི་༥༣༥་ཅན་གྱི་འོད་རླབས་ཀྱིས་ལྗང་ཁུ་སྐྱེད་པར་བྱེད། འོད་རླབས་དམར་པོ་དང་འོད་རླབས་ལྗང་ཁུ་གཉིས་བསྡུར་ཚད་ངེས་ཅན་ཞིག་གི་ཐོག་ནས་འདྲེས་པར་གྱུར་པ་ལས་འོད་རླབས་སེར་པོ་འབྱུང་ཞིང་། དེ་དང་ཐེར་ཤས་སྨི་༥༩༠་ཅན་ལས་བྱུང་བའི་སེར་པོ་གཉིས་ལ་མྱོང་བའི་ཐོག་ནས་ཁྱད་པར་མེད་ཅེས་ཟེར་རོ། །
དབྱིན་ཇིའི་དངོས་ཁམས་རིག་པ་པ་ཕའེ་ཐིར་རའོ་སེལ་(Peter RuSSell)ཞེས་པ་ན་རེ།(From Science to God)དཔེར་ན། ལྗང་ཁུ་ལ་མཚོན་ན། བེམ་པོའི་འཇིག་རྟེན་གྱི་ནང་དུ་འོད་ལ་འདར་ཚད་མི་འདྲ་བ་ཡོད་ཀྱང་། འོད་རང་ཉིད་ལྗང་ཁུ་མ་ཡིན་ལ། ང་ཚོའི་མིག་གིས་ཀླད་ཆེན་ལ་བཏང་བའི་གློག་རྡུལ་གློག་འཕར་ལའང་ཁ་དོག་མེད་དོ། །ང་ཚོས་མཐོང་བའི་ལྗང་ཁུ་དེ་ནི་རྣམ་ཤེས་ཀྱིས་བསྐྲུན་པའི་རྫས་ཤིག་སྟེ། ཀླད་པའི་མྱོང་བའི་ནང་ཁོ་ནར་ཡོད་པ་ཞིག་རེད་ཅེས་ཟེར་རོ། །དེ་བཞིན་དུ་ཨ་རིའི་དངོས་ཁམས་རིག་པའི་ དགེ་རྒན་དང་དངོས་ཁམས་རིག་པའི་གཞུང་དུ་མའི་རྩོམ་པ་པོ་ཕོལ་ལྗེ་ཧེ་ཝེད་(Paul G.Hewit"ཅེས་པས་བརྩམས་པའི་དངོས་ཁམས་རིག་པའི་འདུ་ཤེས་(Conceptual Physics)ཞེས་པའི་དེབ་ལས། རྒྱ་སེ་མེ་ཏོག་ནི་དམར་པོ་དང་། མུ་མེན་སྔོན་པོ་ཡིན། རི་མོ་མཁན་དག་ཁ་དོག་ལ་སྤྲོ་བ་ཡོད་ཅིང་། དངོས་ཁམས་ རིག་པ་པ་དག་ཀྱང་ཁ་དོག་ལ་མཚར་སྣང་ཡོད། དངོས་ཁམས་རིག་པ་པ་ལ་མཚོན་ན། ཁ་དོག་ནི་བེམ་གཟུགས་རང་ཉིད་ཀྱི་ངོ་བོའི་ཐོག་ཏུ་ཡོད་པ་མ་ཡིན་ལ། ལྟ་མཁན་གྱི་མིག་ནང་དུ་ཡོད་པ་ཡིན་ཏེ། བེམ་གཟུགས་ལས་འཕྲོས་པའམ་ལྡོག་འཕྲོ་བྱས་པའི་འོད་འདར་ཚད་གང་རུང་ཅན་ཞིག་གིས་བསྐྱེད་པའི་མྱོང་བ་ཞིག་ཡིན། རྒྱ་སེ་མེ་ཏོག་གིས་འདར་ཚད་གང་རུང་ཅན་གྱི་འོད་ཅིག་ང་ཚོའི་མིག་ནང་དུ་སྤྲོས་པ་ན་ང་ཚོས་དམར་པོ་མཐོང་བ་ཡིན།འདར་ཚད་གཞན་པ་ཅན་གྱི་འོད་ཀྱིས་ང་ཚོ་ལ་ཁ་དོག་གཞན་པ་མཐོང་བའི་མྱོང་བ་སྐྱེད་པར་བྱེད། འདི་ལྟ་བུའི་འདར་ཚད་ཅན་གྱི་འོད་དེ་དག་ཁ་དོག་སྣ་ཚོགས་སུ་མཐོང་ཐུབ་མིན་ནི། མིའམ་དུད་འགྲོ་སོ་སོའི་མིག་ཀླད་མ་ལག་ལ་རག་ལས་པ་ཡིན་ཏེ། སྲོག་ཆགས་མང་པོ་ཞིག་གིས་རྒྱ་སེའི་དམར་པོ་མཐོང་མི་ཐུབ་ཅིང་། མི་མདོག་རྨོངས་ཀྱིས་ཀྱང་དམར་པོ་མྱོང་མི་ཐུབ་ཞེས་ཟེར་རོ། །
༡༩༦༣་ལོར་ནོ་པེལ་ལུས་ཁམས་རིག་པ་དང་གསོ་བ་རིག་པའི་བྱ་དགའ་འཐོབ་མཁན། དབང་རྩ་ལུས་ཁམས་རིག་པའི་ཚན་རིག་པ་ལྗོན་ཨེ་ཁུལ་སི་(John Eccles)ཞེས་པ་ན་རེ། རང་བྱུང་ཁམས་ཀྱི་འཇིག་རྟེན་ན་ཁ་དོག་མེད་ཅིང་། སྒྲ་མེད། འདི་རིགས་ཀྱི་དངོས་པོ་ཐམས་ཅད་གཏན་ནས་མེད། རྒྱུ་སྤུས་མེད་ཅིང་། དབྱིབས་མེད། མཛེས་པ་མེད། དྲི་མེད་དེ། དོན་འདི་དག་ཁྱོད་ཅག་གིས་རྟོགས་པར་ངས་རེ་བ་བྱེད་པ་ཡིན་ཞེས་ཟེར་བ་བཞིན་ནོ། །
འོ་ན་འོད་རླབས་ལ་ཁ་དོག་མེད་ན་མིའི་མིག་ནང་དུ་ཁ་དོག་སྣ་ཚོགས་པ་ཇི་ལྟར་བྱུང་བ་ཡིན་ཞེ་ན། འོད་ཀྱི་རླབས་ཐག་རིང་ཐུང་མི་འདྲ་བའི་དབང་གིས་བྱུང་བ་ཡིན་ཞེས་ཟེར་ཏེ། རླབས་ཐག་ཅེས་པ་ནི། དཔེར་ན་ཆུ་རླབས་སྔ་ཕྱི་མང་པོ་བྱུང་བ་ན། རླབས་སྔ་མའི་རླབས་སྒང་ངམ་རླབས་ཀྱི་རྩེ་མོ་དང་ཕྱི་མའི་རྩེ་མོ་གཉིས་ཀྱི་བར་ཐག་གམ་རླབས་སྔ་མའི་རླབས་མཐིལ་ལམ་རླབས་ཀྱི་གཤོང་དང་ཕྱི་མའི་དེ་གཉིས་ཀྱི་བར་ལ་ཟེར་རོ།།
འོད་རླབས་ཀྱི་རླབས་ཐག་རིང་ཐུང་མི་མཉམ་པའི་དབང་གིས་མིའི་མིག་ཏུ་ཁ་དོག་སྣ་ཚོགས་པར་སྣང་ཞིང་། འོད་རླབས་མང་པོ་ཞིག་ནི་མིའི་མིག་གིས་གཏན་ནས་མི་མཐོང་ངོ་།། མིའི་མིག་གིས་མཐོང་ཐུབ་པའི་འོད་ནི། འོད་རླབས་ཀྱི་རླབས་ཐག་ཐེར་ཤྭས་སྨི་(nm)༤༠༠་ནས་༧༠༠་ཙམ་གྱི་བར་ཡིན་ཏེ། གཞན་པ་རྣམས་ནི་མཐོང་མི་ནུས་སོ། །མཐོང་རུང་འོད་འདི་ལས་རླབས་ཐག་རིང་ཞིང་འདར་ཚད་དམའ་བ་རྣམས་ནི། དམར་ཕྱིའི་འོད་དང་སྐུད་མེད་གློག་རླབས་ཡིན་ཞིང་། མཐོང་རུང་འོད་ལས་རླབས་ཐག་ཐུང་ཞིང་འདར་ཚད་མཐོ་བ་ ནི། སྨུག་ཕྱིའི་འོད། ཨེ་ཁི་སི་འཕྲོ་ཐིག། གྷེ་མའི་འཕྲོ་ཐིག་བཅས་ཡིན། མིའི་མིག་གིས་མཐོང་ཐུབ་པ་ནི། འོད་རླབས་ཀྱི་དབུས་ན་གནས་པའི་དུམ་བུ་ཧ་ཅང་ཆུང་ངུ་ཞིག་ཡིན་གྱི། རླབས་ཐག་རིང་ཆེས་པའམ་འདར་ཚད་དམའ་ཆེས་པ་དང་། རླབས་ཐག་ཐུང་ཆེས་པའམ་འདར་ཚོད་མཐོ་ཆེས་པ་རྣམས་ནི་མཐོང་མི་ཐུབ་བོ། ། མཐོང་རུང་འོད་ཀྱི་རླབས་ཐག་ཐེར་ཤས་སྨི་༤༠༠་ཙམ་ནས་༧༠༠་ཙམ་བར་གྱི་རླབས་ཐག་དེས་མི་རྣམས་ཀྱི་མིག་ལམ་དུ་ཁ་དོག་དམར་པོ་ནས་སྨུག་པོའི་བར་གྱི་བདུན་པོ་སོ་སོར་སྣང་བར་བྱེད་དེ། དཔེར་ན། འོད་ཀྱི་རླབས་ཐག་ཐེར་ཤས་སྨི་༦༢༥་ནས་༧༤༠་བར་ཙམ་དང་། འདར་ཚད་ཧེར་ཙེ་(Hz)༤༨༠་ནས་༤༠༥་བར་ཙམ་གྱིས་མི་རྣམས་ཀྱི་མིག་ལ་ཁ་དོག་དམར་པོ་སྣང་བར་བྱེད་པ་ནས་རླབས་ཐག་ཐེར་ཤས་སྨི་༣༨༠་ནས་༤༤༠་བར་ཙམ་དང་།འདར་ཚད་ཧེར་ཙེ་༧༩༠་ནས་༦༨༠་བར་ཙམ་ཡིན་པའི་འོད་ཀྱིས་མི་རྣམས་ཀྱི་མིག་ལ་ཁ་ དོག་སྨུག་པོ་སྣང་བར་བྱེད་པའི་བར་དུ་སྟེ། ཞིབ་པར་རེའུ་མིག་གི་ནང་དུ་བཀོད་པ་ལྟར་རོ། ། ཧེར་ཙེ་ཞེས་པ་ནི། འཇར་མན་གྱི་ཚན་རིག་པ་ཞིག་གི་མིང་ལས་བཏགས་པ་སྟེ། དེའི་དོན་ནི་སྐར་ཆ་༡་གི་ནང་ དུ་གཡོ་འདར་ཆ་ཚང་ཅི་ཙམ་འབྱུང་བའི་གྲངས་ཚད་དེ། དཔེར་ན། ཧེར་ཙེ་༡་ནི་སྐར་ཆ་༡་གི་ནང་དུ་གཡོ་ འདར་ཆ་ཚང་ཐེངས་༡་བྱེད་པ་ལྟ་བུའོ། །ཐེར་ཤས་སྨི་ཞེས་པ་ནི། སྨི་༡་གི་རིང་ཚད་དེ་ཐེར་འབུམ་༡་གམ་དུང་ ཕྱུར་༡༠་ལ་བགོས་པའི་ཆ་༡་གི་རིང་ཚད་དོ། །
མིའི་མིག་གིས་མཐོང་ཐུབ་པའི་འདར་ཚད་ཆེས་དམའ་བའི་འོད་ནི་འོད་དམར་པོ་ཡིན་ལ། འདར་ཚད་ཆེས་མཐོ་བའི་འོད་ནི་འོད་སྨུག་པོ་ཡིན་ཏེ། ཧ་ལམ་དམར་པོའི་ཉིས་འགྱུར་ཡིན། མཐོང་རུང་འོད་དམར་པོ་ལས་ཀྱང་འདར་ཚད་དམའ་བ་ལ་དམར་ཕྱིའི་འོད་ཅེས་བྱ་ཞིང་།མཐོང་རུང་འོད་སྨུག་པོ་ལས་ཀྱང་འདར་ཚད་མཐོ་བ་ལ་ནི་སྨུག་ཕྱིའི་འོད་ཅེས་བྱའོ། །
