ཆོས་བརྒྱད་རླུང་ལ་བསྐུར་བའི་མགུར་མ་ཞེས་བྱ་བ་བཞུགས་སོ། །
文化
文学
2025-01-07 07:59
青海
ཆོས་བརྒྱད་རླུང་ལ་བསྐུར་བའི་མགུར་མ་བཞུགས་སོ། །
གེ་བཅག་ཚངས་དབྱངས་རྒྱ་མཚོས་མཛད།རྗེ་མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན། །དྲིན་ཅན་ག་ཎའི་མཚན་ཅན་མཁྱེན། །ཚུར་གསོན་དང་སྐལ་ལྡན་མཆེད་གྲོགས་ཀུན། །དལ་འབྱོར་སྙིང་པོ་ལེན་འདོད་ན། །འཆི་མེད་བཙན་ས་འཛིན་འདོད་ན། །རྒྱུ་འབྲས་སྙིང་ནས་གཞིག་འདོད་ན། །སྐྱབས་གནས་བླ་མ་བསྟེན་འདོད་ན། །སྐྱབས་མེད་འགྲོ་དྲུག་བསྐྱབ་འདོད་ན། །སྡོམ་པ་དམ་ཚིག་སྲུང་འདོད་ན། །དམ་ཆོས་མཐའ་རུ་ཕྱིན་འདོད་ན། །ཚེ་གཅིག་སངས་རྒྱས་ཐོབ་འདོད་ན། །རང་གཞན་དོན་གཉིས་སྒྲུབ་འདོད་ན། །ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཞེན་ཆགས་མེད་པར་མྱུར་དུ་བྲོས། །མ་རྒན་བདུད་ཀྱི་བཙོན་དོང་ཡིན། །བཤོལ་འདེབས་མ་ཉན་མྱུར་དུ་བྲོས། །གཉེན་ཉེ་དུ་བདུད་ཀྱི་གཤེད་མ་ཡིན། །གཤེད་ཡུལ་མ་འགྲིམ་མྱུར་དུ་བྲོས། །ཟས་ནོར་དུག་གི་སྡོང་པོ་ཡིན། །བཙན་དུག་མ་འགམ་མཆེད་གྲོགས་ཀུན། །ཡོན་བདག་བདུད་ཀྱི་མགོ་སྐོར་ཡིན། །ཆེ་འདོད་འགྲོ་འདོད་མ་སེམས་ཤིག །གཉེན་བསྟེན་ན་མཚན་ལྡན་བླ་མ་བསྟེན། །འདི་ཕྱི་ཀུན་ལ་སྐྱོབ་ནས་ཡོངས། །འཁོར་བའི་གཉེན་གྱི་འཁོར་བར་འཕེན། །དེ་ཕྱིར་ཆགས་ཞེན་སྙིང་ནས་སྤོངས། །ནོར་ཚག་ན་འཕགས་པའི་ནོར་བདུན་ཚོགས། །འདི་ཕྱི་ཀུན་ཏུ་ཕྱུག་ནས་ཡོངས། །འཁོར་བའི་ནོར་ནི་སྡུག་བསྔལ་རྒྱུ། །འདི་ཕྱི་ཀུན་ཏུ་སྡུག་བསྔལ་ཡོངས། །གྲོགས་བསྟེན་ན་རང་སེམས་གྲོགས་པོ་བསྟེན། །སངས་རྒྱས་ས་ལ་སྐྱེས་ནས་ཡོངས། །འཁོར་བའི་གྲོགས་ཀྱིས་འཁོར་བར་འཕེན། །ཡུལ་བཟུང་ན་ཆོས་སྐུའི་རྒྱལ་ས་ཟུངས། །དེ་ཀུན་བཟང་ཆོས་ཉིད་ཕ་ཡུལ་ཡིན། །ཡུལ་སྤང་ན་ཕ་ཡུལ་འཁོར་བ་སྤོངས། །དེ་སྡུག་བསྔལ་ཀུན་གྱི་འབྱུང་གནས་ཡིན