ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བསྟོད་པ་དད་པའི་གསོས་སྨན། | 麦彭仁波切赞美

乐活   2024-12-06 12:08   青海  



ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བསྟོད་པ་དད་པའི་གསོས་སྨན།

ཆོས་རྗེ་ཡིད་བཞིན་ནོར་བུས་མཛད།


ཀུན་མཁྱེན་མི་ཕམ་སྐུ་འཁྲུངས་ནས་ལོ་འཁོར་179 ལོན་པའི་དུས་ཆེན་བསུ།
 (1846-2024)
༡༽
རབ་འབྱམས་ཞིང་བཞུགས་སྲས་བཅས་རྒྱལ་ཀུན་གྱི། །
གསང་གསུམ་ཡོན་ཏན་གཅིག་ཏུ་སྤུངས་བའི་དཔྱིད། །
ཞིང་འདིའི་འགྲོ་ངོར་བཤེས་གཉེན་སྐུར་སྣང་བ། །
མི་ཕམ་རྒྱ་མཚོ་གཏན་གྱི་སྐྱབས་སུ་བསྙེན། །
༢༽
གང་གི་ཡོན་ཏན་ཟབ་ཡངས་ཆུ་གཏེར་ཁྱོན། །
ཚུར་མཐོང་ཀ་རྚའི་འདོམ་གྱིས་གཞལ་དཀའ་ཡང་། །
བདག་བློ་སྐྲ་རྩེའི་ཁྱོན་ལ་མཛའ་བའི་ཆབ། །
དད་གསུམ་ཆུ་སྐྱེས་གསོས་སུ་དེང་འདིར་ལེན། །
༣༽
ཉིད་སྐུ་ཕན་བདེ་བྱེ་བའི་ཟེར་འཕྲེང་ཅན། །
ལེགས་སྨོན་རྟ་བདུན་ཁྱོགས་ཀྱིས་ཉེར་དྲངས་ཚེ། །
འགྲོ་ཀུན་མོས་བློའི་རྫིང་བུ་དང་འཚམ་པར། །
འགོག་མེད་སྣང་ཡང་ཀུན་རྟོག་ཟུག་རྔུས་དབེན། །
༤༽
ནམ་མཁའ་སྲིད་དུ་དཔག་ཡས་ཞིང་རྣམས་སུ། །
འཕགས་དང་སོ་སྐྱེའི་གཟུགས་སུ་ཡོངས་བསྒྱུར་ཏེ། །
འགྲོ་མང་བྱང་ཆུབ་གསུམ་ལ་དཀྲི་མཛད་ཀྱང་། །
མི་ཁེངས་མི་ཞུམ་དམ་པ་སྤྱི་ཡི་ཚུལ། །
༥༽
རྡུལ་ཕྲན་ཁྱོན་ལ་རྡུལ་སྙེད་ཞིང་བཀོད་དེ། །
བསྐལ་མང་མཛད་པ་སྐད་ཅིག་ལ་སྟོན་ཡང་། །
ཞིང་དང་བསྐལ་པ་ཕྲ་བར་འཕོས་མིན་ཏེ། །
དབང་བསྒྱུར་སྟོབས་ལ་དབང་བའི་ཁྱད་ཆོས་ལགས། །
༦༽
མདོ་སྡགས་རིག་གཞུང་རྒྱ་མཚོའི་ཚིག་དོན་ལ། །
སྡུག་འབད་བརྩོན་པའི་ཁུར་གྱིས་ནོན་མིན་པར། །
སྙིང་དབུས་མི་ཤིགས་གཞོན་ནུའི་སྒོ་ཕྱེས་ཚེ། །
སྤོབས་བའི་གཏེར་ཆེན་བརྒྱད་ལ་མངའ་དབང་འབྱོར། །
༧༽
ཆུང་ངུའི་དུས་ནས་མཁྱེན་པའི་རྩལ་རྫོགས་ཏེ། །
རྩོད་འཆད་རྩོམ་པས་ཐུབ་བསྟན་གསལ་ནུས་པ། །
འཕགས་པའི་ཡུལ་ན་ཙཎྚ་གོ་མི་དང་། །
