རང་རྒྱལ་གྱི་གནའ་བོའི་སྨན་རྫས་དཔེ་དེབ་《སྔོ་སྨན་རྩ་འགྲེལ་》ཞེས་པའི་ནང་བཟའ་རིགས་ནང་ནས་ཤིང་ཏོག་ལི་ཀྲི་མཆོག འབྱུང་བ་ལུས་འཕྲོད་ཤིང་ཏོག་འབྲུག་མིག་ཡིན་ཞེས་འཁོད་པ་ལྟར། རྒྱ་སྐད་ལ་ཀུའེ་ཡོན་ཞེས་འབོད་པའི་ཤིང་ཏོག་དེའི་མིང་གཞན་ལ་འབྲུག་མིག་ཅེས་ཟེར་ཞིང་། དེ་ནི་མི་དང་སེམས་ཅན་གང་རུང་གི་མིག་རིལ་དང་ཨ་ན་མ་ན་ཡིན་པས། བོད་ཀྱི་གྲོང་གསེབ་ཁུལ་གྱི་ས་ཆ་ལ་ལར་ཤིང་ཏོག་དེའི་མིང་ལ་མིག་རིལ་ཞེས་འབོད་ཀྱི་ཡོད། རྒྱལ་ནང་གི་ས་ཆ་འགའ་ཤས་ལ་ཤིང་ཏོག་དེ་སོས་པ་ཡིན་དུས་འབྲུག་མིག་ཅེས་བྱ་བ་དང་། སྐམ་པོ་ཡིན་དུས་ཀུའེ་ཡོན་ཞེས་སུ་འབོད། གང་ལྟར་ནའང་མིག་རིལ་འདྲ་བའི་ཤིང་ཏོག་དེ་ནམ་ཟླ་དགུན་གྱི་དུས་སུ་བཟས་ན་འབྱུང་བ་ལུས་ལ་ལྷག་པར་འཕྲོད་པར་བཤད།
ཤིང་ཏོག་འབྲུག་མིག་གི་ནང་དུ་དུད་སྐྱུར་ཞེས་འཚོ་རྒྱུ་B3གྱི་འདུས་ཚད་ཅུང་མཐོ་པོ་ཡོད་ཅིང་། དེ་ནི་མིའི་ལུས་ཁམས་ལ་མེད་དུ་མི་རུང་བའི་འཚོ་བཅུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མིའི་ལུས་ཁམས་ཀྱི་རྒྱུན་ལྡན་འཚར་ལོངས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། དུད་སྐྱུར་གྱིས་ད་དུང་ཁྲག་སྐྱེ་བའི་གོ་རིམ་ལ་ཤུགས་རྐྱེན་ཐེབས་པ་དང་། ལྕགས་རྒྱུ་བསྡུ་ལེན་དང་ཁྲག་གི་ཕྲ་ཕུང་སྐྱེ་བར་སྐུལ་འདེད་གཏོང་ཐུབ་ལ། སྐྱི་པགས་ཀྱི་རྒྱུན་ལྡན་བྱེད་ནུས་དང་འཇུ་བྱེད་གཤེར་རྨེན་གྱི་ཟགས་ཐོན་བྱེད་ནུས་སྲུང་འཛིན་བྱེད་ཀྱི་ཡོད། གཞན་ཡང་དུད་སྐྱུར་གྱིས་ད་དུང་གཤེར་མའི་ཕུང་རྩིའི་རྒྱུན་ལྡན་གྱི་ནུས་པ་སྲུང་འཛིན་བྱེད་ཐུབ་ལ། མཁྲིས་རྒྱུ་གཤེར་རྩི་དང་ཀན་སྣུམ་གསུམ་ཞག་གི་ཆུ་ཚད་དམའ་རུ་བཏང་ནས་ཁྲག་རྩ་རྒྱ་སྐྱེད་དང་། ཁྲག་དཀོན་རང་བཞིན་གྱི་ཀླད་པའི་ཁྲག་རྩའི་ནད་དང་མཇུག་རྐྱེན་ངན་པ་སོགས་ལ་སྙོམས་སྒྲིག་གི་ནུས་པ་ཅུང་ལེགས་པོ་ཐོན་གྱི་ཡོད།
