རྨེ་སྤྲུལ་མཆོག་གིས་མཛད་པའི་སྙན་རྩོམ་གསར་པ། བར་སྐབས་ཀྱི་ཚིགས་བཅད།

文化   2024-08-31 19:18   青海  


རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྣམ་ཐར་ལས་བར་སྐབས་ཀྱི་ཚིགས་བཅད་འགའ་ཞིག་ཁོལ་དུ་ཕྱུང་བ།

རྨེ་སྤྲུལ།


ཟླ་ཞུན་རི་བོའི་དཔུང་འདབས་སྦྲེལ་བ་ཡི།།
ཡིད་ཀྱི་འཇིག་རྟེན་དབང་ཕྱོགས་ནོར་ལྡན་མའི།།
མདོ་ཁམས་མཚམས་ཀྱི་རི་བོ་རྩེ་ལྔའི་ཞིང་།།
སྤྲུལ་པའི་ཌཱ་ཀིའི་འཁྲུངས་གནས་དམ་པར་བསྔགས།།

རྡོ་གསེར་ལྕགས་ལའི་རིགས་ཀྱི་དྭངས་མ་དང་།།
གནུབས་ཡུལ་འབྲུ་སྔོན་མྱུ་གུའི་ས་བོན་གཉིས།།
ལྷན་ཅིག་རྩེ་དགའི་འཁྲི་ཤིང་ལ་འཐམས་པས།།
ངོ་མཚར་ལྷ་ཡི་མེ་ཏོག་མཛེས་དགུར་བཞད།།

མི༵་ཡི་གཟུགས་སུ་སྣང་བའི་རྗེ་བཙུན་མ།།
མུ༵་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོ།།
མེ༵་ཏོག་སྒྲོན་མའི་མངལ་ལས་བལྟམས་པའི་ཚེ།།
མོ༵་རྒྱུད་ཌཱ་ཀིའི་མངོན་རྟགས་ལྷང་ངེར་གསལ།།

ན་ཚོད་མ་རྫོགས་དཔལ་གྱི་དུམ་བུ་ཡི།།
ལྗོན་པ་ཆུང་ཡང་སྔོན་དགེའི་མ་ལ་ཡའི།།
ཧ་རི་ཙནྡན་ཚལ་དུ་འཁྲུངས་པའི་ཕྱིར།།
ལྷན་སྐྱེས་དྲི་བཟང་འཐུལ་བ་ཆོས་ཉིད་ཡིན།།

ཡུལ་དུས་རྣམ་པས་བསྐལ་བར་གྱུར་པའི་རྒྱུས།།
གཞན་ལ་ལྐོག་ཏུ་གྱུར་པའི་འབྱུང་འགྱུར་ཆོས།།
ཁྱེད་ཐུགས་དྲི་བྲལ་ནོར་བུའི་མེ་ལོང་དུ།།
མངོན་གསལ་བླང་དོར་ལམ་སྟོན་གསུང་བཟང་སྙན།།
གཡུ་མདོག་འདབ་ལོའི་དྲྭ་བ་འཛིངས་པ་ཡི།།

མཛེས་ལྗོན་རེ་རེའི་ཐོར་ཚུགས་གཡོ་བའི་རྩེར།།
མྱ་ངན་རྣམ་བྲལ་དཔལ་སྟུག་མཚན་དཔེའི་སྐུ།།
མངོན་གསལ་དག་པའི་སྣང་བ་འབྱམས་སུ་ཀླས།།
གཞོན་ལུས་གཡོ་མེད་སྐྱིལ་མོ་ཀྲུང་བཅས་ཏེ།།

མཉམ་བཞག་ཞི་བའི་ཏིང་འཛིན་ཐུན་གཅིག་གིས།།
ཉིན་བྱེད་དབང་པོ་ཆུ་ལྷའི་རིར་བསྐྱལ་བའི།།
ཡ་མཚན་ལོ་རྒྱུས་ནེའུ་ལྡང་ཁ་ལ་འགྱུ།།
སེམས་ཀྱི་གནས་ལུགས་འཚོལ་བའི་བློ་གྲོས་དང་།།

ཤུགས་འབྱུང་རང་བཞིན་བབས་ཀྱི་བསམ་གཏན་དང་།།
སྙིང་རྗེའི་རླན་ལྡན་མཉེས་གཤིན་བརྩེ་བ་རྣམས།།
ལྷན་སྐྱེས་ཚུལ་དུ་མངའ་བའི་གཏམ་རྒྱུད་སྙན།།
གསར་ཚེས་ལང་ཚོའི་ཟླ་གཞོན་ན་ཕྲ་ཡང་།།

