ཐོན་མི་རུ་དཔུང་ཚང་གི་མཉམ་བྲིས་སྙན་རྩོམ་སྤེལ་ཐེངས་བཅུ་བདུན་པ།

文化   2024-09-01 17:19   青海  

གཙང་འགྲམ་གྱི་གླུ། 

སྨྱུག་ལྕམ།

ཁམ་ལི་འབྲས་བུ་དུད་པའི་དཔྱིད་རྫོགས་ནས།།

སྟོན་ལོ་ལྷབ་ལྷུབ་གཡོ་བ་མི་མཛེས་སམ།།

འཁོར་བའི་འཕེལ་འགྲིབ་ལས་སུ་བཀོད་པ་ལ།།

དགོས་མེད་ཡིད་གདུང་ཉམ་ང་བྱ་དོན་ཅི།།


སེམས་ནི་གཉོམ་ཞིང་ངལ་བས་དུབ་པའི་ཚེ།།

ང་ནི་གཙང་པོའི་འགྲམ་གྱི་སྡོང་འོག་ཏུ།།

གཅིག་པུར་སྡོད་ནས་སྙན་ངག་གྱེར་མཁན་སྟེ།།

ཁོ་མོའི་མིང་ལ་དབྱངས་ཀྱི་གར་མ་འབོད།།


བསམ་འདུན་གཙང་མའི་སྨོན་པ་དེ་དག་གིས།།

རེ་བའི་འོད་ཐིགས་གདོང་གིས་བསུ་བར་བྱས།།

སྐྱེ་བོ་རེ་རེའི་བསམ་ཕྱོགས་མི་འདྲ་བས།།

འཚོ་བའི་གཏིང་མཐའ་གཞལ་བར་ག་ལ་ནུས།།


ལྷིང་འཇཊ་བཙལ་ཕྱིར་གཙང་བོའི་རབ་ཁ་བརྒལ།།

ཁོ་མོའི་གཤིས་ཀ་མ་གཞི་དེ་འདྲ་རེད།།

མ་སྨྲས་པ་ཡང་མཁྱེན་པར་འགྱུར་གྱུར་རམ།།

སྣང་བ་ཡོད་ཚད་སེམས་ཀྱི་ཆོ་འཕྲུལ་ལོ།།

ཁེར་རྐྱང་བ།

ཀེང་རུས།

ཚོར་བའི་མེ་ལྕེ་མཆེད་པའི་ནང་སེམས་ཀྱི་ན་ཟུག།

ཡིད་ཀྱི་གཏིང་རུམ་ལྷུང་བའི་གཟུག་མེད་ཀྱི་རྨ་ཁ།།

དགའ་སྐྱོ་ཆགས་སྡང་གིས་བཅིངས་པའི་སོ་སྐྱེ་ཕལ་བ།།

སྤྲིན་པའི་ལྭ་བ་གོན་པའི་མཁའ་དབྱིངས་ཀྱི་ཟླ་བ།།


རླུང་བུས་རླུང་བུ་འདེད་པའི་རི་མགོ་དང་སྨུག་པ།།

ཉི་ཟླའི་མཚམས་སུ་སྐྱོད་པའི་གནམ་འཕང་གི་ཐང་དཀར།།

ངེས་མེད་གཞན་ཡུལ་འགྲིམས་པའི་བྱང་ལམ་གྱི་རྟ་ཕོ།།

ཡོད་ཚད་བློས་བཏང་བྱས་པའི་དབེན་གནས་ཀྱི་བྱ་གཏོང་།།


མཚོ་མོས་འགྲམ་དར་གྱོན་པའི་དགུན་དུས་ཀྱི་ངང་བ།།

ཡིད་སེམས་མཚོ་ལ་ལྷུང་བའི་སེམས་གཅོང་དང་མིག་ཆུ།།

མི་བཟོད་ལུས་སེམས་ལྡང་བའི་གྲང་རླུང་དང་ཁ་བ།

གྲོགས་དང་གཉེན་གཤིན་མེད་པའི་ཁེར་རྐྱང་གི་མནར་གཅོད།།


བཟོད་མེད་ལྟོག་སྐོམ་མྱོང་བའི་ལམ་མདོ་ཡི་ཁྱི་སྡོམ།།

རྒྱུས་མེད་རྒྱལ་ཁམས་འགྲིམས་པའི་རྐྱལ་སྟོང་གི་བུ་ལོ།།

