ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་སྒྲ། ཡུལ་དངོས་ཞལ་གསུང་སྒྲ་ཡིག་ཆ་ཚང་།

文化   2024-12-31 15:38   青海  

༄༅། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་སྒྲ།


 ངས་ཇི་ལྟར་དྲིས་པའི་ལན་དེ་བསྟན་འཛིན་ལྷག་པ་དང་། འཆི་མེད་རིག་འཛིན་ཁོང་རྣམ་པ་གཉིས་ཀྱིས་ཇི་ལྟར་བཏབ་པ་བཞིན་དུ། ཁྱེད་ཚོགས་མང་གིས་ཀྱང་དེ་ལྟར་དུ་ལན་ཐོབས།  ད་སྔོན་ངའི་སྙིང་དོན་གྱི་རྒྱལ་པོ་ནད་ཚབས་ཆེན་པོས་ཟིན་ནས། སྡུག་བསྔལ་བཟོད་གླགས་མེད་པར་མྱོང་། ང་ལ་སྡུག་བསྔལ་མྱོང་བས་མ་ཚད། ཁྱེད་འཁོར་སློབ་ཚང་མ་ལ་ཡང་། ཕ་བུ་འབྲལ་གྱིས་དོགས་པའི་སེམས་ཀྱི་སྡུག་བསྔལ་བཟོད་པར་དཀའ་བ་ཞིག་ཀྱང་མྱོང་ནས།  ད་ལྟ་ཟླ་བ་དགུའི་ཁ་གང་ནི་རེད། ད་རུང་ཟླ་བ་དགུའི་རིང་དེར་རང་རེ་ཚང་མས་བསམ་བློ་འདུན་པ་གཅིག་གྱུར་ཀྱི་སྒོ་ནས། བཟང་པོ་སྤྱོད་པའི་སྨོན་ལམ་ལས། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞེས་གསུངས་པའི་སྨོན་ལམ་གྱི་འབྲས་བུ་དེ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་དུ། བརྩོན་པ་བརྒྱ་འགྱུར་དུ་བརྩམས་ནས། ད་ལྟ་ཟླ་བ་དགུ་ལོན་ཟིན་པ་ཡིན་ན། དེ་རིང་གི་སྐབས་སུ་ནི་རང་རེ་དཔོན་སློབ་ཚང་མས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར་ཨི་ཐལ། ཐལ། ཉེས་ཚོགས་ཐམས་ཅད་རང་སར་གྲོལ་ཨི་ཐལ། ཐལ། འདོད་རྒུ་མ་ལུས་པ་ཀུན་ངང་གིས་འབྱུང་ཨི་ཐལ། ཐལ། སྣང་སེམས་མཐའ་དག་དབང་དུ་སྡུད་ཐུབ་ཨི་ཐལ། ཐལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་ཨི་ཐལ། ཐལ། སྔགས་སྐྱེས་མཁའ་འགྲོའི་རྟེན་འབྲེལ་ལེགས་པར་འགྲིགས་ཨི་ཐལ། ཐལ། ཞིང་སྐྱེས་མཁའ་འགྲོའི་ཚོགས་ལ་རང་དབང་བསྒྱུར་ཐུབ་ཨི་ཐལ། ཐལ། ལྷན་སྐྱེས་ཌཱཀིའི་དེ་ཁོ་ན་ཉིད་མངོན་དུ་གྱུར་ཨི་ཐལ།  ཐལ། དད་ལྡན་གྱི་དགེ་བསྙེན་ཕོ་མོ་ཚང་མ་ཡང་ཐར་བའི་ལམ་ལ་བཀོད་ཐུབ་ཨི་ཐལ། ཐལ། འོ་ན་དེ་ལྟ་བུའི་དོན་དང་མཐུན་པའི་རྒྱལ་དབྱངས་སྙན་མོ་ཞིག་མཁན་པོ་འཆི་མེད་རིག་འཛིན་གྱིས་གསུང་བར་ཞུ།