། །ཆོས་སྟོན་ན་སྣོད་ལྡན་སློབ་མར་སྟོན། །དེ་བསྟན་པ་འཛིན་པའི་སྐྱེས་བུ་ཡིན། །ཆོས་གསང་ན་སྣོད་མིན་ཀུན་ལ་གསོང་། །དེ་རང་གཞན་གཉིས་ཕུང་བྱེད་མི་ཡིན། །ཡང་གསོན་དང་མཆེད་གྲོགས་ཆོས་མཛད་ཀུན། །ཆོས་སོ་ཐར་རྩ་བ་སྡོམ་པ་ཡིན། །སྡོམ་པ་མེད་ན་སྡུག་བསྔལ་ཡིན། །ཆོས་བྱང་སེམས་རྩ་བ་ཕན་སེམས་ཡིན། །གནོད་སེམས་ཡོད་ན་བདུད་སེམས་ཡིན། །གསང་སྔགས་རྩ་བ་དམ་ཚིག་ཡིན། །དམ་ཚིག་མེད་ན་དམ་ཉམས་ཡིན། །ལྷ་སྐུའི་རྩ་བ་བསྐྱེད་རིམ་ཡིན། །བསྐྱེད་རིམ་མེད་ན་ཐ་མལ་ཡིན། །སངས་རྒྱས་རྩ་བ་རང་སེམས་ཡིན། །རང་བྱུང་དེ་མ་རིག་སེམས་ཅན་ཡིན། །བསྙེན་སྒྲུབ་ཀྱི་རྩ་བ་རྟགས་ཚད་ཡིན། །རྟགས་ཚད་དུ་མ་མཐོང་སྟོང་ལས་ཡིན། །སྤྱོད་པའི་རྩ་བ་གང་ཤར་ཡིན། །ཚུལ་བཅོས་སུ་སོང་ན་ཐོ་ཅོ་ཡིན། །འབྲས་བུའི་རྩ་བ་ངེས་མེད་ཡིན། །འཛིན་པས་བཅིང་ན་སད་པ་ཡིན། །སོ་ཐར་རྩ་བ་ངེས་འབྱུང་ཡིན། །ངེས་འབྱུང་མེད་ན་དགེ་སློང་མིན། །བྱང་སྡོམ་གྱི་རྩ་བ་སྙིང་རྗེ་ཡིན། །སྙིང་རྗེ་མེད་ན་བྱང་སེམས་མིན། །གསང་སྔགས་རྩ་བ་དག་སྣང་ཡིན། །དག་སྣང་མེད་ན་གསང་སྔགས་མིན། །ཡང་གསོན་དང་སྐལ་ལྡན་ཆོས་མཛད་ཀུན། །བྱིས་པས་མཁར་ལས་བྱས་པ་འདྲ། །སྙིང་པོ་མེད་པས་འོ་རེ་བརྒྱལ། །རི་དྭགས་བཞིན་དུ་རི་ལ་ཉོལ། །ཁྱི་བཞིན་གྲོང་ཡུལ་མ་འགྲིམ་ཅིག །དམ་མེད་ཀྱི་རྩིབས་རྡོ་ཕོག་ཉན་ཡོད། །རྒོད་པོ་བཞིན་དུ་བྲག་ལ་ཉོལ། །བྱིས་བཞིན་ཤིང་ཁ་མ་འགྲིམ་ཞིག །འཆི་བདག་གི་སྐྱེར་མདས་འཕུག་ཉན་ཡོད། །སྟག་མོ་བཞིན་དུ་ནགས་ལ་ཉོལ། །ཝ་བཞིན་ཟན་རྗེས་མ་འབྲངས་ཤིག །སྡིག་ཟས་ཀྱི་ཁ་བཀས་བསྡམ་ཉན་ཡོད། །སེང་གེ་བཞིན་དུ་གངས་ལ་ཉོལ། །ཉ་བཞིན་ཟན་རྗེས་མ་འབྲངས་ཤིག །འཁོར་བའི་ལྕགས་ཀྱུས་བཟུང་ཉན་ཡོད། །དྲང་སྲོང་བཞིན་དུ་བྲག་ཕུག་ཟུངས། །ཤན་པ་བཞིན་གྲོང་ཡུལ་མ་འགྲིམ་ཞིག །དཀོར་ཟས་ཀྱི་སྡིག་བླས་གནོན་ཉན་ཡོད། །ལར་ཆོས་མཛད་ཀུན་ཆོག་ཤེས་མཛད་ན་ལེགས། །མི་རྟག་པའི་སྒྱུ་མ་མ་ཤེས་ན། །རྒྱུ་ཡོད་ཀྱང་རྩོལ་སྒྲུབ་ཆེ་རུ་འགྲོ། །ཟས་ཡོད་ཀྱང་མུ་གེ་ཆེ་རུ་འགྲོ། །ཟས་མི་ཟ་ཁེ་སྐྱེད་སྐོར་ཆས་བྱེད། །གོས་མི་གྱོན་ཕུག་ཏུ་གནོན་རྒྱུ་བྱེད། །ལར་མི་གཅིག་ལུས་པོ་གཅིག་པུ་ལ། །གོས་གང་སྡུག་གཅིག་ལས་མི་གྱོན་པ། །གོས་མང་པོ་ཚ་ར་ལེགས་པོ་བྱེད། །ཚེ་སུམ་གཉིས་ཟད་པ་མ་ཚོར་ནས། །དུས་ད་རུང་འཁྱགས་ནས་འཆི་སྙམ་བྱེད། །ཟན་ལན་གཅིག་ཙམ་ལས་མི་ཟ་བས། །ཟས་ནོར་མང་པོས་བང་མཛོད་བཀང་། །དུས་ད་རུང་མེད་སྐད་མུག་སྐད་འདོན། །མི་ཁ་གཅིག་མེད་པོ་ཟས་སྲེད་ཅན། །དེ་སྐད་ཅིག་དལ་མེད་ཕྱོགས་བཅུར་ཉུལ། །དེས་ཕྱོགས་བཅུར་ཉུལ་ཀྱང་རྙེད་དུས་མེད། །དེས་རྙེད་ཚད་ཟོས་ཀྱང་འགྲང་དུས་མེད། །ཡོད་པོ་ཁེ་སེམས་ངང་ལས་འཆི། །མེད་པོ་རྙེད་སེམས་ངང་ལ་འཆི། །ཤུལ་དུ་ལུས་པའི་ཟས་ནོར་ལ། །མཐོ་དམན་ཀུན་དྲི་ཟ་རོལ་པ་བཞིན། །དུག་ལྔའི་ངང་ལ་སུས་ཐོབ་བྱེད། །ལར་རྒྱལ་བ་གྲུབ་ཐོབ་ཀྱི་གསུང་སྲོལ་ལ། །དཀོར་ནག་པོ་སྲོག་གི་སྤུ་གྲི་དེ། །ཟ་ཆེ་ན་ཐར་པའི་འཇུ་ཐག་གཅོད། །དཀོར་དུག་ལྟར་འཛེམ་ལ་དམ་ཆོས་སྤྱོད། །བླ་མའི་ཞལ་ངོ་མ་བསྲུངས་ན། །མི་ནག་ངོ་སྲུང་བདུད་ཀྱི་ལས། །དབེན་གནས་རི་ཁྲོད་མ་འགྲིམས་ན། །གྲོང་ཡུལ་འགྲིམ་པ་འཁོར་བའི་རྒྱུ། །འཕགས་པའི་ནོར་བདུན་མ་བསོགས་ན། །ཟས་ནོར་བསོགས་པ་འཁོར་བའི་རྒྱུ། །ཆོས་ལ་བརྩོན་འགྲུས་མ་བྱས་ན། །ལས་ལ་བརྩོན་པ་སྟོང་ལས་ཡིན། །མི་ང་ལ་དད་པ་ཡོད་མི་འགས། །མི་ང་ལ་ཁ་ད་འདི་ལྟར་གདའ། །རྟ་དྲེའུ་བླ་ཆས་སྒར་ཆས་ཚོགས། །དཀར་ལྡོམ་སྟོན་ལྡོམ་ཡོན་བདག་སྐོར། །འགྲོ་དོན་ཤི་པོ་ལམ་སྣ་དྲོངས། །གསོན་པོའི་གང་འདོད་རིམ་འགྲོ་གྱིས། །ཁོང་བསམ་ཡོད་ཁ་ལ་ཉན་གྱུར་ན། །མི་ཁྱོད་ལ་བླ་མ་ཡོངས་ཤི་གདའ། །དེ་ལྟར་ཡང་ཡང་བསྐུལ་བའི་དུས། །མི་ང་ལ་སྐྱོ་བ་འདི་ལྟར་སྐྱེས། །ཨ་ཙ་མ་འཁོར་བའི