ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

文摘   2025-01-14 11:34   青海  


ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཟླ1ཚེས13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་དྲུག་པའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད།  ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ6.8བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཐོག་ཏུ་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་ཡོམ་འགོག་གནོད་སེལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དེས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བརྩེ་བ་ཟབ་མོ་གང་ལེགས་སྒོས་མཚོན་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་ལྷག་པར་དུ་གནོད་ཐེབས་ས་ཁུལ་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད།  བོད་ལྗོངས་ཕྱོགས་དང་འབྲེལ་མཐུད་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས་གནོད་འཚེའི་འགྱུར་ལྡོག་དང་གནོད་སེལ་འཕེལ་རིམ་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ཏེ། མ་དངུལ་དང་དངོས་རྫས། རོགས་སྐྱོར་སྟོབས་ཤུགས་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས།  ཚད་མཐའི་བསམ་བློ་དང་མཐར་ཐུག་གི་བསམ་བློ་བརྟན་པོ་འཛུགས་པ་དང་ས་ཡོམ་སོགས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡར་ཤུགས་སྣོན་པ།  འཕྲལ་སྡོམ་སྔོན་ཇུས་མ་ལག་དང་བཀོད་འདོམས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།  གནོད་སེལ་དངོས་རྫས་གྲབས་གསོག་དང་། ནུས་ཁུངས་འགན་ལེན། འགྲིམ་འགྲུལ་བདེ་འཇགས།  ཞིང་ཕྱུགས་ལས་ཐོན་སྐྱེད་སོགས་ཀྱི་ལས་དོན་སྣ་ཚོགས་ཏན་ཏིག་གིས་ཡག་པོར་བསྒྲུབ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། 2025ལོའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་གསར་སྐྲུན་རིག་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་།  མ་ལག་ཅན་དང་ཚན་རིག་རིག་པའི་ཞིབ་འཇུག་འཆད་འགྲེལ་གཏིང་ཟབ་ཏུ་བཏང་ནས། དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ལ་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་བསྐྲུན་དགོས།  དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་འོད་སྟོང་སྨྲ་བ་དར་སྤེལ་བྱེད་པ།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱེད་པ།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་གང་ལེགས་སྒོས་མངོན་པ་བཅས་བྱས་ཏེ། སྔོན་དཔག་སྔར་ལས་བརྟན་པོ་དང་ཡིད་ཆེས་སྔར་ལས་བརྟན་པོ་ཡོང་བར་བྱེད་དགོས།  གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱ་སྐྱེད་གཏོང་བ་དང་། དུས་ཐོག་ཏུ་དོ་ཁུར་ལ་ལན་འདེབས་པ་དང་དོགས་གཞི་སེལ་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་རྩོད་སྤེལ་བ་བཅས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཡུལ་ས་བརྟན་པོར་འཛུགས་དགོས། དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།  དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་སྔར་ལས་ཡག་པོར་འཁུར་དགོས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་པའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ཅུས་ཀྲང་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།  ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། ལས་བྱེད་པ་རྒན་པའི་ཆབ་སྲིད་ཀྱི་དགེ་མཚན་དང་། ཉམས་མྱོང་གི་དགེ་མཚན། དབང་གྲགས་ཀྱི་དགེ་མཚན་བཅས་འདོན་སྤེལ་ལེགས་པོ་བཅས་བྱས་ཏེ། ལས་བྱེད་པ་རྒན་པ་སྔར་ལས་མང་པོས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་སྐུལ་སློང་བྱེད་དགོས། བརྩེ་སེམས་ལ་བརྟེན་ནས་ལས་བྱེད་པ་རྒན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་པ་དང་།  ལས་བྱེད་པ་རྒན་པའི་བྱ་བའི་ལམ་སྲོལ་རྒྱུན་ཆད་མེད་པར་མཐུན་སྦྱོར་བྱས་ཏེ། ལས་བྱེད་པ་རྒན་པའི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐོར་ཞིབ་དག་ཐེར་ཡོ་བསྲང་དང་གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་གསལ་བོ་བཟོས་ཏེ།   གྲོང་ཚོར་སྐོར་ཞིབ་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི“སྦྲང་ནག་རུལ་སུངས”ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།  ད་ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་འགན་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ་དང་། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་ལས་དོན་ལ་གཞོགས་འདེགས་ལེགས་པོ་བྱེད་པ། རང་རྟོགས་ངང་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་པ། གནད་དོན་སྔར་ལས་གནད་འཁེལ་ཤེས་རྟོགས་བྱེད་པ།  གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱེད་དགོས།  སྐོར་ཞིབ་དག་ཐེར་ཡོ་བསྲང་གི་འགན་འཁྲི་གཙོ་བོ་ཇེ་དྲག་ཏུ་གཏོང་བ་དང་། དག་ཐེར་ཡོ་བསྲང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ཏེ།  གཡོ་ཟོལ་སླ་བཅོས་ཀྱི་དག་ཐེར་དང་དག་ཐེར་རྫུན་མ་བྱེད་པའི་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན།   རང་ཞིང་གི“ཞིང་གསུམ”ལས་དོན་ཏན་ཏིག་གིས་ལེགས་པོར་བསྒྲུབ་དགོས་ན། འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་དང་།“འབྲུ་རིགས་མིན་པའི་ལོ་ཏོག”དང་“ཞིང་ལས་མིན་པའི་ཐོན་སྐྱེད་གཉེར་སྐྱོང་”གི་གནད་དོན་མུ་མཐུད་དུ་བཅོས་སྐྱོང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན། ཅ་ལུད་བརྟན་པོའི་ངང་ཐོན་སྐྱེད་དང་མཁོ་འདོན་འགན་སྲུང་གི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་དང་། ནད་ལྕི་མོའི་སྨན་བཅོས་རོགས་སྐྱོབ། སྡོད་ཁང་བདེ་འཇགས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་བཟོ་འགོད་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཐབས་བརྒྱ་ཇུས་སྟོང་གིས་མཐོ་རུ་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་པོར་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་ཤུགས་བསྣན་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པ་དམིགས་འབེན་དུ་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “ལས་རིགས་ལྔ”མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་མང་པོ་མཉམ་འགུལ་དང་ལས་རྣམ་མང་པོ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བཅས་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་ཆེན་པོ་གཏོང་བ་དང་།  “ བཟོ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། ལས་གཞིའི་མ་དངུལ་ལེགས་སྒྲིག་དང་བསྡུ་སྒྲིལ་བྱེད་པ། མ་དངུལ་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་དང་། གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་སྡེ་བ།  གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་བཅས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་གི་ཞན་ཆ་མགྱོགས་མྱུར་ངང་གསབ་པ་བཅས་བྱས་ནས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་དགོས།

གྲོས་ཚོགས་ལས《2025ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་གྱི་འཆར་གཞི》དང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི〈 ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར〉ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཡིག་ཆར་གྲོས་ཞིབ་བྱས་པ་དང་།  དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


རྩོམ་སྒྲིག་པ། ཤ་བོ་རིན་མཚོ།    

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章