《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
རྩོམ་ཡིག་ལས་རང་རྒྱལ་ནི་དུས་ཡུན་རིང་པོའི་ནང་འཛམ་གླིང་སྟེང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་འབོར་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་བཅད་པ་ལྟར་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་འབོར་གྱི་ལོ་ནའི་གྲུབ་ཆར་འགྱུར་བ་བྱུང་བ་དང་བསྟུན་ནས། རང་རྒྱལ་སྤྱིའི་ཆ་ནས་མི་འབོར་འཕར་ཚད་ཀྱི་འཕེལ་རྒྱས་ནས་གྲངས་འབོར་ཉུང་འཕྲིའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་བ་དང་། མི་འབོར་འཕེལ་རྒྱས་དེ་བུ་ཉུང་ཅན་དང་ལོ་ལོན་ཅན། ས་ཁོངས་མི་འབོར་འཕར་ཆག་དབྱེ་འབྱེད་སོགས་མངོན་གསལ་ཅན་གྱི་འཕེལ་ཕྱོགས་ཁྱད་ཆོས་མངོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་འབོར་གྱི་ཁོར་ཡུག་དང་ཆ་རྐྱེན་གསར་པར་འཕྲད་ཡོད། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ངེས་པར་དུ་ཕྱོགས་ཡོངས་ནས་ངོས་འཛིན་དང་ཡང་དག་པའི་ལྟ་སྟངས་འཛིན་དགོས་ཞེས་ནན་གྱིས་བསྟན། རྩོམ་ཡིག་ལས་དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། དུས་རབས་གསར་པའི་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། མི་འབོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་འཚམ་མཐུན། སྣེ་ཁྲིད་བཅས་བྱེད་པ། མི་འབོར་གྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་པ། འོས་འཚམ་གྱི་བུ་སྐྱེས་ཆུ་ཚད་དང་མི་འབོར་གྱི་གཞི་ཁྱོན་རྒྱུན་འཁྱོངས་གང་ལེགས་བྱེད་པ། བྱང་ཚད་ལེགས་པ་དང་སྤྱི་འབོར་འདང་ངེས་ཡོད་པ། གྲུབ་ཆ་ལེགས་སྒྲིག་ཡིན་པ། ཁྱབ་ཚུལ་ལུགས་མཐུན་ཡིན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་ཏེ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས། གཤམ་གསལ་རྩ་དོན་ཁོང་དུ་ལེགས་པོར་ཆུད་དགོས། གཅིག་ནས་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་མ་ལག་ལྡན་པའི་འདུ་ཤེས་ལ་བརྟེན་ནས་མི་འབོར་གྱི་གནད་དོན་ལ་གཅིག་གྱུར་ངང་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།
རྩོམ་ཡིག་ལས་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་གཙོ་གནད་ལས་འགན་དངོས་སུ་བཏོན་ཡོད། གཅིག སློབ་གསོ་དང་འཕྲོད་བསྟེན་ལས་དོན་ལ་བཅོས་སྒྱུར་དང་གསར་གཏོད་ཟབ་སྤེལ་བྱས་ཏེ། མི་འབོར་གྱི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གཉིས། བུ་སྐྱེས་ཀྱི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་འདོན་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི། མི་འབོར་ལོ་ལོན་ཅན་དུ་འགྱུར་བར་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་དགའ་སྣང་ཡོད་པ་བཅས་མངོན་འགྱུར་གང་ཐུབ་བྱེད་དགོས། ལྔ། མི་འབོར་དང་དཔལ་འབྱོར། སྤྱི་ཚོགས། ཐོན་ཁུངས། ཁོར་ཡུག་བཅས་བར་གྱི་འབྲེལ་བར་གཅིག་གྱུར་འཆར་འགོད་སྔར་ལས་གང་ལེགས་བྱས་ནས། མི་འབོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཏོན།རྩོམ་ཡིག་ལས་དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། མི་འབོར་སྡོམ་རྩིས་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱུ་དང་། མི་འབོར་དང་བུ་སྐྱེས་འགན་སྲུང་བཅའ་ཁྲིམས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་འབོར་གྱི་གཞུང་ལུགས་མ་ལག་འཛུགས་དགོས། དྲིལ་སྒྲོག་དང་ཁྲིད་སྟོན་ཡག་པོ་བྱས་ཏེ་ངང་ཚུལ་བཟང་པོ་བསྐྲུན་དགོས་ཞེས་བསྟན།
རྩོམ་སྒྲིག་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ། རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།