བསིལ་ལྗོངས་ཁྱོན་ན་འཇམ་མགོན་བླ་མ་ཙམ། །
༨༽
ཕས་རྒོལ་ལོག་རྟོག་བྲག་རི་དཔངས་མཐོ་བ། །
ལུང་རིགས་ཐོག་ཟེར་དབལ་གྱི་ཟུར་ཙམ་ཞིག །
ཕོག་པའི་མོད་ལ་འཕྲལ་དུ་གཏོར་མཛད་པ། །
འདྲེན་མཆོག་ཁྱོད་ནི་ཕྱོགས་གླང་ཡབ་སྲས་དངོས། །
༩༽
སྤྲོས་བྲལ་རིག་པའི་གནད་གསང་སྟོན་པ་ལ། །
གཞན་དྲིང་མི་འཇོག་སྨྲ་བའི་མཛད་ཚུལ་འདི། །
སྐྱབས་གཅིག་ཁྱེད་དང་འཕགས་མཆོག་ཀླུ་དབང་ལ། །
མཉམ་པར་དབང་བའི་སྤྱི་ནོར་ཡིན་ནོ་སྙམ། ། 
༡༠༽
རྒྱས་འབྲིང་བསྡུས་གསུམ་ཡུམ་གྱི་སྦས་དོན་གནད། །
དངོས་དོན་བརྒྱད་དང་བདུན་ཅུས་བཀྲལ་བ་ན། །
དགའ་ལྡན་ཞིང་བཞུགས་བྱམས་པ་མགོན་པོ་དང་། །
མགོན་ཁྱོད་སོ་སོར་འབྱེད་པའི་སྤུ་རིས་སྟོར། ། 
༡༡༽
འདུལ་མངོན་འདབ་སྟོང་གཞོན་ནུའི་སྦྲང་རྩིའི་བཅུད། །
རྣམ་དཔྱོད་རྐང་དྲུག་ཧུབ་ཀྱིས་གཞིབ་མཁས་པ། །
ཐོགས་མེད་སྐུ་མཆེད་ཡོན་ཤཱཀ་རྣམ་གཉིས་ཀྱི། །
གཙང་མའི་རྣམ་ཐར་ཁྱོད་ལ་དུས་གཅིག་དབང་། །
༡༢༽
མིག་མི་འཛུམ་པ་མཐུ་སྟོབས་བདག་པོ་ཟུང་། །
བསམ་བཞིན་ཞིང་འདིར་བྱོན་པའི་མཁས་དབང་གིས། །
ཁྱེད་གསུང་ནོར་བུའི་བྱི་དོར་ཁུར་བཞེས་ཚེ། །
སྙན་པའི་གཏམ་གྱིས་སྲིད་གསུམ་དོག་པོར་བྱས། །
༡༣༽
བཀའ་དང་བསྟན་བཅོས་ཇི་སྙེད་བཞུགས་ཀུན་གྱི། །
དགོངས་པའི་གནད་གསང་ཚང་ལ་མ་ནོར་བ། །
ཉུང་ངུའི་ངག་གིས་བདེ་བླག་སྟོན་པ་འདི། །
རླབས་ཆེན་ཐུགས་བསྐྱེད་སྨོན་པའི་རང་གཟུགས་ལགས། །
༡༤༽
ཟབ་རྒྱས་གསང་ཆེན་རྒྱུད་ལུང་འགྲེལ་བ་ལ། །
རྣམ་འདྲེན་བཞི་བས་བསྔགས་བརྗོད་མེ་ཏོག་འཐོར། །
རྒྱལ་ཀུན་བཀའ་ཡི་སྡུད་པོ་གསང་བའི་བདག །
བཤེས་གཉེན་ཟོལ་དུ་བསྒྱུར་བར་གོར་མ་ཆག །
༡༥༽
རིག་འཛིན་རྣམ་བརྒྱད་དགོངས་པའི་དབྱིག་འཛིན་གཞིར། །
ཟླུམ་པོར་འཁྱིལ་པ་སྨིན་གྲོལ་སྒྲུབ་སྡེའི་མཚོ། །
ཐར་འདོད་བློ་ཡི་ཞིང་སར་འདྲེན་མཁས་པ། །
མགོན་འདིའི་ཡོན་ཏན་བསམ་བཞིན་སྙིང་ནས་དད། །
༡༦༽
