ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་རྟོག་ཞིབ་གནང་པ།

政务   2024-09-05 10:33   青海  

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱེད་སྐབས་མདུན་ས་ནས་བཀོད་འདོམས་ནན་མོ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་འགན་འཁྲི་འཁུར་ནས་ཞོད་འགོག་གནོད་སེལ་གྱི་དམག་འཐབ་དྲག་པོ་ལས་རྣམ་པར་རྒྱལ་དགོས་པ་ནན་གྱིས་བསྟན།
ཉེ་བའི་ཉིན་འདི་དག་ནི་རང་ཞིང་ལ་མཚོན་ན་ད་ལོའི་ཆར་ཆུ་རྒྱས་པའི་དུས་སྐབས་ལས་ཆར་ཆུ་ཆེས་མང་པའི་དུས་ཚིགས་རེད། ཟླ9པའི་ཚེས3ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་སོང་སྟེ་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱས་པར་མ་ཟད་ལས་རེས་མི་སྣ་རྣམས་ལ་འཚམས་འདྲི་བྱས། ཁོ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་མི་ལྷོད་པའི”འགན་འཁྲིའི་བསམ་པ་དང“མདའ་མོ་གཞུ་སྟེང་དུ་སྦྱར་འདྲའི”ཁ་ཚ་དགོས་གཏུག་གི་འདུ་ཤེས་ལ་བརྟེན་ནས།  ཞོད་འགོག་གནོད་སེལ་སྐོར་གྱི་བྱ་བ་སྣ་ཚོགས་ཡག་པོར་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ་ནན་བཤད་བྱས།
ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་གློག་འོད་འཚེར་ཞིང་། ལས་ལ་བྲེལ་བའི་ལས་བྱེད་མི་སྣ་རྣམས་ཀྱིས་དུས་ཚོད24རིང་ལ་མུ་མཐུད་དུ་ལས་རེས་བྱས་ནས། གནམ་གཤིས་དང་ཆུ་དཔྱད། ས་གཤིས། འགྲིམ་འགྲུལ་སོགས་ཆ་འཕྲིན་གཙོ་བོ་དག་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་བཞིན་འདུག  ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སྤྱི་ཁྱབ་ལས་རེས་ཁང་དང་མཉམ་འབྲེལ་ལས་རེས་ཁང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱི་ཞོད་འགོག་བྱ་བའི་ཆེད་ཚན་སོགས་སུ་སོང་ནས་ལས་རེས་མི་སྣར་འཚམས་འདྲི་བྱས་པར་མ་ཟད།  ཁོ་ཚོ་བརྒྱུད་ནས་འཐབ་ཕྱོགས་དང་པོའི་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལས་བྱེད་མི་སྣ་རྣམས་ལ་འཚམས་འདྲི་བྱས་པ་དང་། ཚང་མས་ཉིན་ཤས་རིང་བསྟུད་མར་དཀའ་སྤྱད་འབད་བརྩོན་བྱས་པའི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཚང་མས་མུ་མཐུད་དུ་ཧུར་བརྩོན་ཆེན་པོས་ཞོད་འགོག་བྱ་བ་སྒྲུབ་སྟེ། ཞོད་འགོག་དང་གནོད་སེལ་གྱི་དམག་འཐབ་དྲག་པོར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་པའི་སྐུལ་མ་བཏང་། དེའི་རྗེས་སུ་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་འཕྲལ་བསྟུན་བཀོད་འདོམས་ཚོམས་ཆེན་དུ་སོང་སྟེ། བརྙན་ལམ་བརྒྱུད་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཞོད་འགོག་བྱ་བར་བཀོད་གཏོང་བྱས་ཏེ་འབྱུང་སྲིད་པའི་གནོད་འཚེའི་ཉེན་ཁར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས།
