དཀར་དཀར་གངས་རིའི་ཕྲེང་བས་བསྐོར་བའི་བོད་ཡུལ་ས་ཡི་ལྟེ་བ་ན། །
སྙན་སྙན་མཚན་གྱི་བ་དན་གཡོ་བའི་འཛམ་གླིང་ཉི་འོད་གྲོང་ཁྱེར་ཞེས། ། མཛེས་མཛེས་ལྷ་ཡུལ་ཞིང་ཡང་སྨོན་པའི་སྐྱིད་ཤོད་ལྷ་ས་མཇལ་བའི་ཕྱིར། ། མང་མང་འཛམ་གླིང་སྐྱེ་བོའི་གོམ་སྒྲ་གངས་རིའི་ལྗོངས་སུ་ཁ་ལོ་བསྒྱུར། །ཞེས་ཚིགས་སུ་བཅད་པས་སྔུན་བསུས་ཏེ་རབ་དཀར་གངས་རིའི་ཕྲེང་བས་བསྐོར་བའི་བོད་ཡུལ་ས་ཡི་ལྟེ་བ་ལྷ་ས་ཞེས་མཚན་སྙན་བ་དན་ཕྱོགས་བཅུར་གཡོ་བའི་འཛམ་གླིང་ཉི་མའི་གྲོང་ཁྱེར་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཡོངས་སུ་ཁྱབ་བསྒྲགས་གནང་བའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་གྲས་ཤིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་། བོད་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་སློབ་བཅས་ཀྱི་ལྟེ་གནས་ཡིན།![]()
ལྷ་ས་ཞེས་སིམ་སིམ་རྣ་བར་སྙན་པའི་གྲོང་མིང་ཐོགས་ཚུལ།
མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་གོང་དུ་ད་ལྟའི་ལྷ་ས་ཆགས་ཡུལ་ས་ཆ་འདིར་སྐྱིད་ཤོད་ཅེས་འབོད་པ་ནི། ཤར་འབྲི་གུང་ནས་ནུབ་ཆུ་ཤུར་བར་གྱི་ས་ཆ་རྣམས་རུས་རྒྱུད་སྐྱིད་ཀྱིས་བཟུང་པས་ཤར་ནས་ནུབ་ཏུ་སྐྱིད་སྟོད་དང་། སྐྱིད་ཤོད། སྐྱིད་སྨད་བཅས་སུ་དབྱེ་ཞིང་། སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ར་ལ་ས་བཀལ་ཏེ་ཡུལ་དབུས་སུ་འཁྱིལ་བའི་སྐྱིད་ཤོད་འོ་ཐང་གི་མཚོ་བསུབས་ནས་གཙུག་ལག་ཁང་བཞེངས་པའི་རྒྱུ་མཚན་གྱིས་གྲོང་ཁྱེར་གྱི་མིང་དུའང་ར་ས་ཞེས་ཆགས། དེ་ནས་རིམ་བཞིན་ཇོ་བོ་རྣམ་གཉིས་དང་། ཇོ་བོ་ཐུགས་རྗེ་ཆེན་པོ་སོགས་ལྷ་རྣམས་བཞུགས་སའི་གནས་མཆོག་ཡིན་པས། ལྷ་སའམ་ལྷ་ལྡན་ཞེས་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་ཐོགས་པ་ཡིན་སྐད་དང་། དེ་མིན་ལོ་རྒྱུས་སྨྲ་བ་འགའ་རེས་མི་ཡི་ལྷ་ཞེས་བོད་ཀྱི་བཙན་པོའམ་རྒྱལ་པོ་བཞུགས་སའི་གནས་ཡིན་པས་ལྷ་ས་ཞེས་པ་དང་། ད་དུང་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུའི་གནས་ཤིག་ཡིན་པས་ལྷ་ས་ཞེས་ཐོགས་པ་སོགས་བཞེད་ཚུལ་མང་དུ་མཆིས། མདོར་ན། དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་བཞེངས་པའི་དབོན་ཞང་རྡོ་རིང་ཐོག་ལྷ་ས་ཞེས་དངོས་སུ་འཁོད་ཡོད་པར་གཞིགས་ན། ལྷ་