དེ་དག་དོན་ལ་ཡོད་ཀྱང་མིའི་མིག་གིས་མཐོང་མི་ཐུབ་པའི་འོད་ཡིན་ནོ། ། དེ་ལྟར་ཁ་དོག་ནི་མིག་གམ་ཀླད་པའི་ནང་དུ་གློག་སྡུད་རླབས་ཀྱི་འདར་ཚད་མི་འདྲ་བའི་དབང་གིས་སྣང་བ་ཙམ་ཞིག་ཡིན་གྱི། ཕྱི་རོལ་དོན་གྱི་ཐོག་ན་གཞི་ནས་མ་གྲུབ་ཅེས་པ་འདི་ཚན་རིག་པ་རྣམས་ཀྱི་འདོད་པ་ཡིན་ལ། འཇིག་རྟེན་ཕལ་བ་རྣམས་ཀྱིས་ནི། རང་གི་མིག་གམ་ཀླད་པའམ་ཤེས་པའི་ནང་དུ་སྣང་བའི་ཁ་དོག་སྣ་ཚོགས་པ་དེ་རྣམས་ཕྱི་རོལ་གྱི་བེམ་པོའི་འཇིག་རྟེན་འདིའི་ཆ་ཤས་ཤིག་ཏུ་བདེན་པ་ཡིན་པར་བཟུང་ནས་ནམ་རྒྱུན་དེ་ལ་ཆགས་སྡང་དང་བླང་དོར་སྣ་ཚོགས་བྱེད་ཅིང་། ཚན་རིག་པ་རྣམས་ཀྱིས་ཀྱང་དངོས་བརྟག་གི་ལམ་ནས་ཁ་དོག་དོན་ལ་མེད་པར་ཤེས་ཀྱང་འཚོ་བའི་ནང་དུ་འཇིག་རྟེན་ཕལ་བ་རྣམས་བཞིན་དུ་ཁ་དོག་གི་ཆེད་དུ་ཆགས་སྡང་བླང་དོར་བྱེད་པ་ཡིན་ནོ། །
དེ་ལྟར་དངོས་ཁམས་རིག་པའི་འདོད་པ་མདོར་བསྡུས་ཤིག་བརྗོད་པ་སྔོན་དུ་སོང་ནས་སྐབས་སུ་བབ་པའི་ཤེས་པར་བྱ་བ་གལ་ཆེ་བ་ནི། སྟོང་པ་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ། སྣང་བ་སེམས་ཀྱི་རང་བཞིན་ཞེས་པ་འདི་རྣམས་ཡིན་ཏེ། ཐོག་མར་སྟོང་པ་ཉིད་ཅེས་པ་འདི་ནང་པའི་ཆོས་ལ་ཆེད་དུ་སློབ་གཉེར་དང་ཉམས་ལེན་བྱེད་པའི་མི་སྐོར་གཅིག་ལས་གཞན་པའི་མི་ཕལ་མོ་ཆེ་ཞིག་གིས་བློ་ཡུལ་དུ་འཆར་བདེ་བའི་གོ་བ་ལེགས་པོ་ཞིག་ལེན་ཐུབ་པ་དཀའ་བར་འདུག་མོད། ཁ་དོག་གི་སྣང་ཚུལ་འདིའི་ཐོག་ནས་བསམས་ན་གསལ་པོར་ཤེས་ཐུབ་སྟེ། མེ་ཏོག་གི་སྐྱེད་མོས་ཚལ་ཞིག་ཏུ་སོང་ནས་བལྟས་ན། ཁ་དོག་སྣ་ཚོགས་ཁྲ་ལམ་མེར་བཀྲ་བའི་མེ་ཏོག་གི་ཚོགས་འདིའི་ལོ་མ་ལྗང་ཁུ་དང་། འདབ་མ་དམར་པོ། ཟེའུ་འབྲུ་སེར་པོ་སོགས་འདི་དག་མེ་ཏོག་རང་གི་ཁ་དོག་དང་། བདེན་པ་བསླུ་མེད། རང་རེའི་མིག་གིས་བལྟས་རུང་མ་བལྟས་རུང་གནས་དེ་ཉིད་དུ་སྔར་ནས་ཡོད་པའི་རྫས་ཤིག་ད་ལྟ་རང་གིས་གསར་དུ་མཐོང་བ་ཡིན་པ་གཞིར་བཞག་བྱེད་པ་ལས་དེ་ལ་ཐེ་ཚོམ་བྱེད་མཁན་སུ་ཡང་མེད། དེའི་ཚེ་ཁ་དོག་སྣ་ཚོགས་པ་འདི་དག་དོན་ལ་མེད་ཅེས་སྨྲས་ན་སུས་ཀྱང་བློ་ཡུལ་དུ་ཤོང་དཀའ་སྟེ། འདི་ལ་ལྷན་སྐྱེས་ཀྱི་བདེན་འཛིན་ཞེས་བྱའོ། ། ད་ལྟ་མེ་ཏོག་གི་ཁ་དོག་སྣ་ཚོགས་པ་འདི་དག་མིག་ལ་སྣང་བ་ཙམ་ལས་མེ་ཏོག་གི་ཐོག་ཏུ་ཡེ་ནས་ཡོད་མ་མྱོང་བར་ཤེས་པ་ན། མེ་ཏོག་གི་ཁ་དོག་སྟོང་པ་ཉིད་དུ་རྟོགས་པ་ཡིན། དེ་ལ་ཞིབ་ཏུ་ཕྱེ་ན། མེ་ཏོག་ལ་ཁ་དོག་གཞི་ནས་མེད་ཀྱང་མིག་ལ་ཁ་དོག་སྣ་ཚོགས་པ་གསལ་བར་སྣང་བ་འདི་ལ་སྣང་བ་ཞེས་བྱ། མིག་ལ་ཇི་ལྟར་བདེན་པ་བསླུ་མེད་ལྟར་དུ་སྣང་ཡང་རུང་མེ་ཏོག་ལ་ཁ་དོག་ཡེ་ནས་ཡོད་མ་མྱོང་བ་དེ་ལ་སྟོང་པ་ཉིད་ཅེས་བྱ། མེ་ཏོག་གི་ལོ་མ་ལ་ལྗང་ཁུ་མེད་ཀྱང་མེད་བཞིན་དུ་མིག་ལ་ལྗང་ཁུར་སྣང་བ་དང་། མིག་ལ་ལྗང་ཁུར་སྣང་ཡང་སྣང་བཞིན་དུ་མེ་ཏོག་ལ་ལྗང་ཁུ་ཡེ་ནས་མེད་པ་འདི་གཉིས་རྫས་གཅིག་གི་ཐོག་ཏུ་འགལ་མེད་དུ་གནས་པ་ལ་སྣང་སྟོང་ཟུང་དུ་འཇུག་པ་ཞེས་བྱའོ། །
དེ་ལྟ་ན་ཡོལ་བའི་ཕག་ཏུ་ཡོད་པའི་མེ་ཏོག་དང་གོས་སྒྲོམ་གྱི་ནང་དུ་ཡོད་པའི་གོས་ལ་ཁ་དོག་གཞི་ནས་མེད་ཅིང་། ནམ་ཡོལ་བ་དང་གོས་སྒྲོམ་གྱི་ཁ་ཕྱེ་བ་ན་ད་གཟོད་ཁ་དོག་ཅན་དུ་གྱུར་པ་ཡིན་པར་ཤེས་དགོས། །འོན་ཀྱང་གོ་དོན་འདི་ང་ཚོའི་རྒྱུན་ཤེས་དང་གཞི་ནས་འགལ་བས་ཁས་ལེན་བྱ་དཀའ་ཡང་། ཁས་མི་ལེན་ཐབས་མེད་ཡིན་ཏེ། ནང་པ་སངས་རྒྱས་པའི་རིགས་པ་ཁོ་ནར་མ་ཟད་དངོས་ཁམས་རིག་པ་ཡན་ཆད་ཀྱིས་གྲུབ་པའི་གནས་ལུགས་ཤིག་ཡིན་པའི་ཕྱིར་རོ། །དེ་ལྟར་ཁ་དོག་གི་གནས་ཚུལ་འདི་སྣང་མེད་དུ་མི་འཇོག་པར་འདིའི་ཐོག་ནས་ཞིབ་ཏུ་བསམས་ན་གོ་བ་ལེགས་པོ་ལེན་རྒྱུ་ཡོད་དོ། །