མ་སྨད་སྤྱོད་བཟང་འོད་དཀར་འཕྲོ་བ་འདིས།།
ཡོན་ཏན་དཀར་ཕྱོགས་རྫོགས་པ་གསུམ་ལྡན་གྱི།།
བཅུ་དྲུག་ཆ་ཤས་འཕེལ་ཁ་རྩོམ་པ་མཚོན།།
ཇི་ལྟར་ས་ཧ་ཀ་རའི་འཁྲི་ཤིང་གི།

ལོ་འདབ་འབྲས་བུ་རྫོགས་པའི་གོ་རིམ་བཞིན།།
གཞོན་ནུའི་ལང་ཚོ་བདོ་བའི་རྗེ་བཙུན་མའི།།
སྦྱངས་པའི་ཡོན་ཏན་དུས་སུ་འཕེལ་བར་རྩོམ།།
ཁ་བའི་ཤེས་རིག་དཔྱིད་ཀྱི་དགའ་ཚལ་ནས།།

དབྱངས་གསལ་སོ་བཞིའི་མེ་ཏོག་ཡོངས་བཏུས་པ།།
ཚིག་དོན་རིན་ཆེན་སྲད་བུར་ལེགས་བརྒྱུས་ཏེ།།
རྣམ་དཔྱོད་མགུལ་བ་མཛེས་པའི་རྒྱན་དུ་བཞེས།།
དར་བའི་ལང་ཚོ་དབྱར་གྱི་འཇའ་ཚོན་དང་།།

བསགས་པའི་ལོངས་སྤྱོད་ཆུ་ཡི་ལྦུ་བ་དང་།།
གཅུགས་པའི་བརྩེ་དུང་གློག་གི་གར་མཁན་མའི།།
རྗེས་སུ་འགྲོ་བའི་ངང་ཚུལ་ལེགས་གཟིགས་ནས།།
ངེས་འབྱུང་གུར་གུམ་གསར་བའི་ཚོན་རིས་ཀྱིས།།

ན་བཟའི་ཁ་དོག་མཛེས་པར་ལེགས་བསྒྱུར་ཏེ།།
སོར་གསུམ་གཙུག་སྐྲའི་ཟར་བུ་མཁན་སློབ་ལ།།
ཕུལ་བའི་སྣང་བརྙན་ཐར་འདོད་ཡིད་ཀྱི་གསོས།།
དབྱར་གྱི་རྔ་གསང་ཐོས་པའི་རྨ་བྱ་ལྟར།།

བཤེས་གཉེན་དམ་པའི་ཞལ་ལུང་བདུད་རྩིའི་རྒྱུན།།
སྙིང་ལ་སིམ་པས་ཆོས་ཀྱི་རོ་མྱོང་སྟེ།།
དད་དང་དགའ་བ་ཕན་ཚུན་འགྲན་པ་བཞིན།།
འདབ་བཟང་དབང་པོ་གསེར་གྱི་སྒྲོ་གཤོག་ཅན།།

གཉིས་སྐྱེས་ཚོགས་ཀྱི་མདུན་ནས་བདར་བ་བཞིན།།
སྡེ་སྣོད་འཛིན་མའི་དཔུང་གི་སྣེ་ཁྲིད་དེ།།
ལེགས་བཤད་དབྱངས་སྙན་སྒྲོག་ལ་རྣམ་པར་བྲེལ།།
ལེགས་བཤད་སྙན་པའི་སྒྲ་དབྱངས་འབུམ་སྒྲོག་པ།།

སྡེ་སྣོད་འཛིན་མའི་ཁྱུ་མཆོག་མཁན་མོའི་མཚན།།
སྟོང་ལོའི་དུས་རབས་ཤིག་གི་དཀྱོགས་མཚམས་ནས།།
ཁྱེད་མཚན་མུ་ཡིག་གདངས་དང་ལྷན་གཅིག་བསྡེབས།།
ཨ་ཤྭཏྠ་ཡི་འཁྲི་ཤིང་གིས་མཛེས་པའི།།

དབུས་འགྱུར་ཆོས་ཀྱི་ཞིང་ཁམས་ཉམས་དགའ་བར།།
རླབས་ཆེན་བསྟན་འགྲོའི་དོན་བཟང་སྒྲུབ་པའི་ཕྱིར།།
སྐྱབས་གཅིག་བླ་མའི་ཕྱག་ཕྱིར་དགེ་བར་གཤེགས།།
མཐོང་བ་དོན་ལྡན་འདྲེན་པའི་བཀའ་ལུང་གིས།།

