རིག་འཛིན་མཁའ་སྤྱོད་རྡོ་རྗེའི་རྣམ་ཐར་གསོལ་འདེབས། མགུར་དབྱངས་བཞུཊ།

文化   2025-01-07 07:59   青海  

༄༅། ། རིག་འཛིན་མཁའ་སྤྱོད་རྡོ་རྗེའི་རྣམ་ཐར་གསོལ་འདེབས་མོས་ལྡན་དད་གུས་འདྲེན་པའི་གདུང་དབྱངས།


ན་མོ་གུ་རུ་བྷྱ།


རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྒྱུ་མའི་གར། །
ངེས་གསང་བསྟན་པ་རྒྱ་མཚོའི་མངའ་བདག་མཆོག །
སྐྱབས་གཅིག་བླ་མ་བསོད་ནམས་དཔལ་ལྡན་གྱི། །
མཛད་པའི་རྣམ་ཐར་དྲན་བཞིན་གསོལ་བ་འདེབས། །

སྣ་ཚོགས་སྤྲུལ་བ་ཆུ་ཟླའི་རོལ་གར་གྱིས། །
མཐའ་ཀླས་འགྲོ་བའི་དད་པའི་ཞིང་ས་ལ། །
ཚོགས་གཉིས་འབྲས་བུའི་ལོ་ཏོག་བསྐྲུན་མཛད་པའི། །
རྣམ་ཐར་བསམ་ལས་འདས་ལ་གསོལ་བ་འདེབས། །

པདྨའི་སྤྱན་སྔར་འབྲོག་མི་དཔལ་ཡེ་མཆོག །
གླིང་དཀར་སྟོད་དུ་དགྲ་ལྷ་རྩེ་རྒྱལ་དང་། །
ཀློང་གསལ་སྙིང་པོ་འགྲོ་འདུལ་དཔའ་བོ་སོགས། །
སྐུ་འཕྲེང་རིམ་པར་བྱོན་ལ་གསོལ་བ་འདེབས། །

སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་པ་ལས། །
རྡོ་ཀླུང་ཝི་ཟི་ཏེའུ་དགུའི་གནས་འདབས་སུ། །
ངོ་མཚར་རྨད་བྱུང་ཡ་མཚན་ལྟས་དང་བཅས། །
མཚན་དཔེའི་མེ་ཏོག་བཞད་ལ་གསོལ་བ་འདེབས། །

གཞོན་ནུའི་དུས་ནས་དད་དང་སྙིང་རྗེ་དང་། །
སྦྱང་བྱའི་གནས་ལ་ཐུགས་རིག་བཀྲ་བ་སོགས།
བྱང་ཆུབ་སེམས་དཔའི་རིགས་སུ་མཚོན་ནུས་པའི།།
ལྷན་སྐྱེས་ཡོན་ཏན་མངའ་ལ་གསོལ་བ་འདེབས། །

འཁོར་བར་ངེས་འབྱུང་དྲག་པོས་རབ་བསྐུལ་ནས། །
བཤེས་གཉེན་ཆེན་པོ་པདྨ་བློ་གྲོས་མཆོག །
མཉེས་པ་གསུམ་གྱིས་བསྟེན་ཏེ་དགོངས་སྤྱོད་བསླབས། །
ཐོས་བསམ་སྒོམ་གསུམ་མཛད་ལ་གསོལ་བ་འདེབས། །

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡིད་བཞིན་ནོར། །
སྐྱབས་གཅིག་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས། །
རླབས་ཆེན་བསྟན་འགྲོར་སྨན་པའི་མཛད་བཟང་བཅས།།
ལུང་བསྟན་དབུགས་དབྱུང་མཛད་ལ་གསོལ་བ་འདེབས། །

བསྟན་མཇུག་གཏེར་༼གྱིས་༽སྐྱོང་བའི་གཡར་དམ་གྱི།  །
བླ་མེད་མཛད་པའི་ཕྲིན་ལས་སྐྱོང་བའི་ཚེ། །
གྲུབ་དབང་རི༵ག་འཛི༵ན་མཁ༵འ་༼སྤྱོད༵༽་རྡོ༵་རྗེ་ཞེས། །
ཟབ་གཏེར་རྒྱ་མཚོར་དབང་ལ་གསོལ་བ་འདེབས། །

ཐབས་མཆོག་དཔའ་བོའི་བདེ་བའི་རོལ་གར་ལ། །
ཤེས་རབ་སྟོང་ཆེན་དབྱིངས་ཀྱི་གྲོགས་ཤར་བ། །
མཚན་ལྡན་གཟུངས་མ་ཟུང་གི་ལས་སྨོན་གྱིས། །
འཕྲིན་ལས་རྟེན་འབྲེལ་འགྲིགས་ལ་གསོལ་བ་འདེབས། །