ཚོགས་འདུ་ལས་བསྟན་དོན།  ཚ་ཁུལ་ཕལ་བའི་མཐོ་གནོན་རླུང་ཤུགས་ཤར་ཕྱོགས་སུ་མཆེད་པའི་ཤུགས་རྐྱེན་འོག   ཐེངས་འདིར་རང་ཞིང་གི་ཆར་ཆུ་འབབ་པའི་བརྒྱུད་རིམ་ལ་ཆར་ཆུའི་འབབ་ཚད་ཆེ་བ་དང་། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ། རྒྱུན་མཐུད་དུས་ཡུན་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཐལ་དྲགས་པའི་རང་བཞིན་དང་གནོད་འཚེ་ཐེབས་པའི་རང་བཞིན་ཆེས་ཆེར་ལྡན།  ཆུ་ལོག་ཆེན་པོ་སྔོན་འགོག་དང་། ཉེན་ཁ་ཆེན་པོ་འགོག་པ། གནོད་འཚེ་ཆེན་པོ་ལས་སྐྱོབ་པ་བཅས་ལ་རྐང་བཙུགས་ཏེ་ཉེན་ཁའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཚད་མཐོའི་བསམ་བློ་ཇེ་བརྟན་དུ་གཏོང་བ། འགལ་རྐྱེན་སྣ་ཚོགས་ལ་བསམ་བློ་ཡག་པོ་བཏང་ནས།  རྒྱུན་སྲོལ་ལས་བརྒལ་བའི་བྱ་བར་བརྟེན་ནས་རྒྱུན་སྲོལ་ལས་བརྒལ་བའི་ཆར་ཆུའི་འབབ་ཚད་ལ་ཁ་གཏད་འཇལ་བ་དང་། ཞོད་འགོག་དང་གནོད་སེལ་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་ནས་གནོད་འཚེའི་གྱོང་གུན་གྱི་ཚད་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། གཡོ་འགུལ་གྱི་སེམས་ཁམས་དང་སྟབས་ལེགས་ཀྱི་སེམས་ཁམས་མཐའ་གཅིག་ཏུ་ཁྱད་དུ་བསད་དེ།  ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་མྱུར་དུ་གནས་སྤོར་བྱེད་པ་དང་། གནོད་འཚེའི་ཉེན་བརྡའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་སྐོར་ཞིབ་དང་ཉེན་ཁ་སེལ་བར་ཤུགས་བསྣན་ནས་མི་སྣ་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས།  གཅིག་གྱུར་གྱིས་ཆ་འཕྲིན་སྤེལ་རེས་དང་མཉམ་ལས་མཉམ་འགུལ་ལ་ཤུགས་བསྣན་ཏེ། གནས་ཚུལ་གསར་པ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱེད་པར་བཀོད་གཏོང་བྱེད་དགོས། ས་ཁུལ་གྱི་འགན་འཁྲི་གཙོ་བོ་ལེགས་པར་སྒྲུབ་སྟེ། “མགོ་ཁྲིད་པ་དང་པོས”དངོས་སུ་སྒྲུབ་པ་དང་གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ཏེ། འགན་འཁྲི་ཡོད་པ་དང་འགན་འཁྲི་འཁུར་བ། འགན་འཁྲི་གཙང་སྒྲུབ་བྱེད་དགོས། གཟབ་ནན་གྱིས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་གཡུལ་ས་རུ་བཀོད་འདོམས་ནན་མོ་བྱེད་པ་དང་།  རྒྱ་ཆེའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་གདོང་མཆོང་བྱེད་པ་དང་གཡུལ་ས་བརྟན་པོར་སྲུང་བ། གོང་འོག་བློ་སེམས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་བའི་བྱ་བ་ཡག་པོར་སྒྲུབ་ནས།  ཆར་ཆུ་རྒྱས་པའི་དུས་སྐབས་བདེ་བླག་ངང་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྟེང་། ཞིང་ཆེན་གནམ་གཤིས་ཅུའུ་དང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཞོད་འགོག་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥུན།  ལུའེ་ཀང་བཅས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་ཡང་ན་གྲོང་ཁྱེར་དང་ཁུལ་སོ་སོའི་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་ཚོགས་འདུར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章