ནང་རྒྱུད་སྐོར་གསུམ་ཀཻ་ལ་ཤ་ཡི་མདངས། །
དྲི་བྲལ་ལུང་རིགས་ཉིན་བྱེད་སྣང་བ་ཡིས། །
གསལ་བྱེད་མཛེས་པའི་རྒྱན་གཅིག་འདི་འདྲ་བ། །
ད་སྡོན་ནོར་འཛིན་ཁྱོན་ན་དཀོན་མིན་ནམ། །
༡༧༽
ཟབ་གསལ་གཉིས་མེད་སྟོན་པའི་རྒྱུད་ཀྱི་དོན། །
གྲུབ་བརྒྱའི་སྤྱི་མེས་མཆོག་གི་མན་ངག་བཞིན། །
ཡང་གསང་སྙིང་ཐིག་ལམ་དུ་བཀྲལ་བའི་གཞུང་། །
ཐོས་པ་ཙམ་གྱིས་སྲིད་རྩ་ཧྲུལ་པོར་བྱེད། །
༡༨༽
གཟུངས་མཆོག་བརྒྱད་ལ་དབང་བ་རྗེ་ཁྱེད་ཀྱིས། །
ཚིག་གཅིག་དོན་ཡང་བསྐལ་མང་བརྗོད་བྱས་ཀྱང་། །
མི་བཟློག་ཟད་པ་མེད་པའི་རྣམ་ཐར་སྒོ། །
རིས་མེད་འགྲོ་བའི་མངོན་སུམ་དཔལ་དུ་བཞག །
༡༩༽
འཕགས་བོད་རྒྱ་ནག་ཤམ་བྷ་ལ་སོགས་ཀྱི། །
སྒྲ་རིགས་མཐའ་དག་ཐུགས་དབུས་འཆང་ཁྱེད་ལ། །
ཀ་ཙན་དབྱངས་ཀྱི་རི་མོས་སེམས་ཁེངས་པའི། །
མཁས་རློམ་སྟོང་གི་འགྲན་པའི་ཡུལ་ལས་འདས། །
༢༠༽
ཡན་ལག་བརྒྱད་ཀྱིས་བཅིངས་པའི་གསོ་རིག་མཚོ། །
རྣམ་དཔྱོད་ཧུབ་ཀྱིས་ལྷག་མེད་དྲངས་བའི་མཐར། །
སྡོན་མེད་འཆི་གསོ་རོ་བརྒྱའི་ཞལ་ཆབ་རྒྱུན། །
སྐལ་བཟང་བློ་ཡི་ཡོལ་གོར་ལྷུང་ལྷུང་འབེབས། །
༢༡༽
བཟོ་དང་སྒྱུ་རྩལ་རྩེད་མོའི་ཐབས་ཚུལ་འབུམ། །
ཁྱོད་ཐུགས་རྩལ་ལས་ཤར་བ་འདི་འདྲ་བ། །
མཐའ་བཞིའི་རྒྱལ་ཁམས་གང་ནའང་མེད་ངེས་ཕྱིར། །
ཐབས་མཁས་མཛད་པའི་ཕ་མཐའ་སུ་ཡིས་གཞལ། །
༢༢༽
བཅུ་གཉིས་ཁྱིམ་ལ་རྒྱུ་བ་གཟའ་དགུའི་འགྲོས། །
སྒྱུར་བགོད་རི་མོས་འཇལ་བ་ཙམ་མིན་པར། །
ལས་རླུང་དབུ་མར་སོན་པའི་ཨཱ་དར་ཤར། །
ཞག་གསུམ་ཡུལ་དུས་སྣང་བརྙན་འབུམ་གྱིས་འཁྱུད། །
༢༣༽
སྭོ་རོ་དོ་ཡི་རྒྱུད་གཞུང་གཟའ་སྐར་འབུམ། །
གང་ཐུགས་མཁའ་དབྱིངས་ལྟོ་བར་སྦྲུམ་པ་དང་། །
ཆབ་གཅིག་ཚར་གཅོད་རྗེས་འཛིན་ཟེར་འཕྲེང་ཚོགས། །
མ་འབད་གླིང་བཞི་གསལ་བའི་དཔྱིད་དུ་སྨིན། །
༢༤༽
སྡེབ་སྦྱོར་རྒྱན་གྱིས་སྤུད་པའི་སྙན་འཇེབས་ངག །
བྱ་དཀའ་མཁས་མང་ལོ་ཟླར་བསྒྲིག་དགོས་གནས། །
