ཉི་མ་ནུབ་ཁའི་ལྟད་མོ།
མཛད་པ་པོ། མཁན་ཆེན་འཆི་མེད་རིག་འཛིན།
ནུབ་ཁའི་ཉི་མ་སེར་པོ་ཕར་ཕར་ནུད་སོང་། །
ཤར་ཁའི་གྲིབ་མ་ནག་པོ་ཡར་ཡར་འགོས་སོང་། །
མ་ཀི་ཞིང་པ་རྒན་པོའི་ལས་ཀ་བཞག་ནས། །
རྐོ་མ་རྒྱབ་ལ་ཁུར་ཏེ་ཁྱིམ་ལ་འགྲོ་འདུག །
ལ་རྙེད་རྫི་བོ་གཞོན་ནུས་འུར་རྡོ་འཕེན་བཞིན། །
རི་རྩུབ་ཕྱུགས་ཀྱི་ཁྱུ་རྣམས་མར་མར་སྐོར་འདུག །
ལ་འདབས་སྦྲ་ནག་ཁྱིམ་ནས་དགོང་ཇ་བསྐོལ་ཏེ། །
དུ་བ་གཡུ་འབྲུག་སྔོན་མོ་གནམ་ལ་གཏོང་སྐབས། །
ཕ་ཀི་བྲག་སྐྱིབས་གན་ན་ཉི་མར་ལྡེ་བཞིན། །
སྤྱན་མིག་ཧར་གྱིས་བགྲད་དེ་གནམ་ལ་ལྟ་བའི། །
བན་རྒན་ཁ་སྤུ་ཅན་ཡང་རྐུམ་སྟན་བཟུང་ནས། །
བྲག་ཕུག་སྟོང་པ་དེ་ཡི་ནང་ལ་ལོག་སོང་། །
ཕྱུགས་རྫི་བུ་ཡིས་ནོར་ནག་འཕེལ་ཁ་བསམ་ཡོད། །
ཞིང་པ་རྒན་པོའི་འབྲུ་དྲུག་སྟོན་ཐོག་བསྒུགས་ཡོད། །
བྱར་མེད་ཉི་མར་རྒོག་པའི་བན་རྒན་རིད་པོ། །
ཁེར་རྐྱང་རི་ལ་བྲོ་བའི་ཐུགས་འདུན་ཅི་ཡོད། །
བཀྲ་ཤིས་བདེ་ལེགས།