འབྱོར་ལྡན་ཕྱུག་པོ་ཚང་གི་ཁྱིམ་ཕྱགས་ཀྱི་བྲན་མོ།།

སུ་དང་གང་ལ་མི་མཁོ་མི་གཙང་བའི་གད་སྙིགས།།


སྟོན་ཁའི་སྤྲིན་པ་བཞིན་རླུང་བུས་རྒྱང་རིང་ལ་དེད།།

ཤེན་ཆགས་མིག་ཟུང་ནི་ཤུལ་ལུས་བུ་མོ་ལ་འཁོར།།

རྫོགས་མེད་འགྲུལ་བཞུད་རིང་མོ་བསྐོས་ཐང་གི་ལམ་བུ།།

མི་འགྲོ་ཀ་མེད་ནི་སྔོན་བསགས་ཀྱི་ལས་སྐལ་ཞིག།

ཤིན་ཏུ་སྙི་བའི་སེམས་པ།

ཁོ་རིགས་དུང་། 


ཞི་འཇམ་གྱི་རླུང་བུས་བདག་གི་དྲན་པ་བསྒུལ་བྱུང

སྣང་བའི་གས་སྲུབ་ན་ཁྱོད་ཀྱི་འཛུམ་མདངས་གྲོལ


མཚན་མོ་རེ་རེར་ཁྱོད་རང་ཟླ་བར་སྤྲུལ

དྲན་གདུང་གི་ནམ་མཁར་ཡུན་དུ་ཤར

ཉིན་མོ་རེ་རེེར་ཁྱོད་རང་ཉི་འོད་དུ་བསྒོམས

སེམས་པའི་དཀྱིལ་ལ་དྲོད་ལམ་ལམ་གྱིས་འཚེར


སྤྲིན་པ་བྱང་བགྲོད་དེར་བདག་གི་དྲན་པ་བསྟིམས་ཡོད

ཆུ་བོ་བྱང་འབབ་དེར་ཁྱོད་རང་དྲན་པ་འདྲེེས་ཡོད

བསིལ་རླུང་བྱང་གཡུག་དེས་བདག་གི་དྲན་པ་ཁུར་ཡོད

འཁྲེང་སེམས་ཀྱི་ཉིང་ཁུ་ཇེ་མོད་དུ་གྱུར་དུས

ཞེ་གདིང་ནས་ཁྱོད་ཀྱི་མིང་བོས་པ་ཉུང་ཉུང་མིན


ཤིན་ཏུ་ཡང་བའི་སྟོན་གྱི་ཁུར་མོང་གིས

ལོ་ཟླའི་སྨྲེང་གཞས་འཐེན

ཤིན་ཏུ་སྙི་བའི་བདག་གི་སེམས་པས

ཁེར་རྐྱང་གི་སྐྱོ་ཡུས་འཐུ


2024.8.21

གཞོན་པའི་འདང་གི་རི་མོ།

         —— སྨྱུག་རྩེ།

གར་སོང་ཡུལ་ནས་དྲན་པའི་བུ་མོའི།།

སྙན་མོ་གཞས་ཀྱི་རམ་འདེགས་ཆོག་ན།།

དབྱངས་ཅན་ཕྱག་གི་པི་ཝིང་དཀྲོལ་ནས།། 

མཛའ་གཞས་སྙན་མོའི་གནམ་ས་བཀང་ཡོང་།།


གར་སྡད་ས་ནས་སྒུགས་པའི་བུ་མོ།།

མཛེས་པའི་བྲོ་ཚོམས་ནང་དུ་ཤོག་དང་།།

སྟངས་སྟབས་གར་གྱི་བྲོ་རྩལ་སྦྱང་ནས།།

མི་ཚོགས་ཁྲོམ་པར་ལྟད་མོ་ངོམ་ཆོག།


ལུས་སེམས་གཉིས་ཀ་དུང་བའི་བུ་མོར།།

མི་ཚེ་གཅིག་ལ་འགྲོགས་རྒྱུ་བྱུང་ན།།

འགྱུར་མེད་བརྩེ་བའི་དམ་ཚིག་ཁ་དན།།

དཀོན་མཆོག་ལྷ་ལ་བཅོལ་ན་ལོས་ཆོག།


འདྲིས་ནས་མཐུན་པའི་སེམས་ཀྱི་བུ་མོར།།