མཉམ་པར་བཞག་པ་ཁོ་ནའི་ལག་རྗེས་སུ། །
མིག་འཕྲུལ་བཞིན་དུ་སྐད་ཅིག་ཡུན་ལ་བསྐྲུན། །
༢༥༽
སྐད་ཅིག་རེར་ཡང་ཕྱོགས་བཅུའི་ཡིད་ཅན་ལ། །
རང་རང་སྐད་དང་སྤྱོད་པའི་ཆོས་སྟོན་ཕྱིར། །
མངོན་བརྗོད་ཟློས་གར་གཏམ་གྱི་རྣམ་འགྱུར་ཀུན། །
གང་གི་ཞལ་ལས་འོངས་མོད་ངོ་མཚར་ཅི། །
༢༦༽
དཔྱད་གསུམ་དག་པ་ཉིད་ཀྱི་ལེགས་བཤད་ཀུན། །
ཀུན་རྟོག་བློ་ཡིས་ཆེད་དུ་བསྒྲིགས་མིན་པར། ། 
འཁྲུལ་མེད་དགོངས་པའི་གཏེར་ལ་དབང་བའི་ཚུལ། །
བདེན་གསུང་དྲི་བྲལ་ཕྱི་རབས་དཔལ་དུ་བཞག །
༢༧༽
གང་གི་སྡོམ་གསུམ་གཙང་མའི་སྤྱོད་ཚུལ་གྱིས། །
མཁན་ཆེན་པདྨའི་མཚན་ཡང་ཐུགས་འཕྲོགས་ནས། །
མགོན་འདི་གངས་རིའི་ཁྲོད་ཀྱི་རྟ་ཐུལ་ཞེས། ། 
བསྔགས་བརྗོད་མེ་ཏོག་སིལ་མ་གཅལ་དུ་བཀྲམ། །
༢༨༽
སྔོན་ཞིག་འཇམ་དཔལ་གཞོན་ནུའི་སྐུར་བཞེངས་དུས། །
གང་གི་མཛད་སྤྱོད་དྲི་བྲལ་ནམ་མཁའི་ཁྱོན། །
བསྟན་པའི་བདག་པོ་འོད་སྲུང་ཆེན་པོས་ཀྱང་། །
གཞལ་དཀའི་གནས་སུ་མཐོང་ནས་ཡིད་སྣང་གཡོས། །
༢༩༽
སྒྲིབ་གཉིས་ཟད་པར་སྤངས་བའི་སེམས་དཔའ་ཁྱོད། །
སྒྲིམ་པོའི་སྤྱོད་ལ་དགྱེས་ཚུལ་མི་དགོས་ཀྱང་། །
དོན་མཐུན་སྤྱོད་པའི་ཚུལ་འདི་བསམས་བྱས་ཚེ། །
ཟ་ཧོར་མཁན་པོ་རྣམ་གཉིས་ཡིད་ལ་འཁོར། །
༣༠༽
གསང་ཆེན་སྔ་འགྱུར་བསྟན་པའི་ཉིན་བྱེད་འོད། །
ལྔ་བདོའི་སྤྲིན་ནག་རུམ་དུ་གཟིམས་པའི་ཚེ། །
གང་གི་ཐུགས་བསྐྱེད་དྲི་བཞོན་ཕོ་ཉ་ཡིས། །
སླར་ཡང་སྣང་བའི་སྒོ་འཕར་བརྒྱ་ཕྲག་ཕྱེས། །
༣༡༽
བཀའ་བབ་བདུན་ལྡན་མདོ་སྡགས་གླིང་པ་ཡིས། །
ཐུབ་བསྟན་ཡོངས་ཀྱི་བདག་པོར་མངའ་གསོལ་ཚེ། །
སྒྲུབ་བརྒྱུད་བརྒྱད་ཀྱི་ཟབ་གནད་མཐའ་དག་ཀུན། །
འཆད་སྤེལ་རྩོམ་པའི་བཀའ་དྲིན་ཕ་མཐའ་ཡས། །
༣༢༽
སྣོད་བཅུད་རྒུད་པའི་གདུང་བ་གཞོམ་པའི་ཕྱིར། །
ཡུལ་ཕྱོགས་ཀུན་ཏུ་གཏེར་གྱིས་ཕྱུར་བུར་གཏམས། །
དགེ་ལེགས་སྲིད་གསུམ་ཁྱབ་པའི་ཐུགས་སྨོན་མཆོག །
པདྨའི་སྲས་མཆོག་ཁྱོད་མིན་སུ་ལ་དབང་། །
