《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
ཟླ2ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས3པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2016ལོའི་ཟླ12ཚེས12ཉིན་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་སྐབས་དང་པོའི་འཐུས་མི་དང་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་ལས་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་མཐོང་ཆེན་བྱེད་ཅེས་པ་ལས་ཆ་ཤས་ཤིག་སྤེལ་རྒྱུ་རེད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྱིམ་ཚང་ལ་མཐོང་ཆེན་བྱེད་ཀྱིན་ཡོད། རྒན་བཀུར་གཞོན་གཅེས་དང་། ཤུག་མཛངས་ཁྱོ་བདེ། མ་བྱམས་བུ་བཀུར། གཅེན་མཛའ་གཅུང་གུས་ཡིན་པ་དང་། རྨོ་སློབ་ཁྱིམ་སྐྱོང་དང་བརྩོན་བསྲིས་ཁྱིམ་སྐྱོང་། དཔེ་ཤེས་གུས་བརྩི་དང་སྒྲིག་ཁྲིམས་བརྩི་སྲུང་། ཁྱིམ་ཚང་འཆམ་མཐུན་ཡར་རྒྱས་སོགས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱིམ་ཚང་གི་སྤྱོད་བཟང་ནི་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་འདེགས་སྐྱོར་བྱེད་པའི་བསམ་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇི་ལྟར་བྱུང་ནའང་། སྤྱི་ཚོགས་ཀྱི་ངོས་ནས་བཤད་ན། ཁྱིམ་ཚང་གི་འཚོ་བའི་བརྟེན་སའི་ཚབ་བྱེད་མི་ཐུབ་པ་དང་། ཁྱིམ་ཚང་གི་སྤྱི་ཚོགས་ཀྱི་བྱེད་ནུས་ཀྱང་ཚབ་བྱེད་མི་ཐུབ་པ། ཁྱིམ་ཚང་གི་དཔལ་ཡོན་གྱི་ནུས་པ་ཡང་ཚབ་བྱེད་མི་ཐུབ་པ་བཅས་ཡིན། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་གཞི་གནས་གལ་ཆེན་ཞིག་ཏུ་འགྱུར་བ་དང་། མི་རྣམས་ཀྱི་ཕུགས་འདུན་མགོ་རྩོམ་པའི་གནས་ཤིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས།
རྩོམ་ཡིག་ལས་བསྟན་དོན། ཚང་མས་ཁྱིམ་ཚང་ལ་དོ་སྣང་བྱ་རྒྱུའི་རེ་བ་ཡོད། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན། ཁྱིམ་ཚང་འཆམ་མཐུན་ཡིན་ན་སྤྱི་ཚོགས་བརྟན་བརླིང་ཡིན་པ་དང་། ཁྱིམ་ཚང་བདེ་སྐྱིད་ལྡན་ན་སྤྱི་ཚོགས་ཞི་ཞིང་བདེ་ལ། ཁྱིམ་ཚང་དཔལ་ཡོན་ལྡན་ན་སྤྱི་ཚོགས་དཔལ་ཡོན་ལྡན་པ་བཅས་ཡིན། ཁྱིམ་ཚང་གི་མདུན་ལམ་དང་ལས་དབང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་དམ་ཟབ་ཡོད། ཁྱིམ་ཚང་ཡོད་ཚད་བདེ་སྐྱིད་ལྡན་ཚེ་རྒྱལ་ཁབ་དང་མི་རིགས་ད་གཟོད་བཟང་ངེས་ཡིན། རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་ནི་སྤྱི་མཚན་ཞིག་མིན་པར། མཐར་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ལྡན་པའི་ཐོག་མཚོན་དགོས་པ་དང་། མི་དམངས་དུང་ཕྱུར་མང་པོའི་འཚོ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བའི་ཐོག་མཚོན་དགོས། དེ་དང་ཆབས་ཅིག རྒྱལ་ཁབ་དང་མི་རིགས་བཟང་ན་ད་གཟོད་ཁྱིམ་ཚང་བཟང་ཐུབ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ན་གཞི་ནས་ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ། རྒྱ་ཆེའི་ཁྱིམ་ཚང་རྣམས་ཀྱིས་ཁྱིམ་ཚང་ལ་དགའ་བ་དང་རྒྱལ་གཅེས་གཅིག་གྱུར་བྱས་ཏེ། ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་མི་རིགས་ཀྱི་ཕུགས་འདུན་ནང་དུ་འདྲེས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
