བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ།
ཨ།
འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་། །
རང་གདངས་མ་འགགས་ཡེ་ཤེས་འོད་ལྔའི་ཀློང་། །
ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ། །
རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད། །
དཀར་གསལ་མཛེས་འཛུམ་པཎྜི་ཏ་ཡི་ཆས། །
ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས། །
ཞབས་གཉིས་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ། །
རང་སྣང་དག་པའི་རྒྱན་དུ་ལམ་མེར་གསལ། །
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན། །
འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །
དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །
མཐར་ནི་བླ་མ་འོད་ལྔའི་ཐིག་ལེར་གྱུར། །
རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ། །
རྒྱལ་ཀུན་ཡེ་ཤེས་གཅིག་འདུས་བླ་དང་། །
སྐལ་བ་མཉམ་པའི་བྱིན་རླབས་ཐོབ་པར་བསམ། །
ཚེ་རབས་རྗེས་འཛིན་སྨོན་ལམ། །
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀུན། །
རང་ངོར་བཤེས་གཉེན་མཆོག་གི་སྐུར་སྣང་བ། །
བཀའ་དྲིན་མཚུངས་བྲལ་ཡོན་ཏན་རྒྱ་མཚོའི་གཏེར། །
ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས། །
ཁྱེད་ཀྱིས་འགྲོ་འདུལ་ཐབས་མཁས་སྤྱོད་པ་ནི། །
རྣམ་པ་སྣ་ཚོགས་ཇི་ལྟར་བསྟན་བྱས་ཀྱང་། །
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་བར། །
ཇི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས། །
གང་གིས་བརྩེ་བར་གདམས་པའི་གསུང་བཟང་ལས། །
ཚིག་ཟུར་ཙམ་ཡང་འགོངས་པར་མི་བྱེད་ཅིང་། །
བུམ་པ་གང་བྱོའི་ཚུལ་གྱིས་བྱིན་རླབས་ཀུན། །
མ་ལུས་བདག་གི་རྒྱུད་ལ་འཕོ་བར་ཤོག །
མགོན་ཁྱོད་དག་དང་མ་དག་ཞིང་རྣམས་སུ། །
སྣ་ཚོགས་སྤྲུལ་པའི་རོལ་གར་ངོམ་པའི་ཚེ། །
བདག་ཀྱང་ཁྱོད་ཀྱི་ཞབས་འབྲང་མཆོག་གྱུར་ནས། །
བྱང་ཆུབ་སྤྱོད་ལ་མཉམ་དུ་འཇུག་པར་ཤོག །
ནམ་ཞིག་རང་སྣང་དག་པའི་ཞིང་མཆོག་ཏུ། །
རྗེ་ཁྱོད་མངོན་འཚང་རྒྱ་བའི་ཚུལ་སྟོན་ཚེ། །
བདག་ཀྱང་འདུས་པ་དང་པོའི་གྲལ་འཁོད་དེ། །
འཕྲིན་ལས་སྤེལ་བའི་བྱེད་པོ་མཆོག་ཏུ་སྨོན། །
མདོར་ན་ད་ནས་སྐྱེ་བ་ཐམས་ཅད་དུ། །
སྐྱབས་གཅིག་དམ་པ་ཁྱེད་དང་མི་འབྲལ་ཞིང་། །
བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ། །
གྱུར་ནས་འགྲོ་ཁམས་དོང་ནས་སྤྲུགས་པར་ཤོག །
བགྲང་ཡས་ཚོགས་ཟུང་དཔལ་གྱིས་བསྐྲུན་པའི་སྐུ། །
ཡན་ལག་དྲུག་ཅུ་ལྡན་པ་ཚངས་དབྱངས་གསུང་། །
སྟོབས་བཅུའི་ཡོན་ཏན་ཀུན་ནས་རྫོགས་པའི་ཐུགས། །
ཐུབ་དབང་ལྷ་ཡི་ལྷ་མཆོག་དགོངས་སུ་གསོལ། །
སྡུག་བསྔལ་གསུམ་གྱིས་ཆེས་ཆེར་མནར་བའི་ཚོགས། །
གང་གིས་བརྩེ་ཆེན་ཐུགས་རྗེས་ཉེ་བར་བཟུང་། །
དོན་གཉིས་འདོད་པ་ཡིད་བཞིན་འཇོ་བའི་ཕྱིར། །
བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །
བདག་ཀྱང་མཁའ་མཉམ་འགྲོ་ཀུན་མ་སྟོང་བར། །
རང་དོན་ཞི་བདེའི་དཔལ་ལ་མི་ཆགས་པར། །
གཞན་ཕན་ལྷག་པའི་བསམ་སྤྱོད་རྒྱན་བཞིན་བསྟེན། །
འཇུག་པར་བྱའོ་སྲིད་པའི་གྲོང་ཁྱེར་ལ། །
སྐྱེ་བ་ཀུན་ཏུ་ཡབ་གཅིག་མཁྱེན་པའི་གཏེར། །
འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་སུ་བཟུང་། །
ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བསྟན་པའི། །
བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །
མ་འོང་རྣམ་འདྲེན་དགུ་བརྒྱ་དགུ་བཅུ་དྲུག །
ཞིང་འདིར་མངོན་འཚང་རྒྱ་བའི་ཚུལ་སྟོན་ཚེ། །
རྟག་ཏུ་ཞབས་འབྲིང་ཉེར་གནས་མཆོག་ཏུ་གྱུར། །
རླབས་ཆེན་ཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག །
བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་རྣམས། །
ཚེ་འདི་འཕོས་ཚེ་བདེ་ཆེན་ཞིང་དུ་སྐྱེས། །
འོད་མཚན་སྟོང་འབར་གསུང་གིས་ལུང་བསྟན་ཐོབ། །
མཁྱེན་བརྩེ་ནུས་པའི་རྩལ་ཆེན་རྫོགས་པར་ཤོག །
དྲི་མེད་རྒྱལ་བསྟན་དར་ཞིང་ཡུན་དུ་གནས། །
རིས་མེད་འགྲོ་རྣམས་ཕན་བདེའི་དཔལ་གྱིས་འཚོ། །
དུས་ཀུན་ཡིད་ལ་སྨོན་པ་འདི་ཁོ་ན། །
མཐུན་འགྱུར་གསུང་གི་དབུགས་དབྱུང་དེང་འདིར་སྩོལ། །
བཀྲ་ཤིས་གང་ཞིག་ཕུན་ཚོགས་སྡེ་བཞིའི་གཏེར། །
མ་ལུས་སྐྱེ་དགུའི་ཉེར་འཚོའི་གསོས་སུ་སྨིན། །
མི་ཤིས་རྒུད་པ་བཙལ་ཀྱང་མི་རྙེད་པའི།།
དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག །
ཅེས་ཡུལ་དབུས་རྡོ་རྗེ་གདན་བྱང་ཆུབ་ཤིང་གིས་བརྒྱན་པ། དེ་བཞིན་གཤེགས་པའི་ཁྲི་དྲུང་དུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་པ་དེ་བཞིན་དུ་འགྲུབ་པར་རྒྱལ་བ་སྲས་བཅས་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སྒྲ་ཕབ་འཁོར་ལོ་ལས་གུས་སློབ་བསོད་དར་རྒྱས་ནས་དེ་ལྟར་སྨོན་བཞིན་ཡི་གེར་བཀོད་པར་དགེའོ། །རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་༩ཚེས་༡༠ལ། སྤྱི་ལོ་༡༩༩༡་ཟླ་༡༡པའི་ཚེས་༢༩ ལའོ།།