༣༣༽
རྫས་སྡགས་ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིས། །
བཟོད་དཀའི་ནད་གདོན་གཞོམ་པའི་མན་ངག་ཚོགས། །
རིས་མེད་འགྲོ་བའི་མདུན་སར་བརྡལ་བ་ཡི། །
བཀའ་དྲིན་ལན་དེ་བསབ་པར་དཀའ་མིན་ནམ། །
༣༤༽
ཐུབ་པ་མཆོག་དང་ཉེ་སྲས་རྣམ་བརྒྱད་ཀྱི། །
སྐྱེས་རབས་རྟོགས་བརྗོད་གཏམ་གྱི་གླེང་མོ་ཡིས། །
དཔག་ཡས་ལུས་ཅན་ཐར་ལམ་བཀོད་པ་ཡི། །
བཟང་པོའི་རྣམ་ཐར་ཙམ་ཡང་སུ་ཡིས་དཔོག །
༣༥༽
སྡིག་ལྟུང་མེ་དཔུང་མཁའ་ལམ་འགེངས་པ་ལ། །
སྲས་བཅས་རྒྱལ་བའི་མཚན་སྡགས་ཆར་ཟིམ་རྒྱུན། །
བར་མེད་བསྙིལ་བའི་མཛད་ཚུལ་རྨད་བྱུང་འདི། །
ས་མཆོག་སེམས་དཔའ་ཁྱོད་ཀྱི་བཀའ་དྲིན་ལགས། །
༣༦༽
དེང་སང་གངས་རིའི་ཀློང་འདིའི་མཁས་བླུན་ཀུན། །
སྡེ་གསུམ་སྐོར་བཞིའི་མན་ངག་དྲི་མེད་ལ། །
སྡང་ཞུགས་ལོག་ལྟའི་གདོན་ཆེན་སྤངས་བ་འདི། །
དམ་པའི་དབང་པོ་ཁྱེད་ཀྱི་དྲིན་ལས་བྱུང་། །
༣༧༽
དུས་གསུམ་ཀུན་མཁྱེན་པདྨ་སམ་བྷ་ཝས། །
སྤངས་རྟོགས་མཐར་སོན་ཁྱེད་ཀྱི་བསྟོད་བསྔགས་ཚོགས། །
ལན་བརྒྱར་བརྗོད་པའི་དྲི་བྲལ་ལུང་བྱང་རྣམས། །
རྗེ་འབངས་གྲོགས་ལ་གཅེས་ནོར་ཚུལ་དུ་གདམས། །
༣༨༽
སྲན་མ་མ་ཤའི་སྦྱོར་བ་ཉམས་བཞེས་ཚེ། །
སྡོ་ལྗང་མྱུ་གུས་ཞལ་དཀྱིལ་ཁེབས་པ་ཡི། །
ངོ་མཚར་གྲུབ་པའི་རྒྱལ་མཚན་བསྒྲེངས་པ་ན། །
བདུད་སྡེའི་དཔུང་རྣམས་ཞུམ་པའི་གནས་ལ་བཀོད། །
༣༩༽
བོད་འདིར་ཇི་སྙེད་བཞུགས་པའི་རྒྱལ་གསུང་ཀུན། །
ཉིན་ཞག་གསུམ་གྱི་ཁོངས་སུ་ཐུགས་ལ་ཟིན། །
འཇམ་དཔལ་གཞོན་ནུས་ཕྱག་གི་རལ་གྲི་ཡིས། །
མངོན་སུམ་དབང་བསྐུར་བསྟན་པའི་མཛོད་ཀུན་གཏད། །
༤༠༽
འདོད་ཁམས་དབང་ཕྱུག་སྙིང་ལ་ཞུགས་པ་ཡི། །
དགྲ་སྡེ་མང་པོས་མཚོན་ཆར་ཕབ་ཚད་ཀུན། །
མཁྱེན་རབ་བདག་པོའི་སྐུ་གཟུགས་དངོས་སུ་གྱུར། །
སྒྱུ་རྩལ་སྟོབས་ཀྱིས་ཕ་རོལ་ཟིལ་གྱིས་མནན། །
༤༡༽
སྡེ་གསུམ་ཆོས་ཀྱི་སྲུང་མ་ཇི་སྙེད་ཀུན། །
ཁྱི་བཟང་རྗེ་ལ་འདུན་པའི་སྤྱོད་ཚུལ་གྱིས། །
གུས་བཅས་ཕྱག་གིས་བསྙེན་པའི་དེ་མ་ཐག །
གང་བཅོལ་ལས་ཀུན་སྒྲུབ་པ་ཀུན་གྱིས་མཐོང་།།
༤༢༽
ཞེ་སྡང་གཟུགས་སུ་ཤར་བའི་འབྱུང་པོ་ཡང་། །
ཁྱོད་ཞལ་བདུད་རྩིས་བྲན་པའི་དེ་མ་ཐག །
བྱམས་པའི་སེམས་ཀྱིས་རང་གཟུགས་དངོས་བསྟན་ནས། །
མངགས་གཞུག་བྱ་བ་བསྒྲུབས་པ་མཐུན་སྣང་ཡུལ། །
༤༣༽
བསྟན་ཞབས་སྡུད་པ་ཀླ་ཀློའི་གཤེད་པོ་རུ། །
ཁྲོ་ཆེན་ཡ་མན་ཏ་ཀའི་སྐུར་བཞེངས་ཚེ། །
གཟའ་སྐར་ཚོགས་ཀྱིས་རྔམས་ཟིལ་མ་བཟོད་དེ། ། 
འདར་བཞིན་བྲོས་པ་བསིལ་ལྗོངས་སྤྱི་ལ་སྣང་། །
༤༤༽
ཚེ་མཐའ་ཡས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །
འཆི་མེད་བདུད་རྩི་ཐུགས་དབུས་སིམ་པའི་མོད། །
ལྷ་དང་སྐལ་བ་མཉམ་པའི་ངོ་མཚར་འབུམ། །
སྐལ་ལྡན་བུ་ལ་མངོན་སུམ་སྣང་བར་མཛད། །
༤༥༽
གང་གི་དགོངས་པ་གཏད་པ་ཙམ་གྱིས་ཀྱང་། །
ཞགས་པས་འཁྱུད་བཞིན་རླུང་ཡང་འགྲོ་དབང་བྲལ། །
འབབ་ཆུའི་ཚོགས་ཀྱང་ཕྱིར་ལ་ལོག་གྱུར་ཅིང་། །
མདའ་དར་མཛེས་པས་ཆུ་དཀྱིལ་བྲོ་གར་འཁྲབ། །
༤༦༽
འཇག་མའི་བསྟར་བའི་སྒྱོགས་རྡོའི་འཕྲུལ་འཁོར་གྱིས། །
མཁའ་ལ་བསྙེགས་པའི་རྡུལ་ཕུང་བརླགས་བྱས་ཏེ། །
མ་འོངས་རིགས་ལྡན་དམག་དཔོན་སྐུར་བཞེངས་དུས། །
མཐུ་སྟོབས་མཁའ་དང་མཉམ་པའི་ཆེ་བ་བསྟན། །
༤༧༽
ཤྭ་རྡེལ་ས་སྟེང་བོར་དང་ཆབས་གཅིག་ཏུ། །
རྒྱང་གནས་ཁང་ཁྱིམ་མང་པོ་གཏོར་བྱས་ཏེ། །
འདི་བཞིན་གླིང་བཞི་དུས་གཅིག་བཤིག་དགོས་ཀྱང་། །
དཀའ་བ་མེད་ཅེས་མི་འཇིགས་གསུང་དབྱངས་བསྒྲགས། །
༤༨༽
རི་དབང་བཤིག་ལའང་ནུས་མཐུ་ཐོགས་མེད་པའི། །
རིགས་སྡགས་འཆང་བ་སྟོང་ཕྲག་ཉེར་གསུམ་གྱིས། །
དུས་གཅིག་དམོད་པའི་འཕྲུལ་འཁོར་བསྐོར་བྱས་ཀྱང་། །
ཁྱེད་ལ་གནོད་མེད་ཕན་པའི་དཔལ་དུ་གྱུར། །
༤༩༽
བསྲེག་པའི་ལས་མཐའ་གང་དང་གང་བྱེད་ཀྱང་། །
ཐ་མལ་མེ་ཡི་སྟོབས་ལ་ལྟོས་མིན་པར། །
གཏུམ་མོའི་ཨ་ཤད་སྦར་བའི་བྱེད་པ་ཡིས། །