པདྨ་ཀ་རའི་སྨོན་ལམ་གཏད་རྒྱའི་སྒྲོམ། །
རིག་སྟོང་ཟང་ཐལ་དགོངས་པའི་ལྡེ་མིག་གིས། །
ཐོལ་གྱིས་ཕྱེས་པའི་དུས་བབ་ཟབ་གཏེར་གྱིས། །
བསྟན་འགྲོའི་རྒུད་པ་སེལ་ལ་གསོལ་བ་འདེབས། །

དུས་འཁྲུགས་མུན་པས་ཕྱོགས་ཀུན་བཟུང་ན་ཡང་། །
ཟབ་གཏེར་ཆོས་ཀྱི་སྣང་བའི་སྒོ་ཕྱེས་ནས། །
སྐལ་ལྡན་སློབ་མའི་དད་པའི་གུར་ཁྱིམ་དུ། །
རིག་པའི་སྒྲོན་མེ་སྦར་ལ་གསོལ་བ་འདེབས། །

རིགས་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་དང་། །
རྩ་གསུམ་སྤྱི་དཔལ་སེང་ཆེན་དྲག་སྒྲུབ་ཀྱི། །
ལས་ལ་བསྐུལ་ཏེ་དུས་ཀྱི་འཁྲུགས་རྩོད་དང་། །
ཀླ་ཀློའི་མདུན་འགྲོའི་གཏོར་ལ་གསོལ་བ་འདེབས། །

བསྟན་དང་འགྲོ་ལ་སྨན་པའི་ཐུགས་བསྐྱེད་དང་། །
ལུགས་གཉིས་གསེར་གྱི་འཁོར་ལོ་སྐྱོང་བ་ཡི།  །
ཟླ་མེད་གདུང་རིགས་སྲས་ཆེན་བརྒྱད་ལ་སོགས། །
རིགས་ཀྱི་པད་ཚལ་རྒྱས་ལ་གསོལ་བ་འདེབས། །

སྐུ་ཚེ་བསྟན་འགྲོའི་དོན་ལ་རབ་༼བསྟིམ་༽ནས། །
ཆོས་བདག་རྣམས་དང་ལས་ཅན་བུ་སློབ་ཀུན། །
མ་འོངས་ཟབ་གཏེར་བསྟན་པའི་རྒྱུད་འཛིན་དུ། །
སྨོན་ལམ་གཏད་རྒྱ་མཛད་ལ་གསོལ་བ་འདེབས། །

རབ་བྱུང་བཅུ་དྲུག་ཆུ་མོ་ཕག་གི་ལོའི། །
མགོ་ཟླའི་ཚེས་བརྒྱད་ཐོ་རེངས་སྟག་གི་དུས། །
སྤྲུལ་སྐུའི་བཞུགས་སྟངས་མཉམ་བཞག་ལྟ་བའི་ངང་། །
གཟུགས་སྐུའི་བཀོད་པ་བསྡུས་ལ་གསོལ་བ་འདེབས། །

ད་དུང་འགྲོ་ཁམས་རྒྱ་མཚོ་མ་སྟོང་བར། །
ཐུགས་བསྐྱེད་དམ་བཅའ་དུས་ལས་མི་ཡོལ་བར། །
ཆེར་སྙིགས་དུས་ཀྱི་བསྟན་འགྲོའི་དཔུང་གཉེན་དུ། །
འགྲོ་དོན་རྒྱུན་ཆད་མེད་ལ་གསོལ་བ་འདེབས། །

དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་གིས།།
མོས་ལྡན་སློབ་བུའི་དད་པའི་ཞིང་ས་ལ། །
ཉམས་རྟོགས་ཡོན་ཏན་འབྲས་བུ་རབ་འཁྲུངས་ནས། །
རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག །


 ཅེས་པ་འདི་རྗེ་ཉིད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་སོ་བརྒྱད་ལོན་པའི་རྗེས་དྲན་འདས་མཆོད་ཀྱི་སྒྲུབ་པའི་ཐུན་གསེང་དུ་གུས་འབངས་ཛྙཱ་ན་ཀྲྀ་པཱ་སུརྱཿརུ་འབོད་པས་བྲིས་པ་འདིས་ཀུན་གྱི་རྒྱུད་ལ་དཔལ་ལྡན་བླ་མ་དམ་པའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章