ཨུ་ཡུག་དམག་འཁྲུག་དང་རྒྱལ་སྤྱིའི་གསར་འགྱུར་གཞན།
2024/11/7
གཟའ་ཕུར་བུ།
ནང་དོན་གཙོ་བོ།
དེ་རིང་ཞོགས་པ་ཨུ་རུ་སུའི་དམག་གིས། ཡུག་རེན་གྱི་རྒྱལ་ས་ཁེ་ཝུའི་ཕྱི་ནང་ལ་སྒྲི་རོན་གྱིས་གཏོར་རྒོལ་དྲག་པོ་བྱས། ཁང་བརྩེགས་འགའ་ལ་གཏོར་སྐྱོན་ཆེན་པོ་བཟོས། གཞན་ཡང་སུ་མེ་མངའ་སྡེ་དང་། ཁར་སོན། ཨོ་རྡ་ས་མངའ་སྡེ་བཅས་ལ་ཚུར་རྒོལ་དྲག་པོ་བྱས། ཐེངས་འདིར་མི་སེར་ 2 བསད་ཅིང་ 13 རྨས།
ཁ་སང་ཡུག་རེན་དམག་གིས། ཀ་སི་པེན་མཚོ་ Caspian Sea ཡི་ནང་དུ་ཡོད་པའི་ཨུ་རུ་སུའི་མཚོ་དམག་གི་གྲུ་ཁར་གཏོར་རྒོལ་གྱིས། འཐབ་འཛིང་གྲུ་གཟིངས་ 2 ལ་གཏོར་རྒོལ་ཐེབས་ཟིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་གནས་ཚུལ་གསར་བ་ཐོན་པ་ལྟར་ན། མཚོ་ཁ་དེ་ནི་ཨི་རན་གྱིས་ཨུ་རུ་སུར་མཚོན་ཆ་སྐྱེལ་སའི་ལམ་ཀ་ཞིག་ཡིན་པ་བཤད།
པོ་ལི་ཀྲི་ཀོ་གསར་ཤོག་གིས་ཨ་རིའི་ཆེས་མཐོའི་ལས་བྱེད་2 ཀྱི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། འབྱུང་འགྱུར་སྒྲོ་ནལ་ ཁྲི་རམ་ཕུའི་སྲིད་བྱུས་གང་འདྲ་ཞིག་འཛིན་ཚོད་ཐིག་དཀའ་བས། ཁོ་སྲིད་སྟེགས་སུ་མ་བསླེབས་སྔོན། བྷ་ཀྲན་སྲིད་གཞུང་གིས་ཡུག་རེན་ལ་དམག་དོན་རོགས་སྐྱོར། ཨ་སྒོར་ཐེར་འབུམ་ $6 གི་རིན་ཐང་མགྱོགས་པོར་གཏོང་ཐབས་བྱ་རྒྱུའི་འཆར་གཞི་སྒྲིག་བཞིན་པའི་གནས་ཚུལ་ཐོན།
ད་ལོའི་ཕྱི་ཟླ་ 4 ནང་ཨ་རིའི་གྲོས་ཚོགས་ཀྱིས། ཡུག་རེན་ལ་རོགས་སྐྱོར་ཨ་སྒོར་ཐེར་འབུམ་ $61 ཆོག་མཆན་སྤྲད་ཟིན་པ་ལྟར། དངུལ་སྒོར་དེ་དག་ནི་རོགས་སྐྱོར་སྡེ་ཁག་མང་པོར་བགོས་ཤིང་དུས་ཚོད་འདྲ་མིན་གྱི་ནང་དབྱེ་ཟིན། ལྷག་པར་གྲོས་ཚོགས་ཀྱིས་སྲིད་འཛིན་བྷ་ཀྲན་ལ། དགོས་མཁོ་བྱུང་ན་ཐད་ཀར་གཏོང་ཆོག་རྒྱུ་བཟོས་ཡོད་པའི་ཁྲོད་ནས། ད་ལྟ་ཨ་སྒོར་ཐེར་འབུམ་ $4.3 ལས་ལྷག་མེད་པ་དང་། དེའི་སྔོན་དུ་གཏོང་རྒྱུ་ལྷག་ཡོད་པ་ཨ་སྒོར་ཐེར་འབུམ་ $2.8 ཡོད་པ་བཤད། ཡིན་ན་ཡང་། དེ་འདྲའི་མཚོན་ཆ་ཕོན་ཆེན་ཞིག་དུས་ཚོད་ཐུང་ངུའི་ནང་གཏོང་ཐུབ་མིན་དོགས་པ་བྱེད།