ཁྲག་དཀོན་པ་དང་ཁྲག་ཤོར་བའི་རང་བཞིན་གྱི་ཁྲག་ཤེད་དམའ་བ་དང་། ཁྲག་མངར་དམའ་བ། ངོ་མདོག་སེར་པོ། སྐྲ་སྐམ་ཞིང་བུད་པ། སེན་མོ་སེར་ཞིང་སྐམ་པ། ངལ་དུབ་འབྱུང་སླ་བ་སོགས་ཀྱི་མིས་འོས་འཚམ་བཟས་ན་ཕན་ཐོགས་ཆེ།
ཤིང་ཏོག་འབྲུག་མིག་བཟས་ན་སེམས་ཁམས་གསོ་བར་ཕན་ཐོགས་ཆེ་ཞིང་། རླུང་ཁྲག་གསོ་བ་དང་སྙིང་ཁམས་ཞི་ལྷོད་ཏུ་གཏོང་ཐུབ་པས་ཡུན་རིང་སེམས་ནད་ཆེ་བ་དང་གཉིད་མི་ཁུག་པ་སོགས་ཀྱི་མིས་བཟས་ན་ཕན་ཐོགས་ཆེན་པོ་ཡོད།
ཟས་ཀྱི་དང་ག་མེད་མཁན་དང་ཟས་གདམ་གསེས་བྱ་རྒྱུར་དགའ་པོ་ཡོད་མཁན་ཚོས་ཤིང་ཏོག་འབྲུག་མིག་བཟས་ན་འཚམ་པོ་ཡོད། ཤིང་ཏོག་དེས་ལུས་ཀྱི་མཚེར་པ་དང་ཕོ་བ་གསོ་བར་ཕན་ཞིང་། མཚེར་པ་དང་ཕོ་བའི་བྱེད་ནུས་ཤུགས་ཆེར་གཏོང་ཐུབ།
དྲན་པ་མི་གསལ་བ་ཟ་རི་ཟི་རི་ཅན་དང་བརྗེད་ངད་ཆེ་བའི་མིས་དུས་ཡུན་རིང་པོར་བཟས་ན་ཕན་ཐོགས་ཆེན་པོ་ཡོད།
ཕོ་བའི་མེ་དྲོད་ཉམས་པའི་མི་ལ་མཚོན་ན་དགུན་ཁ་ནི་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པ་ལྟར་ཡིན་པས། ནམ་དུས་དེར་ཤིང་ཏོག་འབྲུག་མིག་བཟས་ན་ཕོ་བའི་མེ་དྲོད་གསོ་ཐུབ་པ་མ་ཟད། ནུས་རྒྱུ་ཁ་གསབ་ཐུབ་ནས་ལུས་དྲོད་འཕེལ་ཐུབ། བཟའ་བྱའི་ཚད་ནི་ཐེངས་རེར་རྐང་5ནས་10བར་ཚོད་འཛིན་བྱེད་དགོས་པ་དང་ཉིན་རེར་རྐང་15ལས་བརྒལ་མི་རུང་།
ཤིང་ཏོག་འབྲུག་མིག་གི་པགས་པས་མཚེར་པ་དང་ཕོ་བར་ཕན་པ་ལས་གཞན། ད་དུང་ཟ་འཕྲུག་དང་ན་ཟུག་འཇོམས་པའི་ནུས་པ་ལྡན་ཏེ། ཞིབ་ཞིབ་བཟོས་རྗེས་ལུས་པོར་བྱུགས་ན་ཟ་འབྲུམ་ལྷོད་འཇགས་སུ་གཏོང་ཐུབ།
ད་དུང་ཤིང་ཏོག་དེའི་ཚི་གུར་ཁྲག་གཅོད་ཟུག་འཇོམས་ཀྱི་ཕན་ནུས་ལྡན་པས། འཚིག་རྨས་དང་རློན་འབྲུམ་སོགས་ལ་ཕན་པོ་ཡོད།
ཕོ་བ་ཁེངས་པ་དང་སྦོས་པ། ལུས་པོར་ཚ་བ་རྒྱས་པ། བད་ཚིལ་འཕེལ་བ། ཁྲག་མངར་ཅུང་མཐོ་བའི་ནད་པ་ཚོས་འཛེམ་དགོས།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་སྒྲོལ་མ།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།