མི་རྟག་གསལ་འདེབས་ཀྱི་སྨོན་ལམ། མཁན་ཆེན་འཆི་མེད་རིག་འཛིན་གྱིས་མཛད།

文化   2025-01-08 10:06   青海  
མི་རྟག་གསལ་འདེབས་ཀྱི་སྨོན་ལམ།
མཁན་ཆེན་འཆི་མེད་རིག་འཛིན་གྱིས་མཛད།

 སྨོན་ལམ་འབུམ་ཕྲག་རྒྱ་མཚོ་ལ། །
 དབང་འབྱོར་རྒྱལ་སྲས་སེམས་དཔའ་ཆེ། །
 འཕགས་མཆོག་ཀུན་ཏུ་བཟང་པོ་ལ། །
 གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 བཀའ་དྲིན་ཅན་གྱི་བླ་མ་དང་། །
 བསྙེན་ཅིང་བསྒྲུབས་པའི་ཡི་དམ་ལྷ། །
 མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས། ། 
 བདག་བློ་ཆོས་ལ་བསྒྱུར་དུ་གསོལ། །

 ཆོས་ལས་བསྒྲུབ་རྒྱུ་བདག་ལ་མེད། །
 འདི་འགྲུབ་དཔའ་གདེང་གང་ཡང་མེད། །
 མི་ཚེའི་ཕྱེད་ཀ་དེ་ལྟར་ཟད། །
 ལོང་མེད་རྒྱུད་ལ་སྐྱེ་བར་ཤོག །

 འཆི་བདག་ནུབ་ཁའི་གྲིབ་སོ་འདྲ། །
 བཀག་པས་མི་ཁེག་ཚུར་ཚུར་ནུད། །
 ལས་ཉོན་རྒྱ་མཚོ་སྐེམ་ནུས་པའི། །
 ཟབ་དོན་མྱུར་དུ་བསྒོམ་ནུས་ཤོག །

 ལོ་ཟླ་འདི་ནི་ཡུན་རེ་ཐུང་། །
 རྒས་པ་འདི་ནི་བང་རེ་མགྱོགས། །
 འདི་ལ་བསམ་ནས་ཚེ་འདིའི་ཆེད། །
 བྱ་བྱེད་ཤོམ་ར་སྐྱུར་ནུས་ཤོག །

 གཅིག་པུར་ཕྱི་མར་འགྲོ་ཉིན་མོ། །
 དགེ་སྡིག་ཞེ་རྩིས་བྱེད་ཉིན་མོ། །
 སེམས་ལ་བཞག་ནས་གང་ཤེས་ཀྱི། །
 ཆོས་དེ་རྒྱུད་ལ་སྦྱོར་ནུས་ཤོག །

 འཇིག་རྟེན་འདི་ནི་ཤུལ་དུ་འཇོག །
 འགྲོག་པའི་གྲོགས་ནི་རྒྱབ་ཏུ་སྐྱུར། །
 དེ་ལ་བསམས་ནས་དོན་མེད་ཀྱི། །
 རྣམ་གཡེང་འབྲེལ་འདྲིས་གཅོད་ནུས་ཤོག །

 བཟློག་མེད་ནད་ཆེན་ཐེབས་པའི་ཉིན། །
 སྔ་འདང་ཕྱི་འདང་རྒྱག་པའི་ཉིན། །
 བླ་མ་མ་གཏོགས་སྐྱབས་གཞན་མེད། །
 རྒྱུན་དུ་གསོལ་བ་འདེབས་ནུས་ཤོག །
 
 རང་ཉིད་མལ་དུ་ལྷུང་བའི་ཚེ། །
 གཞན་ལ་ཡིད་སྨོན་བྱེད་པའི་དུས། །
 ཆོས་ཀྱི་གདེང་རེ་ཡོད་དགོས་པས། །
 ཡང་ཡང་གསལ་འདེབས་ནུས་པར་ཤོག །

 གཟེར་ཆེན་གཟེར་ཆུང་རྒྱུག་པའི་དུས། །
 གཡས་སྐྱོར་གཡོན་སྐྱོར་དགོས་པའི་དུས། །
 ཡང་ཡང་དྲན་ཏེ་ད་ལྟ་ནས། །
 རང་དོན་ཚགས་སུ་ཚུད་པར་ཤོག །

 སྲོག་གི་ཉག་ཐག་ཆད་པའི་ཉིན། །
 ལུས་འདི་ས་རྡོར་འགྱུར་བའི་ཉིན། །
 འདི་སྣང་རང་མཚང་སྟོན་པས་ན། །
 ཚེ་འདིའི་ཞེན་པ་ཆོད་པར་ཤོག །

ཅེས་པ་འདི་ཡང་ཚེ་མི་རྟག་པ་བསྒོམ་པའི་ཉམས་ལེན་གྱི་ཉེར་མཁོར་དམིགས་ཏེ་འཆི་མེད་རིག་འཛིན་གྱིས་སོ། །

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章