དིང་རིར་འཁྲེང་བའི་སེམས་པ།

政务   2025-01-25 11:35   西藏  




དིང་རིར་འཁྲེང་བའི་སེམས་པ།


རྩོམ་པ་པོ། བཀྲ་ཤིས་ཚེ་རིང་།

གྱེར་འདོན། ཚེ་སྒྲོན།




འདུས་བྱས་མི་རྟག་ནམ་འཆི་ཆ་མེད་འཇིག་རྟེན་གཤིས་སུ་གྲུབ་ན་ཡང་། །

གློ་བུར་ཐོག་རྒྱག་མི་འདོད་ཆག་སྒོ་མགོ་ཐོག་བབས་འདི་སྐྱོ་རང་དྲགས། །

གཏན་གྱི་གཞི་མ་གཅེས་པའི་ཕ་ཡུལ་མི་སྲུན་གཡོ་འགུལ་དྲག་པོས་སྐྱོམ། །

ཁང་ཁྱིམ་དྲོན་མོའི་བདེ་ལ་འཁོད་པའི་ལྷིང་འཇགས་གོ་ཁ་དེ་མུར་དཀྲུག །


ཀ་བས་བཏེགས་པའི་དྲོ་སྐྱིད་ཁང་ཁྱིམ་ས་ཡོམ་གདོན་གྱིས་མགོ་རྟིང་སློག །

ཁ་ཁོག་མཐུན་པའི་ཕ་མ་སྤུན་མཆེད་ཞིག་རལ་ཐལ་རྔུལ་ཁྲོད་དུ་འཐིམ། །

ག་ཞ་བཞད་གད་འཁྱིལ་བའི་ཡུལ་ལུང་སྡུག་གི་སྨྲེ་ངག་ངུ་འབོད་ཁྱབ། །

ང་ཁྱོད་ཁྱད་མེད་གོད་ཆག་བཙན་པོའི་ཕམ་ཁ་མྱོང་བར་ཡིད་རེ་སྐྱོ། །


ཅ་ག་དག་པའི་མི་ལུས་རིན་ཆེན་མི་རྟག་འཇིག་པའི་ཁུར་གྱིས་གནོན། །

ཆ་ཡ་མ་བྲལ་གཏན་དུ་འགྲོགས་པའི་ཕ་མ་བཟའ་ཚང་ལོགས་སུ་གྱར། །

ཇ་ཆང་ལོངས་སྤྱོད་སྐྱིད་ལ་རོལ་བའི་ཞི་འཇམ་འཚོ་བ་དུམ་སེ་བཅད། །

ཉ་མོ་ཆུ་བྲལ་སྐམ་སར་ལུས་འདྲའི་བདེ་བའི་བགོ་བསྐལ་རིང་དུ་ཤོར། །


ཏ་ལེར་ཡིད་ལ་ཡང་ཡང་སྒོམ་པའི་ཕ་ཁྱིམ་ཡུལ་གཞིས་ལྟ་མི་བཟོད། །

ཐ་རམ་གྲང་བའི་དགུ་གསུམ་ཁ་ལ་མི་ཤི་ཁྱིམ་སྟོང་གོད་ཆག་བསྣན། །

ད་ནངས་ལངས་ཁའི་གོད་ཆག་དེ་ནི་མདང་ནུབ་མལ་གྱི་རྨི་ལམ་འདྲ། །

ན་སོ་རྒན་གཞོན་ཕོ་མོ་དབྱེར་མེད་མ་རུང་འཇིགས་པས་ཧོན་རེ་འཐོར། །


པ་ལོར་རྩེ་དམར་རབ་ཏུ་བརྒྱན་པའི་ཕོ་གཞོན་ཀ་གདུང་འདྲ་བ་ཡང་། །

ཕ་གཞིས་བརླག་པའི་ཤུལ་དུ་མ་བཟོད་སྡུག་གི་མཆི་མ་ཡང་ཡང་ལྷུང་། །

བ་གམ་ཁང་བཟང་ཞིག་རོར་གྱུར་ལ་བསགས་པའི་ནོར་རྫས་འོག་ཏུ་སྦས། །

མ་འདོད་གེགས་བར་འདི་འདྲ་ངན་པ་བསམ་པའི་ཡུལ་ལ་འཁོར་མ་མྱོང་། །


ཙ་རེ་བ་ཞིག་མུ་ནས་མུ་མཐུད་རོགས་སྐྱོར་ཕྱག་ཟུང་ཀུན་ནས་བརྐྱངས། །

ཚ་བའི་རེག་བྱ་གཤིས་སུ་ལྡན་པའི་བརྩེ་སེམས་དྲོན་མོས་ཀུན་ནས་སྐྱོང་། །

ཛ་དྲག་རོགས་སྐྱོབ་ལས་ལ་འཇུག་མིས་ཉིན་དང་མཚན་གྱི་དབྱེ་བ་སྤངས། །

ཝ་ལེར་གཞན་ཕན་བླ་མེད་བསམ་པས་བྱམས་དང་སྙིང་རྗེའི་རྒྱུན་དག་སྐྱོང་། །


ཞ་གི་ཞིག་གིའི་ཁང་རོའི་ཁྲོད་ནས་རྩ་ཆེའི་མི་ལུས་རིན་ཆེན་བསྐྱབས། །

ཟ་རི་ཟི་རིའི་ཁྲལ་འཁྱོལ་མིན་པར་ལྷག་བསམ་དག་པོས་སྨན་བཅོས་བྱེད། །

འ་རི་འུར་རིའི་རོགས་རམ་ཁྲོད་ནས་སྤུན་ཟླའི་བརྩེ་སེམས་བླ་ལྷག་མངོན། །

ཡ་མེ་ཡོམ་མེའི་ཡོམ་འཕྲོ་མང་ཡང་ཞུམ་མེད་གཞན་ཕན་ལས་ལ་གཞོལ། །


ར་བ་གངས་རིའི་གཙུག་གི་རྒྱན་མཆོག་ཇོ་མོ་གླང་མ་མ་འགྱུར་ན། །

ལ་སྟོད་ལྷོ་ཡི་དིང་རི་བ་རྣམས་དཔའ་གཉའ་ཞུམ་པའི་མགོ་མི་སྒུར། །

ཤ་ཟད་རུས་ལ་ཐུག་དགོས་བྱུང་རུང་རྣམ་པར་རྒྱལ་བའི་གདེང་སྐྱེ་ཤོག །

ས་ཐག་རྒྱང་བའི་དིང་རི་བ་རྣམས་ཐམས་ཅད་བདེ་བའི་སྨོན་ལམ་ཡོད། །


ཧ་ཅང་སེམས་གདུང་རབ་ཏུ་ཆེ་ཡང་གདུང་བ་ཤུགས་སུ་སྒྱུར་བར་འོས། །

ཧ་ལས་གོད་ཆག་སྡུག་རྩུབ་རྒོད་ཀྱང་བློ་སྟོབས་སྙིང་རུས་སྐྱེ་ཤོག་ཨང་། །

ཨ་ཁ་ཁ་ཞེས་བློ་ཕམ་སྐྱུར་ནས་སེམས་ནུས་གཅིག་ཏུ་སྒྲིལ་ཤོག་ལགས། །

ཨ་ཙི་དིང་རིའི་གོད་ཆག་དྲན་ནས་སྐྱོ་གདུང་སེམས་ཉིད་ཡང་ཡང་འཁྲེང་། །

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章