དགེ་སློང་ཕ་ཚོགས་རྐྱང་བས་དགེ་སློང་མ་སྒྲུབ་པའི་འབོད་སྐུལ། རིག་དར།

文化   2024-08-09 16:29   青海  


དགེ་སློང་ཕ་ཚོགས་རྐྱང་བས་དགེ་སློང་མ་སྒྲུབ་པའི་འབོད་སྐུལ།

མཁན་ཆེན་རིག་དར།

དགེ་སློང་ཕ་ཚོགས་རྐྱང་བས་དགེ་སློང་མ་བསྒྲུབ་ན་སྡོམ་པ་སྐྱེ་མི་སྐྱེའི་སྐོར་ལ་ལོ་བཅུ་ཕྲག་ཙམ་གྱི་རིང་དཔེ་ཀློག་དང་། བགྲོ་གླེང་།  རིས་མེད་ཀྱི་མཁས་པ་དུ་མ་ལ་བཀའ་འདྲི་སོགས་རྒྱུས་ལོན་མང་དུ་བྱས་ཀྱང་། དགེ་སློང་ཕ་ཚོགས་རྐྱང་བས་དགེ་སློང་མ་སྒྲུབ་ན་སྐྱེ་ངེས་ཀྱི་སྒྲུབ་བྱེད་ཀྱི་གཞུང་དང་རིག་པ་མི་ཉུང་བ་ཡོད་ལ། གཞན་སྐྱེ་བ་ལ་གནོད་ངེས་ཀྱི་གཞུང་དང་རིག་པ་གཅིག་ཀྱང་རྙེད་མ་སོང་། དེ་ལྟར་རྒྱུས་ལོན་གྱི་གྲུབ་དོན་བཤད་པའི་དཔྱད་རྩོམ་ཞིག་ཀྱང་འབྲི་ཁུལ་བྱས་ཡོད། དེས་ན་རང་ངོས་ནས་འདིའི་ཕྱོགས་ལ་རྒྱུས་ལོན་བྱེད་མཚམས་བཞག་སྟེ། ད་ནས་བཟུང་དགེ་སློང་ཕ་ཚོགས་ཀྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།  རྒྱུ་མཚན་ནི།
༡ དེང་སང་བོད་མདོ་དབུས་ཁམས་གསུམ་གྱི་བཙུན་མའི་དགོན་པ་མང་ཆེ་བར་དབྱར་གནས་ལྟ་ཅི་གསོ་སྦྱོང་ཙམ་ཡང་འཚོགས་རྒྱུ་མེད་པའི་རྒྱུ་མཚན་ནི། དགེ་སློང་མ་མེད་ཅིང་དགེ་སློང་མི་རྙེད་པའི་རྒྱུ་མཚན་ལ་ཐུག་འདུག་པས། དགེ་སློང་མའི་སྡོམ་རྒྱུན་ཞིག་སྤེལ་ཐུབ་ན་བཙུན་མའི་དགོན་པ་རྣམས་ལ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཚུགས་ཐུབ་པ་དང་།
༢  གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་གསོ་ཐུབ་ན་འདུལ་བ་སོ་ཐར་གྱི་བསྟན་པའི་སྟོང་ཆ་ཆེན་པོ་ཞིག་བསྐང་ཐུབ་ཡོད་པ་དང་།
༣ བོད་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་འཁོར་རྣམ་བཞི་ཚང་བར་འགྱུར་བས་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་ཡང་ཡིན་ནོ། །


ཞེས་བོད་ཤིང་འབྲུག་ལོའི་བོད་ཟླ་དྲུག་པ་ཕྱི་མའི་ཚེས་བཞིར་བླ་རུང་རིག་དར་ནས།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章