བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས།

乐活   2024-12-28 21:37   四川  

བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་ཞུ།


བདག་ཅག་གི་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་སེང་གེ་དེ་ཉིད་མཆོག་གི་སྤྲུལ་སྐུའི་ངོ་བོར་བདུད་རྩིའི་གོ་འཕང་བརྙེས་པའི་ཚུལ་བཞེས་ཏེ།   བཅུ་གཉིས་མཛད་པའི་རྣམ་རོལ་གྱི་སྒོ་ནས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ན།  ཡུལ་གནས་དེ་དང་དེའི་རངརང་གི་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པ་དང་། མ་འོངས་པ་ན་དུས་སྟོན་སོགས་བྱ་བའི་ཕྱིར་ཡུལ་སོ་སོར་མཆོད་རྟེན་བརྩེགས་པ་ལ་ཤཱཀྱ་ཐུབ་པའི་མཆོད་རྟེན་རྣམ་བརྒྱད་ཅེས་གྲགས་པ་ནི། 

ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་དང་། །

མ་འོངས་སེམས་ཅང་བསོད་ནམས་འཐོབ་བྱའི་ཕྱིར། །

དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །

སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །


༡༽པདྨ་སྤུངས་པའི་མཆོད་རྟེན་ནི།⛩️⛩️


རྒྱལ་བ་བདག་ཅག་གི་སྟོན་པ་ལུམ་བཱི་ནའི་ཚལ་དུ་ཐོག་མར་སྐུ་བལྟམས་པའི་ཚེ་ཡབ་རྒྱལ་པོ་ཟས་གཙང་སོགས་ཤཱཀྱ་བ་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་པདྨ་སྤུངས་པའི་མཆོད་རྟེན་ཡིན་ནོ།

གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །

ས་ཆེན་འདི་ལ་གོམ་པ་བདུན་བོར་ཏེ། །

ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུས། །

དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །



༢༽བྱང་ཆུབ་མཆོད་རྟེན་ནི།⛩️⛩️

མ་ག་དྷ་ཆོས་ཚིགས་ཀྱི་སྒོ་ནས་ཕྱེ་བའི་ཡུལ་དབུས་འགྱུར་རྒྱ་གར་རྡོ་རྗེ་གདན་དུ་བྱང་ཆུབ་ཤིང་གི་དྲུང་མངོན་པར་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་མཆོག་བརྙེས་པའི་སར་སྔོན་གོམས་བག་ཆགས་བཟང་པོའི་བསོད་ནམས་ཀྱི་མཐུ་དར་བ་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བཅས་ཀྱིས་བཞེངས་པའི་མཆོད་རྟེན་བྱང་ཆུབ་མཆོད་རྟེན་ཡིན་ནོ།

ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །

མ་གྷ་དྷའི་བྱང་ཆུབ་ཤིང་དྲུང་དུ་ཉ། །

སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ཏེ། །

བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །


༣༽བཀྲ་ཤིས་སྒོ་མང་མཆོད་རྟེན་ནི།⛩️⛩️


ཡུལ་ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་བར་དེའི་རྗེས་དྲན་གྱི་ཆེད་དུ་ཚངས་པ་དང་རྒྱ་བྱིན་གྱིས་བཞེངས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་མཆོད་རྟེན་ཡིན་ནོ།

ཐུགས་རྗེ་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །

ཝཱ་རཱ་ཎ་སཱ་ལ་སོགས་གནས་མཆོག་ཏུ། །

ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །

ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །



༤༽ཆོ་འཕྲུལ་མཆོད་རྟེན་ནི།⛩️⛩️


མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་སྣ་ཚོགས་ཀྱི་སྒོ་ནས་བདུད་ཀྱི་རིགས་མུ་སྟེགས་སྟོན་པ་དྲུག་རྗེས་འབྲང་དང་བཅས་པ་ངོ་མཚར་པའི་ལྟས་དུ་མ་དང་བཅས་འདུལ་པར་མཛད་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་གསལ་རྒྱལ་གྱིས་བཞེངས་པའི་མཆོད་རྟེན་ཆོ་འཕྲུལ་མཆོད་རྟེན་ཡིན་ནོ།

