ཨ་ཧོ།
སྐལ་ལྡན་ལས་ཅན་སྐྱེས་མཆོག་རྣམས་ཀྱིས་གསོན། །
རྙེད་དང་མ་རྙེད་བདེ་དང་མི་བདེ་བའི། །
སྙན་དང་མི་སྙན་བསྟོད་དང་མ་བསྟོད་བཞི། །
དེ་ལ་འཇིག་རྟེན་ཆོས་བརྒྱད་ཟེར་བ་ཡིན། །
བཟང་ངན་གཉིས་འཛིན་དགའ་སྡུག་ཅན་དེ་ལ། །
གཉིས་མེད་རང་གྲོལ་བྱ་བའི་མིང་ཡང་མེད། །
ཆོས་བརྒྱད་ཞེན་པའི་སྒྲོག་གིས་འཆིང་བ་ཡིན། །
བཟང་ངན་དགའ་སྡུག་རྣམ་པ་ཅི་བྱུང་ཡང་། །
སྒྱུ་མའི་དཔེ་བཅུ་བཞིན་དུ་ཤེས་པར་གྱིས། །
སྨྲ་བསམ་བརྗོད་བྲལ་བློ་འདས་རྫོགས་པའི་ངང་། །
རེ་དོགས་མཐའ་བྲལ་ལྟ་བའི་ཀློང་དུ་ཞོག །
ཅེས།
འཇིག་རྟེན་ཆོས་བརྒྱད་སྤོང་བའི་གདམས་པ་འདི། །
སློབ་མའི་ཚོགས་ཀྱིས་ཡང་ཡང་བསྐུལ་བའི་ངོར། །
སྤྲང་རྒན་པདྨའི་མིང་གིས་བཀོད་པ་ཡིས། །
རྗེས་འཇུག་བྱང་ཆུབ་བསྒྲུབ་པའི་རྣལ་འབྱོར་ལ། །
འཇིག་རྟེན་ཆོས་བརྒྱད་བདུད་ཀྱིས་བསླུ་བ་དེ། །
ཡིད་ལ་དྲན་པ་ཙམ་ཡང་མེད་པར་ཤོག །