 འཁོར་འདས་མཉམ་པར་བརྡལ་བའི་གཞི་ཀློང་དུ། །རང་སྣང་སྐུ་གསུམ་རོལ་པ་འབྱམས་སུ་ཀླས། །འཇི༵གས་མེ༵ད་གཟུངས་སྤོབས་ཏིང་འཛིན་སྒོ་བརྒྱ་འབྱེད། །དོ༷ན་གཉི༷ས་ལྷུ༷ན་གྲུ༷བ་རྡོ༵་རྗེ༵་བདུ༵ད་འཇོ༵མས་ང་། །རྣམ་དག་ཚུལ་ཁྲིམས་གཙང་མས་རྒྱུད་བསྡམས་ཤིང་། །གཞན་ཕན་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་འཕྲུལ་འཁོར་གྱིས། །ཉེ༷ས་ཚོ༷གས་ར༷ང་སར་གྲོ༷ལ་བ་ང་མིན་སུ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ཕོ་ཉ་ཡིས། །ཕུ༵ན་ཚོ༵གས་སྡེ་བཞིའི་ཁྲི་ལ་མངའ་གསོལ་ཞིང་། །འབྲེལ་ཚད་དོན་ལྡན་ཡིད་བཞིན་ནོར་བུ་དངོས། །འདོ༷ད་རྒུ༷་ཀུ༷ན་གྱི་འབྱུ༷ང་གནས་ང་མིན་སུ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་འགྲོགས་པའི། །ཐབས་གྲོལ་ཨུཏྤལ་དམར་པོའི་ཞགས་པ་ཡིས། །རླུང་སེམས་ལྷ་མིའི་འདུ་བ་བྲན་དུ་ཁོལ། །སྣ༷ང་སེ༷མས་དབ༷ང་སྡུ༷ད་སྐ༵ལ་བ་བཟ༵ང་པོ་ང་། །དཔའ་བར་འགྲོ་བའི་ཏིང་འཛིན་གྱིས་བོས་པའི། །ཤེས་རབ་རལ་གྲིའི་འཕྲུལ་ཐབས་གཅིག་གིས་ཀྱང་། །ཚར་གཅོད་རྗེས་སུ་འཛིན་ལ་དབང་འབྱོར་པའི། །ཕྱོ༷གས་ལ༷ས་རྣ༷མ་པར་རྒྱ༷ལ་བ་ང་མིན་སུ། །སྔ༷གས་སྐྱེ༷ས་ཌཱཀིའི་རྟེན་འབྲེལ་ལ་བརྟེན་ནས། །ཞི༷ང་སྐྱེ༷ས་ཌཱཀིའི་ཚོགས་ལ་མངའ་དབང་བསྒྱུར། །ལྷ༷ན་སྐྱེ༷ས་ཌཱཀིའི་དེ་ཉིད་མངོན་སུམ་མཐོང་། །མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་དཔལ་ང་། །ཤིན་ཏུ་བསམ་སྦྱོར་ངན་པའི་བདུད་རིགས་ཚོགས། །བསྟན་དང་འགྲོ་ལ་གནོད་པ་དེས་ཆོག་གིས། །ད་ནི་རང་མགོ་རང་གིས་མ་སྐོར་བར། །ངན་སོང་ལམ་ནས་བཤོལ་ན་མི་ལེགས་སམ། །ཐུགས་རྗེའི་སྤྱན་ལྡན་རྩ་གསུམ་སྲུང་མའི་ཚོགས། །ཕ་བཟང་བུ་ཡི་གྲོགས་སུ་ད་བྱོན་ལ། །བར་ཆད་བདུ༷ད་ཀྱི་གཡུལ་ལ༷ས་རྒྱ༷ལ་བ་དང་། །མཐུན་རྐྱེན་ལེ༷གས་ཚོ༷གས་ཆ༷ར་དུ་འབེ༷བས་པར་མཛོད། །



  རང་རེ་དཔོན་སློབ་ཚང་མ། དེ་བཞིན་གཤེགས་པའི་མདོ་ཕལ་པོ་ཆེ་ལས་ཇི་སྐད་ལུང་བསྟན་པ་བཞིན་དུ། སྔོན་སྐལ་བ་བཟང་པོའི་དུས་ནས་ད་ལྟའི་བར་དུ། འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་ཁྲི་ཕྲག་དང་བཅས་པ། རྟག་ཏུ་འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་བཞིན་པའི་གནས་ཁྱད་པར་ཅན་རི་བོ་རྩེ་ལྔ་ལ་སོང་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། མ་ལུས་པའི་སེམས་ཅན་ཐམས་ཅད་ལ་བདེ་བ་འབྱུང་བ་དང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཕྱིར་དུ། ཕྱོགས་བཅུའི་ཐ་གྲུ་ཀུན་ཏུ་དཀའ་ངལ་གང་ལའང་མ་འཛེམ་པར་སྐྱོད་བཞིན་པའི་སྐབས་སུ། མ་ལུས་པའི་འགྲོ་བ་ཐམས་ཅད་ཕན་དང་བདེ་བའི་ལམ་ལ་འགོད་ཐུབ་ཨི་ཐལ། ཐལ། ནོར་འཛིན་ཡངས་པོའི་ཁྱོན་མཐའ་དག་འདུལ་བ་འཛིན་པའི་སྡེས་བྱུར་བུར་བཀང་ཐུབ་ཨི་ཐལ། ཐལ། དེ་ལྟ་བུའི་བསྟན་པ་དང་སེམས་ཅན་གྱི་དོན་མཛད་པའི་གནས་སྐབས་ན། བདུད་སྡེའི་ཚོགས་ཐམས་ཅད་ཀུན་ཀྱང་དབང་དུ་གྱུར་ཏེ། ཐམས་ཅད་ཀུན་ཀྱང་དཀར་པོ་དགེ་བའི་ལམ་ལ་བརྩོན་པའི་བྱ་བ་བསྒྲུབས་ཐུབ་ཨི་ཐལ། ཐལ། དེས་ན་དེ་ལྟ་བུའི་གླུ་གཞས་རྒྱལ་དབྱངས་དེ་ཡང་མཁན་པོ་བསྟན་འཛིན་ལྷག་པས་གསུང་བར་ཞུ།
  བརྒྱད་གཉིས་ལང་ཚོའི་དཔལ་འཆང་མཚམས་སྤྲིན་གྱི་མདངས་འཛིན། །ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོ་དེ་མཁྱེན་ནོ། །བདག་སྙིང་ཆུ་སྐྱེས་འཛུམ་པའི་གདན་བཟང་ལ་བཞུགས་ནས། །དགེ་ལེགས་ཤིས་པའི་སྦྲང་ཆར་འཛད་མེད་དུ་སྙིལ་ཤོག །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་སེང་ཆེན་དེ་ནོར་བུ། །སྐལ་ལྡན་བདག་གི་མགོན་དང་དཔུང་གྲོགས་སུ་བྱོན་ནས། །བསྟན་པ་སྤེལ་དང་འགྲོ་ཀུན་བདེ་སྐྱིད་ལ་འགོད་པའི། །རེ་འབྲས་མཐའ་དག་གེགས་མེད་བདེ་བླག་ཏུ་གྲུབ་སོང་། །བཏུད་ན་ཞི་བསིལ་རི་བོང་འཛིན་པ་ཡི་མཆེད་པོ། །འཐབ་ན་དྲག་རྩུབ་དུས་མཐའི་མེ་དཔུང་གི་འཕྲུལ་འཁོར། །འད༵ན་སྲ༵ས་དཔའ་བོའི་རང་གཤིས་མ་སྦས་པར་ངོམ་ནས། །བདུད་སྲིན་དམ་སྲིའི་གཡོ་འཕྲུལ་རྨང་མེད་དུ་བརླགས་ཐལ། །ཁྲིམས་ལྡན་སྡེ་སྣོད་འཛིན་པའི་འདབ་སྟོང་གི་ཚོགས་ཀྱིས། །དབྱིག་འཛིན་ཡངས་པོའི་ཁྱོན་ཀུན་དོག་པོ་རུ་བགྱིད་སྐབས། །རྒྱུ་སྐར་ཚོགས་ཀྱིས་རང་གནས་འཆོར་བ་ལ་འཚེར་ནས། །འདར་ཞིང་འགྲོ་འོང་ཚབ་ཚུབ་བྱེད་པ་འདི་མཐོང་ངམ། །རྡོ༵་རྗེ༵་བདུ༵ད་འཇོ༵མས་ནག་ཕྱོགས་གཤེད་མ་རུ་ཆས་སྐབས། །ལྷ་མིན་ཚོགས་ཀྱང་ལྷ་ཡི་སྤྱོད་ཚུལ་ལ་མོས་ནས། །རྒྱལ་བསྟན་གཞིར་བཞེངས་སློང་བའི་མཛའ་གྲོགས་སུ་གྱུར་པའི། །སྔར་མ་མཐོང་བའི་གྲུབ་རྟགས་མངོན་སུམ་དུ་སྣང་འདུག །རླུང་སེམས་དྷཱུ་ཏིར་བསྟིམས་པའི་ལག་རྗེས་ལས་འོངས་པའི། །མཆོག་དམན་བར་མའི་འགྲོ་ཚོགས་བདག་དབང་དུ་གྱུར་ཏེ། །ཀུན་ཀྱང་བྱང་ཆུབ་སྒྲུབ་ལ་སྙིང་སྟོབས་ཤིག་སྐྱེས་ནས། །ལུས་ངག་དལ་དུ་མེད་པའི་ངང་ཚུལ་འདི་གཟིགས་སམ། །དེ་རིང་འདི་ན་གནས་པ་སྐལ་ལྡན་གྱི་སྐྱེ་བོ། །རིང་མིན་བདེ་ལྡན་ཞིང་གི་ཚོགས་གྲལ་དུ་འཚོགས་ཏེ། །འོད་མཚན་སྟོང་འབར་ཕྱག་གཡས་སྤྱི་བོ་རུ་བཞག་ནས། །ལུང་བསྟན་འཐོབ་པའི་རྟེན་འབྲེལ་མ་ལུས་པ་འགྲིགས་སོང་། །གླུ་འདི་སུ་ཡི་རྣ་བར་ཐོས་པ་ཡི་ཚོགས་རྣམས། །ནམ་ཞིག་བདག་ཉིད་མངོན་འཚང་རྒྱ་བ་ཡི་དུས་སུ། །འདུས་པ་དང་པོའི་གྲལ་དུ་འཁོད་པ་རུ་སྨོན་ན། །མཐུན་འགྱུར་དབྱིངས་ནས་སྲས་བཅས་རྒྱལ་བ་ཡིས་གནོངས་ཤོག །
  འོ་ཡ་དེ་རིང་། རང་རེ་ཚང་མས་འཆི་བླུ་ནད་གདོན་ཀུན་གྲོལ་གྱིས་བྱ་བ་ཡུན་རིང་པོའི་བར་དུ་བརྩམས་པའི་ལག་རྗེས་ལ། ལྷ་རྒྱལ་ཨི་ཐལ། ཐལ། བདུད་ཕམ་ཨི་ཐལ། ཐལ། དཀོན་མཆོག་གསུམ་གྱི་དབུ་འཕང་སྲིད་པ་གསུམ་གྱི་བླ་ན་མཐོ་ཨི་ཐལ། ཐལ། ནག་ཕྱོགས་བདུད་རིགས་ཀྱི་ཚོགས་ཐམས་ཅད་ས་འོག་མུན་པ་དགུའི་ཀློང་རིམ་དུ་ཡིབ་ཨི་ཐལ། ཐལ། འོ་ན་དེ་ལྟ་བུའི་རྒྱལ་དབྱངས་སྙན་མོ་དེ་ངེད་རང་དཔོན་སློབ་བཞིས་མཉམ་དུ་ལེན་པ་ལ་ཐམས་ཅད་ཀྱིས་གསན་པར་ཞུ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་གྱུར ། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོ་ཕམ། །མེ་ཡིས་ཤིང་རྣམས་ཕམ་པར་གྱུར། །ཆུས་ནི་མེ་ཡང་ཕམ་པར་གྱུར། །རླུང་གིས་སྤྲིན་རྣམས་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གསུངས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ཅག་རྣམས་ནི་ནད་དང་གདོན། །ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ། །སྡིག་པ་ཐམས་ཅད་རབ་ཏུ་ཕམ་སྭཱ་ཧཱ། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ཀི་ཧི་ཧི། ཀི་ཧི་ཧི། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ཀི་ཧི་ཧི། ཀི་ཧི་ཧི། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།། ཀི་ཧི་ཧི།  ཀི་ཧི་ཧི། ཀི་ཧི་ཧི། ཀི་ཧི་ཧི།
  རབ་གནས་ས་མོ་ཕག་ལོའི་ཟླ་བ་བཅུ་གཉིས་པའི་མཁའ་འགྲོའི་དུས་ཆེན་ཉིན། བཀྲ་ཤིས་ཁྲི་གླིང་བོད་ཡིག་ཚོགས་ཆུང་གིས་ཡི་གེར་ཕབ།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章