གསོ་རིག་བསྟན་རྒྱས་སྨོན་ལམ་བཞུགས་སོ།

乐活   2024-12-05 13:15   青海  

གསོ་རིག་བསྟན་རྒྱས་སྨོན་ལམ།

  
མཛད་པ་པོ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།

  
ཞལ་འདོན་པ།           གསེར་རིག་ལྡན།

ཡོན་སྦྱོར་ཇུས་འགོད་པ་ཡ་ཆེན་སྨན་པ་གྲྭ་ཚང་། 
༄༅། །གསོ་རིག་བསྟན་རྒྱས་སྨོན་ལམ་བཞུགས་སོ། །

ན་མོ་གུ་རུ། །

བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །

ཕྱོགས་དུས་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །

བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


སྟོན་པ་མཉམ་མེད་ཤཱ་ཀྱའི་རྒྱལ་པོས་ཀྱང་། །

གཞོན་ནུ་སེམས་ཅན་སྨན་དུ་སྐུ་འཁྲུངས་ནས། །

ནད་རྣམས་སེལ་བར་ཐུགས་བསྐྱེད་བདེན་པའི་མཐུས། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


ཡུན་རིང་ཕ་དང་མར་གྱུར་དྲིན་ཅན་འགྲོ། །

མི་བཟོད་སྡུག་བསྔལ་ནད་ཀྱི་འདམ་ཚུད་པ། །

དེ་ལ་ཕན་གདགས་བདེ་གཤེགས་མཆོད་པའི་མཆོག །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


རིན་ཆེན་སྨན་མཆོག་སྦྱིན་པའི་ལག་བརྐྱང་ཚེ། །

ཕྱོགས་བཅུའི་ཞིང་ནས་སྲས་བཅས་རྒྱལ་བ་ཡི། །

གསེར་མདོག་ཕྱག་གིས་མེ་ཏོག་ཡང་ཡང་འཐོར། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


དྲི་མེད་བྱམས་པའི་བདུད་རྩིས་རྒྱུད་གཏམས་ཤིང་། །

ནད་རྣམས་ཀུན་སེལ་བདུད་རྩིའི་མཆོད་སྦྱིན་གྱིས། །

རིས་མེད་འགྲོ་ལ་ཕན་པའི་དྲིན་གཟོ་བ། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


བཟོད་མེད་སྙིང་རྗེ་ཆེན་པོས་རྒྱུད་བསྐུལ་ནས། །

རྒྱལ་བའི་སྲས་ཀྱི་ལམ་མཆོག་ཕར་ཕྱིན་དྲུག །

ཉམས་ལེན་སྨན་ལ་ཚང་བའི་ཐབས་མཁས་ཅན། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


ཚེ་འདིར་ལྷ་མིའི་གཙུག་གིས་མངོན་པར་འདུད། །

ཕྱི་མར་བདེ་ཆེན་ཌཱཀྐིའི་ཚོགས་ཀྱིས་མཆོད། །

བདེ་ནས་བདེ་བར་འགྲོ་བའི་ལམ་བཟང་པོ། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


ཁྱད་པར་སྨན་པའི་རྒྱལ་པོ་གཡུ་ཐོག་པར། །

ཕྱོགས་བཅུའི་རྒྱས་བ་སྲས་དང་བཅས་པ་དང་། །

འཇམ་དཔལ་དཔའ་བོས་མངོན་སུམ་ལུང་བསྟན་བཞིན། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག ། 


མ་འོངས་རྒྱུད་འདི་འཆད་ཉན་དར་བ་དང་། །

འདི་ཡི་ཚིགས་བཅད་གཅིག་ཙམ་ཐོས་པ་ཡང་། །

དོན་གཉིས་འགྲུབ་ཅེས་ལུང་བསྟན་བདེན་པའི་མཐུས། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


མགོན་པོ་མཆོག་དེས་རྒྱུད་འདི་འཛིན་པ་དང་། །

སྙིགས་མའི་འགྲོ་ལ་ལྷག་པར་བདག་ཉིད་ཀྱི། །

ཐུགས་རྗེ་ཆེན་པོས་སྐྱོབ་ལ་དམ་བཅས་པས། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