བསྲེག་རྫས་ལྷ་ལ་འབུལ་བའི་ཆོ་འཕྲུལ་བསྟན། །
༥༠༽
འཆད་རྩོད་རྩོམ་པའི་དོན་ལ་ཐུགས་གཞོལ་ཚེ། །
མཁས་གྲུབ་མང་པོས་འཇམ་དཔལ་དངོས་སུ་མཐོང་། །
ལ་ལས་སྐུ་གཟུགས་འོད་ཀྱིས་འཁྱུད་སྣང་སོགས། །
སྐལ་བར་འཚམ་པའི་མཐོང་སྣང་མང་དུ་བྱུང་། །
༥༡༽
གཏེར་རིགས་བཅོ་བརྒྱད་འབྱེད་པའི་དན་རྟགས་སུ། །
འཇམ་དཔལ་ཡབ་ཡུམ་ས་བོན་འཕྲུལ་གྱི་གཟུགས། །
མཐོ་བརྗིད་བྲག་རིའི་དབུས་ནས་བཏོན་པ་སོགས། །
འདུས་པའི་འཁོར་ལ་དཔག་མེད་སྣང་བར་བྱས། །
༥༢༽
འཁོར་དུ་འདུས་པའི་སྐྱེ་བོ་མཐའ་དག་གི །
ཡིད་ལ་ཇི་ལྟར་ཤར་བའི་བྱེ་བྲག་རྣམས། །
མ་འདྲེས་གསལ་བར་གསུང་ཚུལ་དྲང་པོའི་གཏམ། །
ཞལ་སློབ་དུ་མའི་མགྲིན་པའི་རྒྱན་དུ་བྱས། །
༥༣༽
སྒྲིབ་མེད་དུས་གསུམ་མཁྱེན་པའི་ལུང་བྱང་རྣམས། །
མཁས་དབང་སྲས་ཀྱི་དཔལ་དུ་བསྩལ་བ་ལས། །
ཇི་ལྟར་དཔྱད་ཀྱང་ནོར་བའི་སྐབས་མེད་ཕྱིར། །
བསམ་ཞིང་བསམས་ཚེ་ཐམས་ཅད་མཁྱེན་པར་ངེས། །
༥༤༽
མཛད་པ་ཐ་མའི་ཚུལ་ལ་དགྱེས་དགོངས་ཚེ། །
དབང་བཅུ་མཐའ་རུ་ཕྱིན་པའི་འབྲས་རྟགས་འབུམ། །
དད་ལྡན་འགྲོ་ལ་སྣང་བའི་རྣམ་ཐར་འདི། །
ཇི་ལྟར་བསམས་ཀྱང་སངས་རྒྱས་དངོས་དང་མཉམ། །
༥༥༽
རང་སྣང་མངོན་པར་དགའ་བའི་ཞིང་ཁམས་སུ། །
རྫོགས་སྨིན་སྦྱངས་བ་རྒྱ་མཚོ་མངོན་བྱས་ནས། །
ནམ་མཁའ་སྲིད་དུ་དཔག་ཡས་སྤྲུལ་བ་ཡིས། །
འགྲོ་རྣམས་འདྲེན་པའི་ཞལ་ཆེམས་དགྱེས་བཞིན་བསྩལ། །
༥༦༽
ཉིད་ལ་འབྲེལ་བ་ཐོགས་པ་ཇི་སྙེད་ཀུན། །
མི་རིང་འཇམ་དཔལ་དཔའ་བོའི་ངོ་བོ་རུ། །
མངོན་འཚང་རྒྱ་ཞེས་དྲི་མེད་སེངྒེའི་སྒྲ། །
སྐལ་བཟང་ཡིད་ཀྱི་དཔལ་དུ་ཡང་ཡང་གནང་། །
༥༧༽
དམག་དཔོན་སེངྒེ་འབུམ་པའི་སྐུར་བཞེངས་ཏེ། །
རིགས་ལྡན་ཕྲིན་ལས་སྤེལ་བའི་དུས་སྐབས་སུ། །
ཉིད་ཀྱི་ཆོས་བརྒྱུད་འཛིན་པ་མཐའ་དག་ཀུན། །
ཚོམ་བུ་གཅིག་ཏུ་འདུ་བར་བསླུ་མེད་གསུངས། །
༥༨༽
གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་ཚེ། །
