རི་བོ་རྩེ་ལྔ།
འཛམ་གླིང་གི་ནང་བསྟན་གནས་རི་གྲགས་ཅན་ལས། རྒྱ་ནག་ཡུལ་གྱི་ནང་བསྟན་གནས་རི་གྲགས་ཅན་བཞི་ནི།འཇམ་པའི་དབྱངས་ཀྱི་གནས་མཆོག་རི་བོ་རྩེ་ལྔ(五台山) ཐུགས་རྗེ་ཆེན་པོའི་གནས་མཆོག་རི་བོ་གྲུ་འཛིན(普陀山) ས་ཡི་སྙིང་པོའི་གནས་མཆོག་དཔལ་རི་རྩེ་དགུ(九华山) ཀུན་ཏུ་བཟང་པོའི་གནས་མཆོག་གླང་ཆེན་འགྱིང་རི(峨眉山) བཅས་བཞི་ཡིན།གནས་ཆེན་བཞིའི་ཡ་གྱལ་རི་བོ་རྩེ་ལྔ་ནི་སྔོན་ནང་པའི་སྟོན་པ་ཤཱཀྱ་ཐུབ་པའི་མདོ་ཕལ་བོ་ཆེ་རུ།ལག་ན་རྡོ་རྗེ་ལ་བཀའ་བསྩལ་བ།བྱང་ཤར་གྱི་མཚམས་སུ་མ་ཧཱ་ཙི་ན་ཞེས་པའི་ཡུལ་ཆེན་པོ་དེར་ལྷུན་པོ་རྩེ་ལྔ་ཞེས་བྱ་བའི་རི་བོ་ཡོད་ལ།ང་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་གནས་དེར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་སྤྱོད་ལམ་ཅི་བདེ་བའི་ཚུལ་གྱིས་གནས་ཏེ།སེམས་ཅན་ལ་ཕན་པ་དང་བདེ་བའི་ཆོས་སྟོན་ཞིང་ལྷ་ཀླུ་དྲེགས་པ་སྡེ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ་མཆོད་པ་དང་བཀུར་བསྟི་བྱེད་པར་འགྱུར་རོ།།ཞེས་གསལ་པོར་ལུང་བསྟན་པ་བཞིན་རྒྱ་ནག་གི་ཀྲོའུ་རྒྱལ་རབས་སྐབས་སུ་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་རི་བོ་རྩེ་ལྔའི་གནས་མཆོག་ཏུ་འཁྲུངས།དེ་རྗེས་རྒྱ་ནག་རྒྱལ་རབས་མང་པོའི་སྐབས་སུ་གནས་དེར་ལྷ་ཁང་མང་པོ་བཞེངས་ཏེ་མཆོད་གནས་སུ་གྱུར་ཕྱིན་རྒྱ་ནག་ཏུའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་རི་ཉིད་དུ་གྲགས།རི་དེ་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་པས་མིང་དེ་ལྟར་དུ་གྲགས།ཡོངས་གྲགས་ལ་དབུས་རི་སེངྒེ་འགྱིང་འདྲ།ཤར་རི་གླང་ཆེན་འདྲ་བ།ལྷོ་རི་རྟ་མཆོག་འདྲ་བ།ནུབ་རི་རྨ་བྱ་གར་ལ་རོལ་འདྲ།བྱང་རི་ཤང་ཤང་བསྣོལ་འདྲའི་ས་དཔྱད་ལེགས་པར་བཤད།རི་འདི་དག་ལས་ཆེས་མཐོ་ཤོས་དེ་བྱང་རི་ཡིན་ལ།རི་དེ་མཚོ་ངོས་ནས་མཐོ་ཚད་སྨི་2058ཡིན།2009ལོ་ནས་བཟུང་འཛམ་གླིང་གི་གནའ་ཤུལ་རིག་དངོས་གྲགས་ཅན་སྲུང་སྐྱོབ་ཀྱི་གྲས་སུ་བཞགདེང་སྐབས་གནས་འདིར་དགོན་པ་105ཡས་མས་ཤིག་ཡོད།རྟེན་གྱི་གཙོ་བོ་སྔོན་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་རིང་བསྲེལ་མཆོད་རྟེན་ཁྱད་འཕགས་དེ་ཉིད་ནང་འཇུག་བྱས་ཡོད་པའི་མཆོད་རྟེན་དཀར་པོ་དང་།ད་དུང་འཇམ་དབྱངས་ཕྱག་སྟོང་སྤྱན་སྟོང་སོགས་མང་པོ་ཡོད། རི་བོ་རྩེ་ལྔ་ནི་ཧྲན་ཤིས་ཞིང་ཆེན་དུ་ཆགས་ཡོད་པ་རེད།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།