དེ་བཞིན་ཕྱོགས་བཅུའི་སྲས་བཅས་རྒྱལ་བས་ཀྱང་། །

སེམས་ཅན་ཕན་འདོགས་དམ་པའི་གང་ཟག་ལ། །

རྟག་ཏུ་ཐུགས་རྗེས་གཟིགས་པར་དམ་བཅས་པས། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


དེ་ཚེ་སྨན་སྲུང་ཞང་བློན་སྡེ་དགུ་སོགས། །

འཇིག་རྟེན་འཇིག་རྟེན་འདས་པའི་སྲུང་མ་ཡིས། །

རྒྱུད་འཛིན་སྲུང་སྐྱོབ་ཞལ་བཞེས་བདེན་པའི་མཐུས། །

གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །


གསོ་དཔྱད་མདོ་རྒྱས་ཀུན་ལ་མཁས་པ་དང་། །

ལག་ལེན་མན་ངག་གནད་དུ་ཕེབས་གྱུར་ཅིང་། །

སྙིང་རྗེ་ཆེན་པོའི་གཞན་དབང་སོང་བ་ཡི། །

འཚོ་བྱེད་དམ་པས་ས་འདི་ཡོངས་གང་ཤོག །


ཀུན་ཀྱང་སྤྱོད་ལམ་ཞི་ཞིང་སེམས་ཀྱང་ཞི། །

འགྲོ་བའི་སྡུག་བསྔལ་ཞི་བའི་ཐབས་བརྩོན་པས། །

རང་གཞན་ཀུན་ཀྱང་བླ་མེད་ཞི་བ་ཡི། །

གོ་འཕང་མཆོག་ལ་མྱུར་དུ་རེག་གྱུར་ཅིག །


བདུད་རྩི་མི་གཡོ་རྒྱལ་བའི་ཐུགས་རྗེ་དང་། །

བདུད་རྩི་དང་འདྲ་བྱམས་པའི་སེམས་ཀྱི་མཐུས། །

བདུད་རྩི་སྙིང་པོ་གསོ་བ་རིག་པའི་གཞུང་། །

བདུད་རྩིའི་སྤྲིན་ཆེན་བཞིན་དུ་རྒྱས་གྱུར་ཅིག །


མཚུངས་མེད་སྨན་པའི་རྒྱལ་པོ་གཡུ་ཐོག་པ། །

ཡང་ཡང་དྲན་ཅིང་གསོ་བ་རིག་པའི་གཞུང་། །

ནམ་གཞུག་རྫོགས་པའི་ཆུ་བཞིན་འགྲིབ་མཐོང་བས། །

མི་བཟོད་སྙིང་གི་ཟུག་རྔུ་ཆེས་ཆེར་ལྡང་། །


དེ་ཚེ་གང་དྲན་བཅོས་བཅོས་མེད་པ་རུ། །

བདེན་ཚིག་སྨོན་ལམ་ཁ་ནས་རང་རྡོལ་བ། །

འདི་བཞིན་སྨོན་པར་བྱེད་པའི་གང་ཟག་ལ། །

སྨན་པའི་རྒྱལ་པོའི་བྱིན་རླབས་འཇུག་གྱུར་ཅིག  །


བདེ་གཤེགས་བརྒྱད་དང་རིག་པའི་ཡེ་ཤེས་ལྔས། །

བདེན་མཐུས་སྒོ་གསུམ་དྲང་བོར་སྲོང་བའི་ལམ། །

གཞན་རྒྱུད་ཉེས་པ་མ་སྙོམས་སྙོམས་བྱེད་རྒྱུ། །

དྲང་སྲོང་རྒྱལ་བའི་རིང་ལུགས་འཕེལ་གྱུར་གཅིག །


ཡང་དག་གྲུབ་པ་ནམ་མཁའ་སྙིང་པོའི་དཔལ། །

དེ་ཡི་རྣམ་སྤྲུལ་ཐུབ་བསྟན་བསམ་གཏན་བཟང་། །

དཀོན་མཆོག་རྩ་གསུམ་སྲུང་མའི་བྱིན་མཐུ་དང་། །

འཇམ་དཔལ་དབྱངས་དང་ཚེ་ཡི་ལྷ་ཚོགས་རྣམས། །


ཕྱི་ནང་བདུད་དང་སྒྲིབ་གསུམ་མུན་པའི་ཚོགས། །

བར་ཆད་ཞི་ནས་བསྟན་པ་རབ་རྒྱས་ཤོག །

阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章