མི་འགྱུར་དཔལ་སྒྲོན་མཚན་གྱི་ཅོད་པན་དེ།།
ཁྱེད་ཀྱི་དབུ་ལ་བསྒྲོན་པའི་ངོ་མཚར་གཏམ།།
ཕྱོགས་ཀྱི་འཁོར་ལོར་སྤྲིང་ཡིག་ཚུལ་གྱིས་འཕུར།།
འཕགས་པའི་ཡུལ་གྱི་ལྷོ་དང་བྱང་གི་ཆ།།

ཞབས་ཀྱིས་བཅགས་ནས་གནས་མཆོག་རྣམ་པ་བཞི།།
བསྐོར་བའི་རབ་དགེ་ཐུགས་སྨོན་རྒྱས་བཏབ་སྟེ།།
ཀུན་བཟང་ཞིང་གི་ཉི་མའི་རྗེས་འགྲོར་མཛད།།
སླར་ཡང་རྒྱ་མཚོ་ཆེན་པོས་རྣམ་བཅད་པའི།།

ནུབ་ཕྱོགས་འཕྲུལ་གྱི་རྒྱལ་ཁམས་ཡོངས་བསྐོར་ཏེ།།
གསེར་མདོག་ལྕང་ལོ་གཡོ་བའི་གདུལ་བྱ་རྣམས།།
རྗེས་བཟུང་ཟབ་རྒྱས་ཆོས་ཀྱིས་ཚིམས་པར་བགྱིས།།

སྔ་ཕྱིར་གངས་རི་དཀར་པོའི་ཕ་གཞིས་ནས།།
བདེ་ལྡན་ཞིང་གི་སྒོ་འཕར་འབྱེད་པའི་ཕྱིར།།
ཞང་དབོན་ཉི་ཟླའི་དཀྱིལ་འཁོར་ཞལ་འཛོམས་ཏེ།།
འབུམ་ཕྲག་གྲངས་ཀྱི་གདུལ་བྱ་སྨིན་པར་བྱས།།

སྒྱུ༵་ཡིས་མ་བསྒྲུབས་དད་པས་ཕུལ་བ་ཡི།།
སྒྱུ༵་མའི་ཟོང་རྣམས་བྱིན་གྱིས་ཡོངས་བརླབས་ཏེ།།
སྒྱུ༵་འཕྲུལ་དྲྭ་བའི་བློས་བསླངས་མཎྜ་ལར།།
སྒྱུ༵་མའི་ཏིང་འཛིན་རྩལ་གྱིས་བསྒྱུར་བ་བཞིན།།

སྣ་ཚོགས་གདུལ་བྱའི་ཡིད་ཀྱི་ཁམས་དབང་གི།
བཅུ་གཉིས་ཁྱིམ་གྱི་འགྲོས་དང་རྣམ་མཐུན་པར།།
ཞང་དབོན་ཉི་ཟླ་ཟུང་གི་སྒྲོན་མ་ཡིས།།
གང་འདུལ་ཆོས་ཀྱི་འོད་སྟོང་ཕྱོགས་བརྒྱར་བརྡལ།།

ཁྱེད་ཀྱི་ལྷ་ཞལ་པདྨོའི་འཛུམ་རླབས་ལས།།
སྨིན་གྲོལ་གདམས་པའི་བདུད་རྩིའི་ཟེགས་མ་འབུམ།།
ཟིལ་དངར་ཞུ་བའི་ཐིགས་ཕྲེང་རྣམ་པ་ཡིས།།
སྐལ་བཟང་ཐུགས་གསང་དཔལ་བེའུའི་གྲྭ་རུ་འཁྱིལ།།

ཆོས་ཆར་འདོད་དགུ་འཇོ་བའི་ཡིད་བཞིན་སྤྲིན།།
ལེགས་སྨོན་ལྷ་ལམ་ངོས་སུ་དཀྲིགས་པ་ལས།།
ཐར་འདོད་ཡིད་ལ་ལེགས་ལྡན་དཔྱིད་ཀྱི་དཔལ།།
མངོན་གྱུར་དད་དང་སྤྲོ་བའི་མྱུ་གུ་འཛུམ།།

རྒྱུ་བཞིའི་ཉམས་ལེན་དང་འབྲེལ་རྨད་བྱུང་གཏམ།།
དོན་ལྡན་སྙན་པར་རྒོད་པ་ཚངས་པའི་དབྱངས།།
འགྲོ་མང་རྣ་བའི་དཔྱིད་དུ་རབ་སིམ་པས།།
སྙིང་ལ་ཆོས་ཀྱི་དགའ་བ་སྟོང་དུ་འཕེལ།།