ས་ཞེས་སིམ་སིམ་རྣ་བར་སྙན་པའི་གྲོང་མིང་དེ་ཆགས་ནས་མ་མཐར་ཡང་ལོ་ངོ1200ལྷག་ཙམ་སོང་བའི་ལོ་རྒྱུས་ལྡན་ཡོད།སྐྱིད་ཤོད་ལྷ་སའི་ངོ་མཚར་ཕྱི་སྣོད་ཡུལ་ལུང་གི་བཀོད་པ།གྲོང་ཁྱེར་འདིའི་ལྷོ་ངོས་སུ་སྐྱིད་ཆུ་ཡན་ལག་བརྒྱད་ལྡན་རྒྱུན་མི་ཆད་པར་གཡས་སུ་འཁོར་བཞིན་རྒྱུག་པ། མཐའ་སྐོར་དུ་དབུས་ཀྱི་རི་ཆེན་བཞི་སྟེ་ཤར་དུ་ཇོ་མོ་ཟེ་ཟེ། ཤར་ལྷོར་སྨིན་དྲུག་ཛ་རི། ལྷོ་ནུབ་ཏུ་ཆོས་རྒྱལ་བླ་རི། ནུབ་བྱང་དུ་དགེ་འཕེལ་རི་ལ་སོགས་པའི་རི་རྒྱུད་ཀྱིས་འཁོར་བའི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་རྣམ་པར་བཀྲ་བ། ནམ་མཁའ་ནི་འཁོར་ལོའི་དབྱིབས་དང་མཚུངས་ཤིང་། ས་གཞི་ནི་པད་མ་འདབ་བརྒྱད་བཞད་ཁ་ཕྱེ་བ་དང་འདྲ་བ། མཁའ་རླུང་གཙང་ཞིང་ནམ་ཟླ་དུས་བཞིར་ཉི་འོད་འཕྲོ་ཤུགས་ཆེ་བ། གྲོང་ཁྱེར་གྱི་དབུས་སུ་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། དེའི་རྟེན་གཙོ་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་ཕེབས་པའི་ཇོ་བོ་ཤཀྱཱ་མུ་ནེ་དང་། བྱང་ཕྱོགས་སུ་ར་མོ་ཆེ་གཙུག་ལག་ཁང་དུ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་ཕེབས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ། ནུབ་ཕྱོགས་སུ་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལར་འཕགས་མཆོག་ལོ་ཀེ་ཤཱ་ར་ལ་སོགས་རྟེན་གསུམ་རྩ་ཆེན་མང་པོ་མཇལ་རྒྱུ་ཡོད་པ་མ་ཟད། བྱང་ཕྱོགས་ཀྱི་རི་ལྡེབས་སུ་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ཡིག་ཐོག་མར་སྲོལ་གཏོད་མཛད་ཡུལ་སྲོང་བཙན་སྒམ་པོའི་ཕོ་བྲང་མ་རུ་སྟེ་ཉང་བྲན་ཕ་བོང་ཁ་སོགས་གནའ་རབས་ཀྱི་རིག་དངོས་རྗེས་ཤུལ་རིན་ཐང་བྲལ་བ་དུ་མ་ཡོད།![]()
ལྷ་སར་གྲོང་ཁྱེར་ཆགས་ཚུལ་དང་ལོ་རྒྱུས་འཕེལ་རིམ།
དུས་རབས་བདུན་པའི་དུས་འགོར། སྲོང་བཙན་སྒམ་པོ་བཙན་པོའི་ཁྲི་ལ་འཁོད་ཅིང་ཁོང་གིས་མཚོ་བོད་མཐོ་སྒང་ཕྱོགས་ཡོངས་ནས་གཅིག་གྱུར་བཟོས་ཐོག་སྤུར་རྒྱལ་བཙན་པོའི་སྲིད་དབང་གི་ལྟེ་གནས་ལྷོ་ཁ་ནས་ལྷ་སར་སྤོས་རྗེས་ཐོག་མར་ལྷ་སའི་སྐྱིད་ཆུའི་བགྲོད་ལམ་བཅོས་སྒྲིག་བྱས་ཏེ་གཙང་ཆུ་དག་ལྷོ་ཕྱོགས་རི་ངོགས་སུ་ཁ་ལོ་བསྒྱུར་བས་དམར་པོ་རིའི་མཐའ་འཁོར་དུ་ཡངས་ཤིང་ཁོད་སྙོམས་པའི་ས་སྟོང་མང་པོ་ཞིག་ཐོན་པའི་ཁྲོད་རིམ་བཞིན་ཕོ་བྲང་དང་། ལྷ་