མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་མཁན་གཅིག་བཟུང་འདུག

文摘   2024-04-01 18:06   西藏  


ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་སྤྱི་བདེ་ཅུད་ཀྱིས་ཉེ་དུས་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་ཡོད་པ་རེད།



སྤྱི་ཟླ་༣ཚེས་༡༩ཉིན་གྱི་ཆུ་ཚོད་༡༠པའི་ཡས་མས་སུ། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་མངག་གཏོང་ཁང་ལ་གྲོང་ཚོའི་ནང་གི་མཆོད་རྟེན་གཉིས་བསྔོགས་ནས་རིག་དངོས་རྐུ་ཤོར་བའི་གྱོད་དོན་སྙན་ཞུ་ཞིག་འབྱོར་ཡོད་པ་དང་། དེའི་རྗེས་མངག་གཏོང་ཁང་གི་ཉེན་རྟོག་པ་འཕྲལ་དུ་ས་ཡུལ་དངོས་ལ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། རྫོང་སྤྱི་བདེ་ཅུད་ཀྱིས་ཀྱང་ཚད་མཐོའི་མཐོང་ཆེན་གནང་ནས། ཉེས་དོན་མྱུལ་ཞིབ་ཉེན་རྟོག་པ་ས་ཡུལ་དངོས་ལ་གཞོགས་འདེགས་བྱེད་པར་བཏང་བ་རེད།


བརྟག་དཔྱད་བྱས་པ་བརྒྱུད། འབྲུག་ལྗང་དང་། ལུང་བཟང་། ཀང་གེ་བཅས་གྲོང་ཚོ་གསུམ་ལ་མཆོད་རྟེན་བསྔོགས་ནས་རིག་དངོས་རྐུ་བརྒྱབ་པའི་གནས་ཚུལ་ཐོན་ཡོད་པ་དང་། ས་ཡུལ་དངོས་སུ་ཁྱོན་མཆོད་རྟེན་༧བསྔོགས་ནས་རིག་དངོས་རྐུ་འཁྱེར་བྱས་ཟིན་ཅིང་། གཞན་ཡང་མཆོད་རྟེན་༢བསྔོགས་འཕྲོ་ལུས་ཡོད་པ་རེད། གྱོད་གཞིར་དབྱེ་ཞིབ་བྱས་པ་བརྒྱུད། ཉེན་རྟོག་པས་སྲིད་འཛིན་གྲོང་ཚོ་དེ་གསུམ་པོར་ལྷགས་པའི་མཆོད་རྟེན་བསྔོགས་ནས་རིག་དངོས་རྐུ་བརྒྱབ་པའི་གྱོད་གཞིའི་དོགས་ཡོད་ཉེས་ཅན་མི་གཅིག་ཡིན་པར་ངོས་འཛིན་བྱས་ནས། གྱོད་གཞི་དེ་གསུམ་མཉམ་དུ་བརྟག་དཔྱད་བྱས་པ་རེད། དེའི་རྗེས་ཉེན་རྟོག་པས་དོགས་གཞི་ཡོད་པའི་རླངས་འཁོར་གཅིག་དང་མི་གཅིག་གཏན་འཁེལ་བྱས་པ་དང་། སྤྱི་ཟླ་༣ཚེས་༢༧ཉིན་གྱི་དགོང་མོའི་ཆུ་ཚོད་༡༡ཡས་མས་སུ་རི་བོ་ཆེ་རྫོང་གི་ཇ་ཁང་ཞིག་ནས་དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོ་བཟུང་བ་རེད།


འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོས་མཆོད་རྟེན་བསྔོགས་ནས་རིག་དངོས་རྐུ་བརྒྱབ་པའི་ཉེས་བསགས་དོན་དངོས་རྣམས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། ཉེན་རྟོག་པས་རྐུ་ཤོར་བའི་ལྷ་སྐུ་གསུམ་དང་། རི་མོ་བཀྲ་ཤིས་རྟགས་བརྒྱད་བཀོད་པའི་དཀར་ཡོལ་གཉིས། དངུལ་ཕོར་གཅིག མཆོད་ཀོང་གཅིག མཆོད་ཏིང་གཅིག གཡུ་རྡོག་པོ་གཅིག ཁེབས་གཅོད་གཅིག་བཅས་ཚུར་བླངས་ཡོད་པ་དང་། རླངས་འཁོར་གཅིག་གཞུང་ཉར་བྱས་ཡོད་པ་རེད།

ད་ལྟ་དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། གྱོད་གཞི་དེ་སྒྲུབ་བཞིན་ཡོད་པ་རེད།

  རྩོམ་ཁུངས།      སེམས་ཀྱི་ཞིང་ཁམས།
  རྩོམ་སྒྲིག་པ་གཙོ་བོ།           བུ་བསོད་ནམས།
  འགན་འཁུར་རྩོམ་སྒྲིག་པ།      བཀྲིས་ཟླ་བ། 
  ལག་བསྟར་རྩོམ་སྒྲིག་པ།        ནོར་བུ་རྡོ་རྗེ།
   ཡིག་སྒྱུར།               
   
ཁ་འབབ་ཀྱི་ཟེགས་མ་ནི་མངའ་རིས་ས་ཁུལ་གཞུང་ཕྱོགས་བོད་སྐད་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཅིག་པོ་དེ་ཡིན།    ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཁ་ཕྱོགས་ནས་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་མངའ་རིས་ཙམ་མ་ཟད་བོད་ལྗོངས་ཀྱི་གསར་སྒྱུར་བརྒྱུད་བསྒྲགས།  རང་མི་རིགས་ཀྱི་ལོ་རྒྱུས་དང་དམངས་སྲོལ།   རྩོམ་རིག་བརྒྱུད་སྤེལ།   པར་རིས་དང་བརྙན་ཐུང་།  སྒྲུང་གཏམ་སོགས་ཀྱང་ཡོད།  འབྲེལ་གཏུགས་བྱེད་ས། sqhp76@163.com


ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

狮泉河畔
面向基层传播党的先进理论、宣传惠民政策、地委行署重大决策部署和身边先进典型
 最新文章