་བསམ་བློ་དང་། །མི་བདག་གིས་ཆོས་བརྒྱད་ཆེ་ལུགས་ཀྱིས། །བདུད་ནག་པོའི་བར་ཆད་ཡིན་ཡིན་འདྲ། །ལྷ་བུའི་བདུད་ཀྱིས་བསླུས་བསླུས་འདྲ། །ལར་གསོན་དང་བླ་མ་སློབ་མཁན་ཀུན། །ངས་དམ་པའི་ལྷ་ཆོས་མ་གཏོགས་པའི། །འཇིག་རྟེན་མི་ཆོས་བྱེད་རེ་ཤི། །དངོས་གྲུབ་ལ་ཤུགས་འབྱུང་མ་ལགས་པའི། །དཀོར་ནག་ལ་དང་ལེན་བྱེད་རེ་ཤི། །སེམས་ཉིད་ཀྱི་རྟ་ཕོ་མ་ཞོན་ན། །དུད་འགྲོའི་རྟ་ཕོ་སུས་ཀྱང་ཞོན། །བདེ་ཆེན་ཞིང་ཁམས་མ་སླེབས་ན། །འདོད་པའི་ས་ལ་སུ་ཡང་སླེབས། །དཀོན་མཆོག་སྐུ་ངོ་མ་ཟིན་ན། །འཇིག་རྟེན་མི་ངོ་སུས་ཀྱང་བཟུང་། །ཆོས་སྐུའི་རྒྱལ་ས་མ་ཟིན་ན། །ས་མཁར་མཐོན་པོ་སུས་ཀྱང་བཟུང་། །རླུང་སེམས་དབང་དུ་མ་འདུས་ན། །ཟས་ནོར་དབང་སྡུད་སུས་ཀྱང་སྒྲུབ། །འཕོ་བའི་ལམ་སྟོན་སུས་ཀྱང་བྱེད། །བསྟན་འཛིན་ལ་སྨིན་གྲོལ་མ་བྱས་ན། །ངོས་དགའི་ཆོས་བཤད་སུས་ཀྱང་བྱེད། །ཡང་གསོན་དང་མཆེད་གྲོགས་ཆོས་མཛད་ཀུན། །སེམས་ཉིད་རྟ་ཕོ་ཨི་བཟུང་ཤི། །རང་རིག་གི་སྒ་སྲབ་ཨི་བརྟོད་ཤི། །བསྐྱེད་རྫོགས་ཀྱི་རྟ་ལ་ཨི་ཞོན་ཤི། །སྨོན་ལམ་གྱི་རྟ་ཁ་ཨི་བསྒྱུར་ཤི། །འདུན་ཕུག་གི་ཞིང་ཁམས་ཨི་སྙོགས་ཤི། །རང་རིག་གི་སངས་རྒྱས་ཨི་མཇལ་ཤི། །རླུང་སེམས་ཀྱི་དབང་སྡུད་ཨི་བྱེད་ཤི། །དབུ་མའི་གུར་དཀར་ཨི་དབུབ་ཤི། །རོ་རྐྱང་གི་ཀ་བས་ཨི་བཀར་ཤི། །རྩ་བྲན་གྱི་ཆོན་ཐགས་ཨི་བརྒྱང་ཤི། །གནས་སོ་སོའི་ཕྱོགས་ལ་ཨི་འཐེན་ཤི། །དབུ་མ་ཆེན་པོའི་གུར་དབུས་ན། །དུས་མེ་སྒྲ་ཅན་ཉི་ཟླའི་སྟེང་། །རང་བྱུང་གི་བླ་མ་རྒྱན་ཅན་བཞུགས། །ཚོགས་བརྒྱད་ཀྱི་མཁས་གྲུབ་གྲྭ་པའི་ཚོགས། །རང་བྱུང་དྷུ་ཏིའི་གདན་ལ་བཞུགས། །ཡུལ་བརྒྱད་གང་འདོད་མཆོད་པ་འབུལ། །ལུས་ཀུན་རྒྱལ་བའི་ཡོན་བདག་ལ། །དཀར་དམར་གྱི་ལྡོམ་བུ་ཨི་སྐོར་ཤི། །ཡས་བབ་ཀྱི་དབྱར་སྒར་ཨི་བསྐྱགས་ཤི། །མས་བརྟན་གྱི་སྟོན་ལྡོམ་ཨི་སྐོར་ཤི། །ཡུལ་ཕྱོགས