སྐུ་གདུང་འཇའ་འོད་རིང་བསྲེལ་ལ་སོགས་པ། །
གསང་ཆེན་གཞུང་ལས་བཤད་པའི་གྲོལ་རྟགས་ཀུན། །
མ་ཚང་མེད་པ་འགྲོ་ཀུན་དཔལ་དུ་ཤར། །
༥༩༽
རྩོད་མེད་རིག་འཛིན་རྣམ་བཞིའི་རྣམ་ཐར་བཞིན། །
འཕོ་མེད་འཇའ་ལུས་མཆོག་གི་སྐུར་བཟུང་སྟེ། ། 
འདས་རྗེས་གདམས་པ་རྒྱུད་ལུང་མན་ངག་གནད། །
ཐུགས་སྲས་མཆོག་གི་ཕྱག་ཏུ་མངོན་སུམ་གནང་། །
༦༠༽
དགྱེས་ཞལ་འཛུམ་པའི་དཀྱིལ་འཁོར་ངོམ་བཞིན་དུ། །
ཟབ་རྒྱས་གདམས་པ་དངོས་སུ་གནང་བྱས་ཏེ། །
དོན་བརྒྱུད་ཕ་ཕོག་ཐུགས་ལ་སོན་གྱུར་པའི། །
རིག་འཛིན་མཁས་དབང་བར་མ་ཆད་དུ་བྱུང་། །
༦༡༽
དེ་སྐད་ལེགས་བཤད་སྤྲིན་གྱི་ཆར་ཟིམ་རྒྱུན། །
རིས་མེད་འགྲོ་བློའི་ཞིང་སར་ཉེར་སོན་ཏེ། །
དད་པའི་འདབ་སྟོང་འཛུམ་པའི་གེ་སར་ཁྱོན། །
ཡོན་ཏན་སྦྲང་རྩིའི་བཅུད་ཀྱིས་འགེངས་བར་ཤོག །
༦༢༽
སངས་རྒྱས་བསྟན་པའི་ཉི་འོད་ཕྱོགས་བཅུར་གསལ། །
ཕན་བདེའི་སྣང་བ་འགོག་མེད་འགྲོ་ལ་སྣང་། །
ཀུན་ཀྱང་རྒྱལ་སྲས་སྤྱོད་པ་མཐར་སོན་ཏེ། །
བྲལ་སྨིན་དྲུག་ཅུའི་དཔལ་ལ་སྤྱོད་གྱུར་ཅིག །
༦༣༽
བདག་ནི་འདི་ནས་སྐྱེ་བ་ཇི་སྲིད་དུ། །
མཐའ་ཀླས་ཞིང་དུ་འཇམ་མགོན་བླ་མ་ཡིས། །
སྣ་ཚོགས་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི། །
བྲན་དུ་གྱུར་ནས་དད་པས་བསྟེན་པར་ཤོག །
༦༤༽
བཀྲ་ཤིས་གང་ཞིག་མཁྱེན་བརྩེ་ནུས་པའི་གཏེར། །
འཕགས་པ་རིགས་གསུམ་མགོན་གྱི་དཔལ་ཡོན་ཀུན། །
ས་གསུམ་སྐྱེ་དགུའི་སྙིང་ལ་རབ་ཞུགས་ནས། །
ཕུན་ཚོགས་དགེ་ལེགས་ངང་གིས་རྒྱས་གྱུར་ཅིག །

ཅེས་ཚིགས་སུ་བཅད་པ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞིའི་གྲངས་ལྡན་འདི་ནི། རབ་རྒྱལ་ཤིང་འབྲུག་ཟླ་ཚེས་ལ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྤེལ་བ་དགེ་ལེགས་འཕེལ་མངྒ་ལཾ།། །།



阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章