ཁང་། དམག་དམངས་སྡོད་ཁང་སོགས་བསྐྲུན་འགོ་ཚུགས། བཙན་པོས་མངའ་འོག་ཏུ་ཚོང་ལྔ་དང་མཁན་དྲུག་ལ་སོགས་པའི་ལས་རིགས་དབྱེ་ནས་ཚོང་ལས་དང་ལག་ཤེས་ལས་རིགས་འཕེལ་རྒྱས་བྱུང་བ་དེས་གྲོང་ཁྱེར་གྱི་རྨང་གཞི་ཆགས་རྒྱུ་དང་གཞི་ཁྱོན་རྒྱ་བསྐྱེད་ཡོང་རྒྱུར་ཕན་ནུས་མངོན་གསལ་དོད་པོ་ཐོན་ཡོད། དེ་ནས་གླང་ཆེན་འཕྲེད་ཉལ་ལྟ་བུའི་དམར་པོ་རིའི་སྟེང་དུ་ཕོ་བྲང་དཀར་པོ་བསྐྲུན་ཟིན་རྗེས་སྔ་རྗེས་སུ་ཇོ་བོ་ཤཀྱཱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་བོད་དུ་གདན་དྲངས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་ཕྱག་བཏབ་པ་དང་ཆབས་ཅིག་བོད་ཀྱི་ས་ཕྱོགས་གང་ས་ནས་ལྷ་སར་ཇོ་བོ་རྣམ་གཉིས་མཇལ་བར་ཡོང་མཁན་མི་གྲངས་ཇེ་མང་དུ་འཕེལ་ཏེ་གཙུག་ལག་ཁང་དང་ཉེ་བའི་ས་རུ་སྦྲ་གུར་བཏབ་སྟེ་བཅའ་སྡོད་བྱས་ཤིང་རིམ་གྱིས་གྲོང་མིའི་གནས་སྡོད་ཁང་པ་ཇེ་མང་དུ་སོང་བ་རེད།བཙན་པོའི་སྲིད་དབང་ཐོར་ཞིག་ཏུ་སོང་རྗེས་ཀྱི་ལོ་ངོ400ལྷག་ཙམ་ནང་ལྷ་སར་དེ་ཙམ་གྱི་འགྱུར་ལྡོག་ཤུགས་ཆེན་པོ་བྱུང་མེད་ཅིང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་ནས་ལྷ་ས་འདི་ཉིད་སླར་ཡང་བོད་ཀྱི་ཆབ་སྲིད་ཀྱི་ལྟེ་གནས་སུ་གྱུར་བས་འཕེལ་རྒྱས་ཀྱི་གོམ་བགྲོད་མྱུར་པོར་འགྱུར་བ་སྟེ་ལྷ་སའི་གནའ་བོའི་འཛུགས་སྐྲུན་ཁག་སླར་ཡང་རྒྱས་སྐྲུན་བྱས་པ་མ་ཟད། ནོར་བུ་གླིང་ག་གསར་དུ་བསྐྲུན་པ། སྐུ་དྲག་གི་ཁྱིམ་གཞིས་མང་པོ་དང་བླ་བྲང་། སྲིད་འཛིན་ལས་ཁུངས། ཚོང་ཁང་། ཇ་ཁང་། ཆང་ཁང་། ལག་ཤེས་ལས་སྣོན་ཁང་། གྲོང་མིའི་སྡོད་ཁང་ལ་སོགས་པ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པས་གྲོང་ཁྱེར་རྙིང་པའི་སྒྲོམ་གཞི་འཐུས་སྒོ་ཆ་ཚང་བར་གྲུབ། འོན་ཀྱང་བོད་ཞི་བས་བཅིངས་འགྲོལ་མ་བཏང་བའི་གོང་དུ་ལྷ་སའི་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་གསུམ་ཙམ་ལས་མེད་པས་ནུབ་གཡུ་ཐོག་ཟམ་པ། ལྷོ་རིགས་གསུམ་མགོན་པོ། བྱང་ར་མོ་ཆེ། ཤར་ཁ་ཆེ་ལྷ་ཁང་ཞེས་བརྗོད་སྲོལ་ཡོད།![]()