རྩོམ་ཡིག་ལས་བསྟན་དོན། ཚང་མས་ཁྱིམ་ཚང་སློབ་གསོར་དོ་སྣང་བྱ་རྒྱུའི་རེ་བ་ཡོད། ཁྱིམ་ཚང་ནི་མི་ཚེའི་སློབ་ཚན་དང་པོ་ཡིན་པ་དང་། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན། ཁྱིམ་ཚང་སློབ་གསོའི་ཁྲོད་ཆེས་གལ་ཆེ་བ་ནི་ཀུན་སྤྱོད་སློབ་གསོ་དང་མི་ཇི་ལྟར་བྱེད་པའི་སློབ་གསོ་ཡིན། ཕ་མ་དང་ཁྱིམ་བདག་ཡིན་པའི་ཆ་ནས། མཛེས་སྡུག་གི་ཀུན་སྤྱོད་འདུ་ཤེས་ཆུང་དུས་ནས་བྱིས་པ་ཚོར་བརྒྱུད་སྤྲོད་བྱས་ཏེ། ཁོ་ཚོར་མི་གཤིས་ཀྱི་བློ་སྟོབས་དང་སྙིང་སྟོབས་ལྡན་པར་ཁྲིད་སྟོན་བྱེད་དགོས་པ་དང་། ཁོ་ཚོར་མཛེས་སྡུག་གི་སེམས་ཁམས་ཆགས་པར་རོགས་རམ་བྱས་ཏེ། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་དགོས་ལ། ནར་སོན་རྗེས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མི་ཞིག་ཏུ་འགྱུར་དགོས། རྒྱ་ཆེའི་ཁྱིམ་ཚང་ཚང་མས་སྐད་ཆ་དང་རང་གི་བྱ་སྤྱོད་ལ་མཐོང་ཆེན་བྱས་ཏེ་ཤེས་བྱ་ཁྲིད་པ་དང་ཀུན་སྤྱོད་གསོ་སྐྱོང་བྱས་ནས། བྱིས་པ་རྣམས་ཀྱིས་མི་ཚེའི་སྒྲོག་གུ་དང་པོ་དམ་པོར་སྒྲོག་པར་རོགས་རམ་བྱས་ཏེ་མི་ཚེའི་སྐས་རིམ་དང་པོའི་སྟེང་ཡག་པོར་བསྐྱོད་དུ་འཇུག་དགོས། ཁྱིམ་ཚང་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱས་ནས། ཁྱིམ་ཚང་གི་ཁོངས་མི་དང་ལྷག་པར་དུ་མི་རབས་རྗེས་མར་ཏང་ལ་དགའ་བ་དང་། མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། ཀྲུང་ཧྭ་མི་རིགས་ལ་དགའ་བ་བཅས་ཀྱི་ཁྲིད་སྟོན་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཁྱབ་སྤེལ་ཧུར་ཐག་བྱས་ཏེ། མི་རྣམས་ཀྱིས་ཁྱིམ་ཚང་གི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པ་དང་། མི་གཞན་ལ་དྲོད་འཁོལ་བསྐྱལ་བ། སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་བརྒྱུད་རིམ་ཁྲོད་བསམ་པའི་གནས་བབ་མཐོ་རུ་གཏོང་བ་དང་དཔལ་ཡོན་གྱི་དར་སྲོལ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། ཚང་མས་ཁྱིམ་སྲོལ་ལ་དོ་སྣང་བྱ་རྒྱུའི་རེ་བ་ཡོད། ཁྱིམ་སྲོལ་ནི་སྤྱི་ཚོགས་དར་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྱིམ་ཚང་ནི་མི་རྣམས་ཀྱི་སྡོད་གནས་ཙམ་མ་ཡིན་པར་མི་རྣམས་ཀྱི་སེམས་ཁམས་ཀྱི་གནས་ཡུལ་ཡང་ཡིན། རྒྱ་ཆེའི་ཁྱིམ་ཚང་རྣམས་ཀྱིས་ཁྱིམ་སྲོལ་བཟང་པོ་དར་སྤེལ་གཏོང་དགོས་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་སྲོལ་བཟང་པོ་དེས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་བཟང་པོ་འདེགས་སྐྱོར་བྱེད་དགོས། ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྱིམ་སྲོལ་དམ་འཛིན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། གསར་བརྗེའི་རྒན་རབས་པའི་དམར་པོའི་ཁྱིམ་སྲོལ་རྒྱུན་འཛིན་དང་དར་སྤེལ་བཅས་བྱས་ཏེ་ཁྱིམ་སྲོལ་འཛུགས་སྐྲུན་གྱི་མིག་དཔེ་སྟོན་དགོས་པ་དང་། གཉེན་ཉེ་དང་བུ་ཕྲུག་ལ་བླང་བྱ་ནན་མོ་བཏོན་ནས་གཉེན་ཉེའི་བརྩེ་འདང་ཇེ་ཟབ་ཏུ་གཏོང་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པས་ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་ཧུར་ཐག་གིས་རྩ་འཛུགས་བྱས་ཏེ་སྤེལ་དགོས་པ་དང་། ཕྱོགས་སོ་སོས་འཚོ་བ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྤྲོ་སེམས་ཆེན་པོས་སེམས་ཁུར་དང་རོགས་རམ་བྱེད་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། མཛུབ་ཁྲིད། ལྟ་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྤྱི་ཚོགས་ལས་རིགས་སོ་སོ་རྒྱ་ཁྱབ་ངང་ཟབ་ཞུགས་བྱེད་རྒྱུར་སྐུལ་སློང་བྱས་ཏེ། རྒྱལ་གཅེས་ཁྱིམ་གཅེས་དང་ཕན་ཚུན་བརྩེ་བ་ཡོད་པ། ཡར་རྒྱས་བརྩོན་ལེན་བྱེད་པ། མཉམ་འཛུགས་མཉམ་སྤྱོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་དཔལ་ཡོན་གྱི་དར་སྲོལ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/格日加布
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系