དགའ་རབ་དུང་རབ་བསྐྱར་གླེང་ཅི་དགོས།།

ཕྱེད་གསུམ་མི་ཚེའི་བརྗོད་དོན་གླུ་དབྱངས།།

གཞོན་པའི་ཞེ་ནས་ཕུལ་བའི་སྙིང་གཏམ།།

  2024–8–28ཉིན།

ང་དང་ཁྱེད་ཅག

 རྨོངས་རྒོལ། 

༢༠༢༤—-༨—-༢༢ 

 ལོ་ཟླ་དེར། 

 མཛེས་སྡུག་གི་ལང་ཚོ་དཔེ་ཆར་ཐིམ་ཞིང

 རྣམ་དཔྱོད་ཀྱི་གཤོག་ཟུང་རིག་པར་བརླན་ཏེ

འབྱུང་འགྱུར་གྱི་མཚར་སྡུག་ལ་རེ་ལྟོས་ཀྱིས་ཕྱུག་པའི་འོད་ཕུང་ཞིག

 ཨོ་་་་་

 དེ་ཁོ་ན་མ་ཡིན་ཏེ། 

 ཉེ་སྐོར་དུ་གནས་པའི་གཞོན་ནུ་དག 

 སྐུད་སྣེ་ཡིས་རང་དབང་འཕྲོག་པ་ཞིག་ཡིན་དུས།

ནམ་འཕང་ལ་བསྐྱོད་པར་དཀའ་བས་རླུང་གིས་འགོག་པར་མ་ནུས་པའི་གཤོག་སྒྲོ་ཞིག

ལན་རེར

རིག་པ་དཔེ་ཐོག་ཏུ་སིམ་ཞིང་ལག་ཟུང་སྙུ་གུ་དང་སྦྲེལ་ཏེ།  

རྣམ་དཔྱོད་ཀྱི་རིག་རྩལ་ལས་ཤེས་རིག་གི་འབྲུ་ཕྲེང་འཐོར་བའི་བྱེད་པོ་ཞིག 

 དེ་རིང་། 

 གནའ་དུས་ཀྱི་མེ་ཏོག་དག 

 ལྷན་འཛོམས་ཀྱི་དགོད་སྒྲ་དེས། 

 མི་ཡུལ་ལ་འོད་ཀྱིས་ཕྱུག་པའི་འཛུམ་མདངས་ཤིག་དང་

འཇིག་རྟེན་གྱི་མཛེས་སྡུག་བསྡུས་པའི་སྐར་ཚོམ་ཞིག 

ཡུལ་ཤུལ་གྱི་མཚན་དུ་གྲགས་པའི་སྙན་ངག་པ་ཆེན་པོ། སྐུ་ཞབས་ཉི་མ་བཟང་པོ་ལགས་ཀྱིས་ལེགས་བཅོས་མཛད། 

ཤུལ་དུ་ལུས་པ་དེ་དག

ཨ་བསྟན་པ།

གཞོན་པའི་ལང་ཚོ་སྟོན་ཁའི་རི་ལུང་ནང་།།

འགོག་མེད་སྣང་བའི་རྟ་ཕོ་སྲབ་ཤོར་མ།།

ཚོར་བའི་སད་སེར་བདོ་བའི་ལོ་ཟླ་འགས།།

མུག་གེའི་ལུས་ལ་ཚེ་ཕྱེད་འགོར་བ་འདྲ།།

ཡིན་ཡང་སྒ་སྲབ་འཆིངས་ལས་གྲོལ་བ་ཡི།།

ཅི་དགར་སྤོ་བའི་གོམ་ཁ་ཡང་པ་ལ།།

ཐོག་མི་རྨི་ལམ་བོར་བའི་རྟ་བདག་ཁོར།

སླར་ཡང་དབང་བའི་ཐོབ་ཐང་གང་ན་ཡོད།།

མ་གཞི་དེ་ནི་གཞི་ནས་དེ་འདྲ་སྟེ།།

བཀག་དང་བཅོས་མས་རང་བཞིན་ཉམས་པ་ཉིད།།

སྣ་ཚོགས་བཙན་གྱི་བཅོས་པའི་རྟ་ར་ན།།

ཆེད་དུ་བཞག་པའི་རྩྭ་ཆུ་རུལ་བ་དག།

བཟས་ཀྱང་བཅུད་མེད་ཁ་ཕྱོགས་སྲབ་ཀྱིས་བསྒྱུར།།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章