བོད་ཞི་བས་བཅིངས་འགྲོལ་བཏང་བའི་རྗེས་དང་ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ལྷ་ས་འདི་ཉིད་བྱ་འཕུར་བ་ལྟ་བུའི་གོང་འཕེལ་འགྲོ་བའི་དུས་རབས་གསར་པར་སླེབས་ཤིང་དེང་གི་དུས་སུ་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དྲུག་ཅུ་ལྷག་ཡོད་ཅིང་། ཤར་སྟག་རྩེ་ནས་ནུབ་སྟོད་ལུང་། ལྷོ་སྣེའུ་དང་ཚེ་མཆོག་གླིང་ནས་བྱང་དོག་སྡེའི་ལུང་ཕུ་བར་འབྲེལ་ཞིང་། འགྲིམ་འགྲུལ་དང་སློབ་གསོ། འཕྲོད་བསྟེན། རིག་གནས། ཡུལ་སྐོར། འབྱུང་ཁམས། དམངས་འཚོ་སོགས་ཕྱོགས་གང་སྤྱིའི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་ནི་ལྷ་སའི་ཕྱོགས་མཚམས་ཀུན་གྱི་གཞུང་ལམ་དྲ་བའི་ཐོག་ཉིན་མཚན་ཀུན་ཏུ་ཤྭ་འོད་བཞིན་རྒྱུ་བའི་རླངས་འཁོར་འདྲ་མིན་སྣ་ཚོགས་ཀྱི་བཟོ་ལྟ་དང་རྒྱ་ཆེ་ཞིང་འཁོད་སྙོམས་པའི་ལྷོ་བྱང་སྐོར་ལམ། ལྷ་སའི་སྐྱིད་ཆུའི་ཐོག་བསྐྲུན་པའི་ཕྱོགས་གཉིས་བགྲོད་ལམ་ལྡན་པའི་དབྱིབས་ལེགས་ཟམ་ཆེན་མང་པོ་དང་སྐྱིད་ཆུའི་འགྲམ་གྱི་བདེ་བགྲོད་ལམ་བུ། གློག་འོད་བཀྲ་བའི་ཕུག་ལམ་རིང་པོ། མེ་འཁོར་འབབ་ཚུགས་དང་མྱུར་བགྲོད་གཞུང་ལམ་བཅས་དང་། ད་དུང་ལྷ་སའི་ཉེ་འཁོར་རི་སྟེང་དུ་བཏབ་པའི་སྔོ་ལྗང་ལྗོན་ཤིང་། ཐོག་བརྩེགས་ཅན་གྱི་གྲོང་མིའི་སྡོད་ཁང་གསར་པ། གསོལ་མགྲོན་ཁང་ཆེ་གྲས། ཚོང་ཟོག་སྣ་དགུ་འཛོམས་པའི་ཁྲོམ་ལམ། ཞིམ་ཟས་ཁྲོམ་ར། སློབ་གསོའི་གྲོང་གསར། སྨན་བཅོས་འགན་བཅོལ། དྲ་བའི་ལས་སྟེགས། གསོལ་ཇ་མངར་མོའི་དྲི་ཞིམ། དངོས་མིན་རིག་གནས་ཤུལ་བཞག རྫོང་རྒྱབ་ཀླུ་ཁང་ནང་གི་སྐོར་བྲོའི་ཉམས་འགྱུར་སོགས་ཕྱོགས་གང་ས་ཅི་ཐད་ནས་འཛམ་གླིང་ཉི་མའི་གྲོང་ཁྱེར། ལྷ་ས་སྐྱིད་པའི་གནས་མཆོག་གི་བདེ་སྐྱིད་ལྡན་པའི་དེང་རབས་འཚོ་བའི་ཕུན་ཚོགས་དཔལ་ཡོན་བཟང་པོ་མངོན་སུམ་འདྲེན་བྱེད་ལམ་གྱི་དགའ་སྟོན་དུ་གྱུར་ཡོད། །དྲོ་དྲོ་ཏང་སྲིད་ཉི་མའི་འོད་ཟེར་གངས་ལྗོངས་འཛིན་མའི་ཕང་བར་འཕྲོས། ། སྐྱིད་སྐྱིད་འབྱོར་འབྲིང་འཚོ་བར་རོལ་བའི་དེང་གི་ལྷ་ས་འགྱུར་ལྡོག་ཆེ། ། བརྗིད་བརྗིད་གོ་ལའི་གཙུག་གི་ཕོ་བྲང་པོ་ཏ་ལ་ཡང་ཡིད་མགུ་བའི། ། གསར་གསར་དེང་རབས་རྣམ་པས་བརྒྱན་པའི་ལྷ་སའི་ལང་ཚོ་སྔར་ལས་མཛེས། །*《གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས》དེབ་དྲུག་པ་དང་། རྒན་བེན་ཚར་ཟླ་བས་བརྩམས་པའི་དཔེ་དེབ《གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུས》དཔྱད་གཞིར་བཟུང་ནས་བྲིས།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། ![]()
责编/格日加布
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།