༄༅།།གལ་ཏེ་ཚུལ་ཁྲིམས་བློ་གྲོས་མ་བྱུང་ན།
{རིགས་ཞེན་གྱིས་བསླུས་པའི་དཔའ་བོ་རེ་རེ་ནས་དུར་ཁྲོད་དུ་བཞུད་རྗེས་ང་ཚུལ་ཁྲིམས་བློ་གྲོས་ལ་ཤིན་ཏུ་སེར་སྣ་འོང་།}
རྩོམ་པ་པོ། ཀུན་ཁྱབ་ཡེ་ཤེས།
༡
གལ་ཏེ་ཚུལ་ཁྲིམས་བློ་གྲོས་མ་བྱུང་ཞིང་།
ཧ་ཅང་མིད་པ་ཚ་བའི་ཚེ་སྲོག་འདྲ་མཉམ་གྱི་འབོད་སྐད་དེ་ཉིད་ཁོང་གིས་བཏང་མེད་པ་ཡིན་ན། ཤིན་ཏུ་ཉམ་ཆུང་བའི་བདེ་སྐྱིད་ཀྱི་ཚེ་སྲོག་མང་པོ་རལ་གྲིའི་སོ་ཁ་ལ་སྦྱར་ཏེ།
ཤ་ཁྲག་ཚིལ་གསུམ་གྱི་ཁ་ཟས་འབའ་ཞིག་འཚོ་བའི་ལོངས་སྤྱོད་དུ་བྱེད་པའི་རོང་འབྲོག་མང་པོས། མགོ་ཝ་ཞྭ་དང་། རྒྱབ་རྩག་པ། རྐང་ཀོ་ལྷམ་གྱིས་བཏུམས་པའི་འཚོ་ཐབས་རྙིང་པ་དག དུས་གསར་གྱི་ལྗང་མྱུག་ལེགས་པར་འབུས་པའི་སྔོ་ལྡེམ་ལྡེམ་གྱི་སྤང་ཐང་དུ་ཁྱེར་ཡོང་སྟེ། སྐེ་གཡུ་བྱུར་དང་། རྐེད་སྐེག་ཆིངས། ཁ་མ་ཎི་དང་ལག་རལ་གྲིར་གྱུར་ཡོད་ངེས་ལ། དེ་དུས་སྔོན་ཐོན་དུས་རབས་གསར་བའི་བརྡ་འཕྲིན་གྱི་སྟེང་དུ། ཚེ་སྲོག་འདྲ་མཉམ་ལ་མགོ་བོ་འཕྲེད་དུ་གཅོད་ཅིང་། གདོད་མའི་འཚོ་ཐབས་ལ་མཁྲེགས་འཛིན་དམ་དུ་བྱེད་པའི་གདོང་དམར་ནག་གེར་འདུག་པའི་ང་ཚོར། གདོད་མའི་མི་རིགས་ཀྱི་ཐ་སྙད་བཏགས་ཏེ་ཤིན་ཏུ་རྗེས་ལུས་ཀྱི་དན་རྟགས་བཟོས་ཡོད་ངེས།
༥
གལ་ཏེ་ཚུལ་ཁྲིམས་བློ་གྲོས་མ་བྱུང་ཞིང་།
ད་ལམ་དུས་སུ་སྨིན་པའི་ཡུལ་སྲོལ་རྒྱུན་འཛིན་གྱི་ལམ་ལུགས་དེ་ཚོའང་ཁོང་གིས་བསྐྲུན་མེད་པ་ཡིན་ན། འཚོ་བའི་བདག་དབང་འདྲེ་ལ་བཅོལ་བའི་རྩྭ་ཐང་དུ། ལྷ་ལ་དད་པ་བྱེད་པའི་བོད་པ་སྙིང་རྗེ་བ་ང་ཚོས། རྣང་ཞིང་གྲུ་བཞི་ཤུལ་དུ་བསྐྱུར་ཞིང་གཡང་རྭ་སྒོ་བཞི་བཤས་རར་ཕབ་ནས་བས་མཐའ་རུ་ཡུལ་གྱར་བྱེད་ངེས་ལ། དེ་དུས་མི་རབས་སྟོང་ཕྲག་མང་པོས་ལག་ལེན་ལ་བརྒྱུས་ཤིང་། ལོ་རབས་ཁྲི་ཕྲག་མང་པོས་ཤེས་རབ་ཀྱིས་བཏེགས་པའི་སྒང་བ་བོད་པའི་རིག་གནས་ནི། གཞུ་རྒྱུད་ཆད་པའི་གཞུ་མོ་བཞིན་དོན་གནད་ཀྱི་སྲོག་དང་བྲལ་བར་འགྱུར་ལ། ཁ་བ་རི་བའི་རྒྱན་གོས་འདི་དག་ཀྱང་བདག་པོ་ཤི་བའི་རོ་རྫས་བཞིན་མེ་ལྷའི་ཞལ་དུ་སྟོར་ནས་ཕྱོགས་བཞིའི་མཁའ་རུ་དེངས་ཏེ། མཐར་རྒྱ་མ་རོང་གི་སྤྱི་ཚོགས་ཤིག་ཅིས་ཀྱང་གྲུབ་པར་མི་འགྱུར་ཏམ།
༦
གལ་ཏེ་ཚུལ་ཁྲིམས་བློ་གྲོས་མ་བྱུང་ཞིང་།
མི་རིགས་རིགས་རྒྱུད་སྲུང་བའི་ནད་ཡམས་སྔོན་འགོག་གི་ཕྱག་ལས་དེ་དག་ཀྱང་ཁོང་གིས་་གནང་མེད་པ་ཡིན་ན། ཉ་ཉུང་མཉམ་དུ་བསྡེབས་ཤིང་འབུ་སྦལ་ལྷན་དུ་འཚོ་བའི་འཇིག་རྟེན་དུ། ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ཀུན་སྤྱོད་ཀྱི་གཡུལ་འཐབ་ཏུ་ཞུགས་པས་སྤྱི་སྒེར་གྱི་དབང་ཤེད་པ་མང་པོས། མངོན་ལྐོག་གི་གཡོ་ཇུས་ཁྲོད་ཚེ་སྲོག་གི་རིང་མཐའ་འཛད་པའི་འགྲོ་བ་ཉམ་ང་བ་འདི་དག་དང་། བསམ་བཞིན་མ་ཡིན་པའི་རྒྱུ་འགྲུལ་ཁྲོད་ནད་ཡམས་ཀྱི་ཁ་དུག་ཕོག་པའི་ཉེས་མེད་ཀྱི་འགྲོ་བ་ཇི་སྙེད་པ་འདི་དག རིང་འདྲིས་སུ་སོང་བའི་འཁོར་ཡུག་དང་སྙིང་ཉེ་དག་གིས་རྒྱང་དུ་དོར་ཏེ། འཚོ་འདུན་གྱི་འདུན་པ་ཡོངས་སུ་ཟད་ནས། རལ་གྲི་སྣེ་གཅིག་གིས་གཙིགས་སྙམ་ཞིང་། ཐག་པ་རྒྱུན་གཅིག་གིས་སྒོག་སྙམ་ལ། ཐ་ན་ཟམ་པ་རྐང་གཅིག་ནས་མཆོངས་སྙམ་པའི་སེམས་ཁམས་སུ། སུ་ཞིག་གིས་འཚོ་བ་གསར་བའི་མཁའ་དབུགས་སྦྱིན་ཞིང་། གང་ཞིག་གིས་མདུན་ལམ་གསར་བའི་བློ་སྒོ་འབྱེད་ཨང་།
གསལ་བཤད། ཐོགས་མེད་གཉིས་པ་ཞེས་གྲགས་པའི་མཁན་པོ་ཁོང་གིས་བོད་སྐད་ཡིག་དང་ནད་ཡམས་སྔོན་འགོག དེང་རབས་ལམ་ཕྱོགས་སོགས་དངོས་ཡོད་ཀྱི་ལེགས་བྱས་རྣམས་ལ་ཡི་རང་གི་ཚབ་ཏུ་རྩོམ་འདི་འབྲི་བ་ལས་སྒྲོ་སྐུར་ལ་སྤྱང་ཞིང་གཏོར་བརླག་ལ་ལོབ་པའི་སྤྱི་ཚོགས་ལ་ནི་སྔར་ནས་སྙིང་འཕྱོ་ཞིང་ཞེ་མེར་ཡོད་པས་དེ་ལ་འཇུག་འདོད་ནི་རྨི་ལམ་དུའང་ཡོད་རེ་སྐན་ཞུ་ཞུའོ།།