ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དུ་ཡོང་ནས་ལའོ་ཏུང་ཁྲོན་གྱིས་བརྙན་ལམ་བརྒྱུད་ནས་ཟི་ལིང་གྲོང་ཁྱེར་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཚོང་དོན་ཐིན་སོགས་ས་ཁུལ་དང་སྡེ་ཁག་ལ་སྐབས་བསྟུན་འབྲེལ་མཐུད་བྱས་ནས་ལས་རེས་དང་། བདེ་འཇགས་ཐོན་སྐྱེད། དུས་ཆེན་ཡུལ་སྐོར། འདོན་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་སོགས་གཙོ་གནད་བྱ་བའི་གནས་ཚུལ་རྒྱུས་ལོན་བྱས་ནས། ལས་ཡུལ་བརྟན་སྲུང་བྱེད་མཁན་གྱི་ལས་བྱེད་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས། ཁོས་བསྟན་དོན། ལོ་གསར་སྐབས་ཀྱི་ལས་རེས་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ལ་བདེ་འཇགས་དང་བདེ་སྐྱིད་ལྡན་པའི་ལོ་གསར་རོལ་དུ་འཇུག་པ་དང་། དུས་ནམ་ཡང་སེམས་ལྷོད་དུ་མི་གཏོང་བའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། མགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ་ལས་རྐང་དུ་བྱ་བ་སྒྲུབ་པ་དང་དུས་ཚོད24རིང་ལས་རེས་བྱེད་མཁན་ཡོད་པ། ཆ་འཕྲིན་གལ་ཆེན་སྙན་ཞུ་བྱེད་པ་སོགས་ཀྱི་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། མི་འདུས་སའི་གནས་ཡུལ་དང་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་གནས། བྱ་འགུལ་ཆེ་གྲས་སོགས་གཙོ་གནད་གནས་ཡུལ་ལ་དོ་སྣང་ཆེན་པོ་བྱས་ནས། ཆ་འཕྲིན་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་སྙན་ཞུ་བྱེད་པ་དང་། བཀའ་བརྡ་བརྒྱུད་བསྒྲགས་ནུས་ཆེའི་སྒོ་ནས་གནད་ལ་འཁེལ་བའི་ཁག་ཐེག་བྱས་ཏེ། ཐོག་མའི་དུས་ཚོད་ནང་དང་ལེན་དང་ཐག་གཅོད་ཐུབ་པ་བྱས་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།
ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ལམ་དྲའི་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་འཕྲལ་སྒྲུབ་ཐག་གཅོད་ལྟེ་གནས། འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས། 12328འགྲིམ་འགྲུལ་ལྟ་སྐུལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་སྣེ་ལེན་ཁང་བཅས་སུ་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གནས་ཚུལ་དང་ཤར་གཏོང་བདེ་འཇགས། “འགྲུལ་པ་གཉིས་དང་ཉེན་ཁ་གཅིག”གི་རིག་ནུས་ལྟ་སྐུལ་ཚོད་འཛིན་སྟེགས་བུའི་འཁོར་སྐྱོད། འགྲིམ་འགྲུལ་ཐད་སྦྲེལ་ཁ་པར་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་ནན་གྱིས་བསྟན་དོན། ལོ་གསར་གྱི་གུང་གསེང་ཕྱེད་ཙམ་ཚར་ཡོད་པ་དང་། མི་དང་རླངས་འཁོར་ཕྱིར་ལོག་པའི་མཐོ་རླབས་སླེབས་ཉེར་ཡོད་ལ། ཐོན་སྐྱེད་དང་འཚོ་བ་སྣ་ཚོགས་ཀྱང་ཕྱོགས་ཡོངས་ནས་སླར་གསོ་བྱ་རྩིས་ཡོད་པས། འགྲུལ་བཞུད་ཀྱི་འགུལ་རྣམ་ཞིབ་འཇུག་དང་བརྡར་གཅོད་ལ་ཤུགས་སྣོན་པ་དང་། གནམ་གཤིས་དང་སྤྱི་བདེ་སོགས་སྡེ་ཁག་དང་ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ། སྐྱེལ་འདྲེན་ནུས་ཤུགས་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱེད་པ། གཙོ་གནད་ལམ་དུམ་དང་དུས་མཚམས་གལ་ཆེན་གྱི་ལམ་གྱི་གནས་ཚུལ་སྐོར་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། བགྲོད་ལམ་ཤར་གཏོང་དང་ལམ་སྟོན་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ཏེ་ལམ་དྲའི་འཁོར་སྐྱོད་བདེ་འཇགས་དང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། འཁོར་སྐྱོད་དོ་དམ་སྔར་ལས་ཚད་ལྡན་དང་ཤུགས་བསྣན་ནས་ཐད་སྦྲེལ་ཁ་པར་དང་ལེན་བྱེད་པའི་སྤུས་ཚད་དང་ཕན་ནུས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། མི་དམངས་མང་ཚོགས་ལོ་གསར་སྐབས་སུ་ཕྱི་རུ་བསྐྱོད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
རྨ་ཆུ་ཟི་ལིང་ཚ་གློག་ཚད་ཡོད་འགན་འཁྲི་ཀུང་ཟིའི་དྲོད་འདོན་དོ་དམ་ལྟེ་གནས་སུ་ཡོང་ནས། ལའོ་ཏུང་ཁྲོན་གྱིས་གྲོང་ཁྱེར་གྱི་གཅིག་བསྡུས་དྲོད་འདོན་དང་ལྟ་སྐུལ་ཚོད་འཛིན་བཀོད་གཏོང་སྟེགས་བུའི་འཁོར་སྐྱོད་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན། ཁོས་བསྟན་དོན། དྲོད་འདོན་འགན་སྲུང་ནི་ཁྱིམ་ཚང་མང་པོ་དང་མང་ཚོགས་ཀྱི་དྲོ་གྲང་ལ་འབྲེལ་བ་ཡོད། འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་འགུལ་སྒོས་ཞབས་ཞུ་སྒྲུབ་པ། རྒྱུན་ལྡན་གྱི་སྐོར་ཞིབ་དང་སྦུ་གུར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྒྲུབ་སྔོན་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གཅིག་བསྡུས་དྲོད་འདོན་འགན་སྲུང་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ལ་སྤྲོ་སྐྱིད་ངང་ལོ་གསར་རོལ་དུ་འཇུག་དགོས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/彭毛才旦
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系