ཨ༵་མིང་བདག་ཉིད་ཆེ་ཞེས་ལུང་བསྟན་པའི།།
ཨ༵་བྷྱའི་མཚན་འཆང་བླ་མའི་བཀའ་དགོངས་བཞིན།།
ཨ༵་དོན་གདམས་པའི་མཐར་ཐུག་ངེས་གསང་གནད།།
ཨ༵་ཏི་ཟབ་དོན་སྨིན་ཁྲིད་གནང་བ་རྨད།།

མུ༵་མེ༵ད་བསྐལ་བར་འཕྲད་དཀའི་ལམ་ཟབ་མཆོག།
ཡེ༵་ཤེ༵ས་ཁོང་ནས་འཆར་བྱེད་རྫོགས་པ་ཆེའི།།
རྒྱུད་ལུང་མན་ངག་རྒྱ་མཚོ༵་ལྟ་བུའི་བཅུད།།
སྩོལ་མཛད་ཆོས་ཀྱི་རྗེ་མོ༵་ཁྱེད་མིན་སུ།

མོས་པ་སྣ་ཚོགས་ཁམས་ཀྱི་རྗེས་འགྲོ་བའི།།
གསང་གསུམ་མཛད་པ་མི་ཟད་རྒྱ་མཚོའི་སྤྲིན།།
གཅིག་མིན་སྒོ་དང་རྣམ་པ་དུ་མ་ཡིས།།
རང་རང་བློ་དང་མཐུན་པར་འཇུག་པ་རྨད།།

ཕན་བདེའི་གྲིབ་མ་སྙིང་ལ་བསིལ་བ་ཡི།།
འཇིགས་མེད་ཡབ་རྗེའི་ཕྲིན་ལས་རིན་ཆེན་གདུགས།།
མ་སྨད་ཐུགས་བསྐྱེད་དཔུང་པའི་འཕྲུལ་འཁོར་གྱིས།།
འདེགས་པའི་ཐབས་ཚུལ་ཐུགས་ལ་ཉེར་བཅགས་ནས།།

གདན་ས་ཆེན་མོའི་སློབ་གཉེར་མཐར་ཕྱིན་པའི།།
མང་ཐོས་བསླབ་ལྡན་སྡེ་སྣོད་འཛིན་རྣམས་ལ།།
མཁན་ཞྭ་ཕྱག་ཁྱེར་གནང་ཞིང་གཟེངས་བསྟོད་དེ།།
བསྟན་ལ་རི་མོ་བགྱིད་པའི་བསྐུལ་མ་གནང་།།

སྙེགས་ཡུལ་བདེ་གཤེགས་སྨན་གྱི་རྫོང་སོགས་སུ།།
ཆིབས་ཁ་བསྒྱུར་ནས་མཛའ་བཤེས་ཉེ་དུ་དང་།།
སྣག་གི་གཉེན་མཚམས་རྣམས་ལ་ཆོས་བསྟན་ཏེ།།
བརྣག་པའི་རེ་བ་ཡིད་བཞིན་སྐོང་བར་མཛད།།

འབུམ་ཤོང་ཆོས་རའི་ནང་ནས་བཀའ་དབང་གནང་།།
ཁམས་ཀྱི་ཙཱ་རིར་ཚོགས་ཀྱི་འཁོར་ལོ་བསྐོར།།
ཉག་སྒར་ཤུལ་དུ་མཆོད་སྡོང་གསར་བཞེངས་བགྱིས།།
སྣ་ཚོགས་མཛད་པའི་རྣམ་འགྱུར་འབྱམས་སུ་ཀླས།།

མདོར་ན་གང་གི་ཞབས་སེན་རྡུལ་ཕྲན་གྱིས།།
རེག་པའི་ས་ཕྱོགས་གང་ཡིན་དེ་དང་དེར།།
དགེ་ལེགས་བྱེ་བའི་བསུང་ཞིམ་འཐུལ་བ་ཡི།།
ལེགས་ཚོགས་མེ་ཏོག་འདབ་བརྒྱ་མཚར་དུ་བཞད།

མུ༵་ཡིག་དབྱངས་སུ་འཚེར་བའི་འགྱུར་ཁུགས་ཁྲོད།།
མཚོ༵་རྒྱལ་སྤྲུལ་པའི་པདྨ་གཞོན་ནུའི་ཞལ།།
སྦས་པའི་ཚུལ་གྱིས་འཛུམ་ཡང་ཡོན་ཏན་གྱི།།
བསུང་ཞིམ་འཐུལ་བའི་ངང་ཚུལ་སུ་ཡིས་འགོག།