ཁ་སང་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པེ་སི་ཀོ་ཝི་ཡིས། ཨ་རི་ནི་དམག་འཁྲུག་ཁྲོད་འཛུལ་ནས་ཨུ་རུ་སུར་རྒོལ་བཞིན་པ་དང་། ཨུ་རུ་སུ་གྲོགས་པོའི་སར་འཇོག་མཁན་གྱི་རྒྱལ་ཁབ་ཅིག་མིན་པས། ཕུ་ཀྲན་གྱིས་གསར་དུ་བདམ་པའི་ཨ་རིའི་སྲིད་འཛིན་སྒྲོ་ནལ་ ཁྲི་རམ་ཕུ་ལ་འཚམས་འཕྲིན་སྐུར་རྒྱུ་ཡིན་མིན་མི་ཤེས་ཞེས་བཤད། དེའི་རྗེས་ཨུ་རུ་སུའི་རང་དབང་གསར་ཁང་ Verstka ཡིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཀྲན་གྱིས་ཐད་ཀར་ཁྲི་རམ་ཕུ་ལ་ཁ་པར་མ་བཏང་ཡང་། ངོ་ཤེས་ཤིག་བརྒྱུད་ནས་འཚམས་འདྲི་ཞུས་ཟིན་པ་བཤད།
དེ་བཞིན་ཨུ་རུ་སུའི་གྲོས་ཚོགས་ཚོགས་གཙོ་དང་། ཕྱི་སྲིད་བློན་ཆེན་སར་གྷེ་ལ་ཝི་རོ་སོགས་ཆེས་མཐོའི་མི་སྣ་མང་པོས། ཐད་ཀར་མ་ཡིན་པའི་ངང་སྒྲོ་ནལ་ ཁྲི་རམ་ཕུ་ལ་འཚམས་འཕྲིན་བསྐུར་ཟིན་པའི་གནས་ཚུལ་ཐོན།
ཝོལ་ སི་ཀྲི་རི་ཀྲི་གསར་དེབ་ཀྱིས། ཨ་རིའི་འདེམས་ཐོན་སྲིད་འཛིན་སྒྲོ་ནལ་ ཁྲི་རམ་ཕུའི་ཉེ་འཁོར་གྱི་མི་ 3 གྱི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། ཨུ་རུ་སུ་དང་ཡུག་རེན་དམག་འཁྲུག་མཇུག་བསྡུ་ཆེད། ཨུ་རུ་སུ་དང་ལྷན་ཞི་གྲོས་ཀྱི་ཆ་རྐྱེན་ཁྲོད། ཡུག་རེན་འབྱུང་འགྱུར་ལོ་ངོ་ 20 ཡི་རིང་ནུབ་ཆིངས་ཀྱི་ཁོངས་སུ་འཇུག་རྒྱུ་མིན་པའང་ཚུད་པའི་གནས་ཚུལ་ཞིག་ཐོན། ཁྲི་རམ་ཕུས། ཁོས་དམག་འཁྲུག་འདི་ཆུ་ཚོད་ 24 ནང་མཇུག་བསྡུ་ཐུབ་པ་ཤོད་ཀྱིན་ཡོད། ཡིན་ན་ཡང་། དེའི་ཐབས་ལམ་དང་ཆ་རྐྱེན་འདི་ཡིན་ཞེས་ད་ལྟ་བར་གསལ་བོར་བཟོས་མེད།
ཁ་སང་ལྷོ་ཀོ་རེ་ཡའི་སྲིད་འཛིན་ཡོན་སོག་ཡོལ་གྱིས། ཨ་རིའི་འདེམས་ཐོན་སྲིད་འཛིན་ཁྲི་རམ་ཕུ་ལ་ཁ་པར་བརྒྱུད་འཚམས་འཕྲིན་སྐབས། ཁོ་གཉིས་ཀྱིས། བྱང་ཁོ་རེ་ཡའི་དམག་དོན་བྱ་འགུལ་དང་འཕུར་མདའི་ཚོད་ལྟ། ལྷག་པར་བྱང་ཁོ་རེ་ཡས་ཨུ་རུ་སུར་དམག་རོགས་བཏང་ཟིན་པའི་སྐོར་གླེང་མོལ་བྱས་ཡོད་པའི་གནས་ཚུལ་ཐོན། ཡིན་ན་ཡང་། ནང་དོན་ཞིབ་ཕྲ་ཕྱིར་མ་བསྒྲགས། སྒྲོ་ནལ་ ཁྲི་རམ་ཕུ་ལ་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས། ཡུག་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། ཡིག་ཐོག་ནས་འཚམས་འཕྲིན་བཏང་ཟིན་པ་དང་། དེའི་རྗེས་སུ་ཐད་ཀར་ཁ་པར་གྱི་ལམ་ནས་ཕན་ཚུན་གླེང་མོལ་བྱས་ཟིན་པའི་གནས་ཚུལ་ཐོན། ཛེ་ལན་སི་ཀེ་ཡིས། ངེད་གཉིས་ཀྱིས། ཕན་ཚུན་བར་མུ་མཐུད་གྲོས་མོལ་དང་། རྒྱལ་ཁབ་གཉིས་བར་མཉམ་ལས་བརྟན་དུ་གཏོང་རྒྱུར་གྲོས་མཐུན་ཡོད་ཅེས་དང་། གླེང་མོལ་འདི་ཧ་ཅང་ཡག་པོ་བྱུང་སོང་ཞེས་བཤད།
ཨེ་ཟི་རེལ་དང་ཧཱ་མ་སིའི་དམག་འཁྲུག
ཁ་སང་ཨེ་ཟི་རེལ་གྱི་དམག་དཔུང་གིས། ལེ་བྷ་ནོན་གྱི་རྒྱལ་ས་བྷེ་རུ་ཏི་གྲོང་ཁྱེར་དང་། བྷལ་བྷེག་གྲོང་ཁྱེར། བྷེ་ཀ་བཅས་ལ་མཁའ་ཐོག་ནས་གཏོར་རྒོལ་དྲག་པོའི་ཁྲོད། བྷལ་བྷེག་དང་བྷེ་ཀ་རུ་མི་ 40 བསད་ཅིང་ 53 རྨས་ཟིན་པ་ལེ་བྷ་ནོན་གྱི་འཕྲོད་བསྟེན་ལྷན་ཁང་གིས་བསྒྲགས།
བྷལ་བྷེག་ Baalbek ཟེར་བའི་ས་ཁུལ་འདིར། གནམ་བོའི་རོམ་དང་། ཨོ་ཏོ་མན་རྒྱལ་རབས་ Ottoman སྐབས་ཀྱི་ཤུལ་བཞག་རིག་དངོས་མང་ཡོད་པས། ཐེངས་འདིར་ཨོ་ཏོ་མན་སྐབས་ཀྱི་ཁང་པ་ཞིག་ལ་གཏོར་སྐྱོན་ཐེབས་ཟིན་པ་བཤད། ཡིན་ན་ཡང་། ཨེ་ཟི་རེལ་གྱི་དམག་དཔུང་གིས། ཐེངས་འདིར་ལྷེ་བྷ་ནོན་གྱི་ལྷོ་བྱང་ལ་གཏོར་རྒོལ་ཁྲོད། ཧེ་ཛི་བྷོ་ལ་དྲག་དཔུང་གི་དམག་མི་ 60 ཡས་མས་བསད། གོ་མཛོད་དང་སྡོད་གནས། འཕུར་མདའ་འཕེན་ས་སོགས་ལ་གཏོར་རྒོལ་བྱས་ཟིན་ཟེར།
རྒྱལ་སྤྱིའི་གསར་འགྱུར་གཞན་ཁག་ཅིག
ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་སུ། སྒྲོ་ནལ་ ཁྲི་རམ་ཕུ་ལ་འོས་གྲངས་ 294 ཐོབ་ཅིང་། ཀཱ་མ་ལ་ཧ་རེ་སི་ལ་འོས་གྲངས་ 223 ཐོབ། མི་འབོར་གྱི་ཆ་ནས་སྒྲོ་ནལ་ ཁྲི་རམ་ཕུ་ལ་རྒྱབ་སྐྱོར་མི་བྱེད་མཁན་བྱེ་བ་ 7 དང་ས་ཡ་ 2 ལས་བརྒལ། ཀཱ་མ་ལ་ལ་རྒྱབ་སྐྱོར་བྱེད་མཁན་བྱེ་བ་ 6 དང་ས་ཡ་ 7 ལས་བརྒལ་བས། འོས་གྲངས་སྤྱི་ལ་ཁྱད་པར་ཆེན་པོ་ཤོར། སྲིད་འཛིན་གསར་བའི་དམ་འབུལ་མཛད་སྒོ་དེ། ལོ་རྗེས་མའི་ཕྱི་ཟླ་ 1 ཚེས་ 20 ཉིན་ཡིན་པ་གཏན་འཁེལ་བྱས།