སྲིད་པ་གསུམ་ན་པད་མེད་ཡོན་ཏན་གྱིས། །

མཉན་དུ་ཡོད་པར་ཚོ་འཕྲུལ་ཆེན་པོ་བསྟན། །

ལྷ་མིའི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །

བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །



༥༽ལྷ་བབས་མཆོད་རྟེན་ནི།⛩️⛩️


སུམ་ཅུ་རྩ་གསུམ་དུ་ཡུམ་བདེན་བ་ལ་བཀོད་ཟིན་ནས་འཛམ་བུའི་གླིང་གི་གྲོང་ཁྱེར་གསལ་ལྡན་དུ་ཕེབས་པའི་ཚེ། དེའི་རྗེས་དྲན་གྱི་ཆེད་དུ་ཨེནྡྲ་ཝ་རྨིས་བཞེངས་པའི་མཆོད་རྟེན་ལྷ་བབས་མཆོད་རྟེན་ཡིན་ནོ།

ལྷ་ཡུལ་གཤེགས་ཏེ་ཡུམ་དང་ལྷ་འཁོར་ལ། །

ཆོས་འཁོར་བསྐོར་ངས་སླར་ཡང་མི་ཡུལ་དུ། །

རྒྱལ་བ་ལྷ་ལས་བབས་པའི་ཚུལ་མཛད་པ། །

ཡུམ་གྱི་དྲིན་ལན་མཛད་ལ་ཕྱག་འཚལ་ལོ། །


༦༽དབྱེན་འདུམ་མཆོད་རྟེན་ནི།⛩️⛩️

འོད་མའི་ཚལ་དུ་ལྷས་བྱིན་གྱིས་དགེ་འདུན་ནང་ཕན་ཚུན་ཐུགས་མི་མཐུན་པའི་དབྱེན་བྱས་པས་ན་མཆོག་ཟུང་གིས་འདུམ་པར་མཛད་པའི་ཚེ་མ་ག་དྷ་པ་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ཟུར་བཅད་དབྱེན་འདུམ་མཆོད་རྟེན།

གཞན་གཡི་རྒོལ་བ་ངེས་པར་ཚར་གཅོད་ཕྱིར། །

མུ་སྟེགས་སྟོན་པ་དྲག་དང་ལྷས་བྱིན་སོགས། །

འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །

ཐུབ་པ་ཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །



༧༽རྣམ་རྒྱལ་མཆོད་རྟེན་ནི།⛩️⛩️


ཡངས་པ་ཅན་དུ་བདུད་སྡིག་ཅན་གྱིས་སངས་རྒྱས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པ་ན་མགར་བའི་བུ་ཙུན་དྷ་སོགས་ཀྱི་མྱ་ངན་ལས་མ་འདའ་བར་གསོལ་བ་བཏབ་པའི་ཚེ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པར་མཛད་པའི་དུས་ལི་ཙ་བྱི་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་རྣམ་རྒྱལ་མཆོད་རྟེན་ཡིན་ནོ།

གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །

ཨ་གྷ་མ་གྷ་དྷ་ནི་སྒྱུ་རྩལ་བསྟན། །

སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་གཅོད་དེ། །

འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །



༨༽མྱང་འདས་མཆོད་རྟེན་ནི།⛩️⛩️


གྲོང་ཁྱེར་རྩྭ་མཆོག་གྲོང་དུ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་རྒྱལ་པོ་མ་སྐྱེས་དགྲས་བཞེངས་པའི་མཆོད་རྟེན་མྱང་འདས་མཆོད་རྟེན་རྣམས་སོ།

ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །

རྩ་མཆོག་གྲོང་གི་ས་གཞི་གཙུ་མ་རུ། །

འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །

མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །


阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章