ཞི༵་ཞིང་དུལ་བའི་སྐུ་ཡི་སྤྱོད་ལམ་དང་།།
ཞི༵་འཇམ་ལྷོད་ཆགས་གསུང་གི་རྣམ་འགྱུར་དང་།།
ཞི༵་བསིལ་མཉེས་གཤིན་ཐུགས་དགོངས་བཞེས་ཕྱོགས་འདིས།།
ཞི༵་མཆོག་ལམ་སྟོན་བདག་ཉིད་ཆེན་མོར་མཚོན།།

མ་སྨད་ལུགས་ཟུང་ཡོན་ཏན་བྱེ་བ་སྟོང་།།
ལྷན་སྐྱེས་ཚུལ་གྱིས་ཐུགས་ལ་ཉེར་མཛའ་ཞིང་།།
བཟང་པོའི་རྣམ་པར་ཐར་པ་རྒྱ་མཚོའི་རྡུལ།།
ཁྱེད་ཀྱི་གསང་གསུམ་གསང་བའི་རྒྱན་དུ་མཛེས།།

ཚུལ་གནས་ཐོས་བསམ་སྒོམ་པའི་ལམ་གྱི་གཞུང་།།
མ་ནོར་བསྲངས་པའི་ཤིང་རྟའི་སྲོལ་ལམ་ནས།།
རྒྱལ་སྲས་སྤྱོད་པའི་ཡོན་ཏན་ཀུན་རྫོགས་པའི།།
བསྔགས་འོས་དམ་པའི་རྣམ་ཐར་འདི་རྨད་བྱུང་།།

ཐོག་མར་བཤེས་གཉེན་བསྟེན་ནས་གདམས་ངག་ནོད།།
བར་དུ་གདམས་དོན་བསྒོམས་ནས་ཉམས་སུ་བླངས།།
ཐ་མར་གདམས་པས་རྒྱུད་གྲོལ་དོན་གཉིས་གྲུབ།།
འདི་ཀོ་འདུན་མ་ལེགས་པའི་ཡང་རྩེའི་དཔེ།།

སོ་ཐར་ཁྲིམས་ཀྱི་རིན་ཆེན་སྲོག་ཤིང་ལ།།
བྱང་སེམས་བསླབ་པའི་ཤམ་བུ་བཏགས་པའི་རྩེར།།
གསང་ཆེན་ཉམས་ལེན་ནོར་བུའི་ཏོག་མཛེས་པའི།།
ཡོངས་རྫོགས་ཐུབ་བསྟན་རྒྱལ་མཚན་ཁྱེད་ཀྱིས་བཟུང་།།

མཁས་བཙུན་བཟང་གསུམ་ཐོས་བསམ་སྒོམ་གསུམ་སོགས།།
གསུམ་ཚན་བཞི་ཡིས་གྲངས་སུ་བཅད་པ་ཡི།།
བཅུ་གཉིས་གྲངས་ལྡན་དམ་པའི་ཚུལ་རྣམས་ཀྱི།།
ཡོན་ཏན་བདག་གིར་བཞེས་པའི་གཏམ་རྒྱུད་སྙན།།

ལུང་དང་རྟོགས་པའི་ཡོན་ཏན་རིན་ཆེན་གྱིས།།
སྐྱེས་སྦྱངས་བློ་གྲོས་བང་བ་ཡོངས་བཀང་སྟེ།།
ཕུལ་བྱུང་མཛད་བཟང་དགོས་འདོད་དབྱིག་ཚོགས་ཀྱིས།།
བསྟན་འགྲོའི་དབུལ་བ་སེལ་མཛད་ཁྱེད་མིན་སུ།།

ངོ་མཚར་གསང་གསུམ་མཛད་པ་རླབས་པོ་ཆེས།།
སྣ་ཚོགས་གདུལ་བྱའི་འདོད་པ་རབ་བསྐངས་ཏེ།།
ཕྲིན་ལས་འཇུག་པའི་རོལ་རྩེད་མཐའ་ཀླས་པས།།
འབྲེལ་ཚད་དོན་དང་ལྡན་པར་མཛད་འདི་མཚར།།

དུས་འདིར་འཁོར་ལོ་གསུམ་གྱི་བགྱི་བ་ཡིས།།
རྒྱལ་བའི་རིང་ལུགས་རང་གིར་འཛིན་པ་ཡི།།
གངས་ཅན་བཙུན་མའི་དེད་དཔོན་དང་པོའི་དཔེ།།
ཁྱོད་ལས་གཉིས་པ་ལྷ་ལམ་པདྨོའི་ཟླ།།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།



阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章