་རྩ་གནས་བརྒྱད་ཁྲི་ལ། །དཔའ་བོ་མཁའ་འགྲོའི་ཡོན་བདག་ཡོད། །དེ་ཀུན་འདོད་དོན་ཨི་བཀང་ཤི། །དགའ་བཞིའི་རིམ་གྲོ་ཨི་བྱེད་ཤི། །འཁྲུལ་རྟོག་གི་བར་ཆད་ཨི་བསལ་ཤི། །ལས་རླུང་སྐྱེ་ཤི་ཁ་སྦྱོར་དེ། །དབུ་མའི་གནས་སུ་ཨི་འདྲེན་ཤི། །ཀུན་ཏུ་བཟང་པོར་ཨི་སྤྲོ་ཤི། །ཡང་གསོན་དང་སྐལ་ལྡན་མཆེད་གྲོགས་ཀུན། །དེ་རྣལ་འབྱོར་རྟ་ཡི་འཁྱེར་ལུགས་ཡིན། །གང་འདོད་གནས་སུ་བསྐྱལ་ལུགས་ཡིན། །གདུལ་བྱ་འགྲོ་དོན་བྱེད་ལུགས་ཡིན། །དཔལ་ལྡན་བླ་མའི་བཞེད་སྲོལ་ཡིན། །རྩ་བའི་བླ་མར་གསོལ་བ་འདེབས། །ག་ཎའི་མཚན་ལ་གསོལ་བ་འདེབས། །བདུད་བཞིའི་འཕྲང་ལས་ཐར་བར་ཤོག །ཆོས་བརྒྱད་ཀྱི་བར་ཆད་མེད་པར་ཤོག །དཀོར་ནག་གི་དུག་ཆུ་མི་འགམ་ཤོག །ཚེ་དང་སྒྲུབ་པ་མཉམ་པར་ཤོག །དབེན་གནས་ལ་རྟག་ཏུ་གནས་པར་ཤོག །འཚོ་བའི་སྲེད་པ་མེད་པར་ཤོག །འབད་མེད་ལྷུན་གྱིས་གྲུབ་པར་ཤོག །བསྟན་པ་ལ་བྱ་བ་བྱེད་པར་ཤོག །འགྲོ་དྲུག་ལམ་སྣ་འདྲེན་པར་ཤོག །རང་གཞན་དོན་གཉིས་འགྲུབ་པར་ཤོག །ཚིག་མཐའ་ཕྱི་ནས་མ་ཡིན་པར། །དོན་མཐའ་ནང་ནས་ཆོད་པར་ཤོག །དུག་ལྔའི་དགག་གྲུབ་མ་ཡིན་པར། །རིགས་ལྔའི་རང་ཞལ་མཇལ་བར་ཤོག །ཁྱེད་རྩ་བའི་བླ་མ་ཀུན་ཏུ་བཟང་། །ལོགས་སུ་ཡོད་སྙམ་མ་སེམས་པས། །སེམས་ཉིད་ཀྱི་ཀློང་ནས་མཇལ་བར་ཤོག ། གླུ་འདི་བཙུན་མ་མཚམས་པ་འགའ་རེས་ཁྱོད་ཀྱིས་གླུ་གང་དྲན་ལོངས་ཟེར་བ་དང་། བསམ་པ་ཅན་འགའ་རེས། རྟ་དྲིལ་སྒར་ཆས་སོགས་ཚགས་ནས་བླ་མ་བྱས་ན་ཡོངས་བར་གདའ་བསྐུལ་བས། རང་ནས་བསམ་གཞིག་བཏང་བས་ཆོས་བརྒྱད་འདི་ལྷ་བུའི་བདུད་དུ་གོ་ནས་སེམས་སྐྱོ་བ་ཚད་མེད་པའི་ངང་ནས་འདི་ལབ་པས། མཁའ་སྤྱོད་སྒྲོལ་མས་ཡི་གེར་འབྲི་དགོས་གསུངས་ནས་བྲིས་སོ།། ཤིན་ཏུ་གསུང་ཟབ་དོན་འདུས་འདི་དག་གིས་སྐྱེ་བོ་མང་པོར་ཕན་ངེས་སུ་མཐོང་ནས། གང་གི་གསུང་འབུམ་ལས་གུས་པ་ཡུལ་ཤུལ་བདེ་རྣམ་པས་བཤུས་ཏེ་སྤེལ་བ་དགེ།