སྤྱི་ཟླ11ཚེས17ཉིན། བོད་རིགས་ཀྱི་གནའ་བོའི་ཨར་སྐྲུན་རིགས་གཅིག་མཁས་ཅན་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས་གནང་བའི《ཀྲུང་གོ་བོད་རིགས་ཀྱི་གནའ་བོའི་ཨར་སྐྲུན་ལོ་རྒྱུས། དབུས་གཙང་དེབ》དེ་སྤྱི་ཚེས16ཉིན་ལྷ་ས་སྐྱིད་པོ་སྒང་སྒྱུ་རྩལ་ལྟེ་གནས་སུ་དངོས་སུ་འགྲེམས་སྤེལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེབ་དེའི་ནང་དབུས་གཙང་ས་ཁུལ་གྱི་གནའ་བོའི་ཨར་སྐྲུན་ལོ་རྒྱུས་སྐོར་བཀོད་ཡོད་པ་དང་། རྡོ་ཆས་དུས་རབས་ནས་ཉེ་རབས་དང་དེང་རབས་བར་ཨར་སྐྲུན་གཞི་རྟེན་དུ་བྱས་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་དར་རྒུད་དང་འཕོ་འགྱུར་ཀློག་པ་པོའི་སྤྱན་ལམ་དུ་བཤམས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དེབ་དེའི་ནང་དབུས་གཙང་གི་གནའ་བོའི་ཨར་སྐྲུན་དེ་གནས་ཡུལ་འདེམས་པ་ནས་ཨར་སྐྲུན་རྒྱུ་ཆ་དང་གྲུབ་ཆའི་བཟོ་རྩལ་བར་གྱི་དམིགས་བསལ་གྱི་ཁྱད་ཆོས་རྒྱས་བཤད་བྱས་ཡོད་ལ། ཡུན་ནན་དང་། སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ལུགས་ཨར་སྐྲུན་གྱི་གནས་ཚུལ་ཡང་རགས་བཤད་བྱས་ཡོད། རྩོམ་པ་པོས་དཔེ་དེབ་ནང་ཨར་སྐྲུན་ལོ་རྒྱུས་དང་འབྲེལ་བའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་ཆོས་ལུགས་དད་མོས་དང་། དམངས་སྲོལ་གོམས་འདྲིས། སྤྱི་ཚོགས་ལམ་ལུགས་སོགས་རྒྱུ་རྐྱེན་གྱིས་ཨར་སྐྲུན་གྱི་ནུས་པར་བརྒྱུད་རིམ་ལྡན་པའི་དབྱེ་ཞིབ་བྱས་ཡོད་པ་རེད།
མི་ཉག་ཆོས་ཀྱི་རྒྱལ་མཚན་ནི་སྐད་གྲགས་ཆེ་བའི་བོད་ཀྱི་གནའ་བོའི་ཨར་སྐྲུན་གྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པ་དང་། སྤྱི་ལོ2019ལོར་ཀྲུང་གོའི་མི་རིགས་ཨར་སྐྲུན་གྱི་ཚེ་གང་གྲུབ་འབྲས་བྱ་དགའ་ཐོབ། ད་ཆ་བོད་རང་སྐྱོང་ལྗོངས་ཨར་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གནའ་བོའི་ཨར་སྐྲུན་ཚན་ཞིབ་འཆར་འགོད་ཁང་གི་འགོ་འཛིན་དང་། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་སོགས་ཀྱི་འགན་བཞེས་བཞིན་ཡོད། སྤྱི་ལོ1980ལོ་ནས་ད་བར། མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་སྔ་རྗེས་སུ་བསམ་ཡས་དགོན་པའི་རྒྱ་ཕིབས་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ག རྒྱལ་རྩེ་དཔལ་འཁོར་མཆོད་རྟེན། དགའ་ལྡན་དགོན་པ། སེ་ར་དགོན་པ་སོགས་གནའ་བོའི་ཨར་སྐྲུན30ལྷག་ཙམ་གྱི་ཉམས་གསོའི་ལས་གྲྭའི་ནང་ཞུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྩམས་ཆོས་གསར་པའི་ཁྲོད་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱི་ལོ་མང་རིང་གི་སེམས་ཤུགས་དང་ཞིབ་འཇུག་གི་གྲུབ་འབྲས་འདུས་ཡོད་པ་མ་ཟད། ཡོངས་བསྒྲགས་བྱས་མེད་པའི་བོད་ཀྱི་ཨར་སྐྲུན་རྩེར་སོན་གྱི་པར་རྙིང་པ་དང་། ལག་བྲིས་དཔེ་རིས། ངོས་མཉམ་རི་མོ་བཅས་ཁག་གཅིག་ཐོག་མར་བསྡུས་ཡོད་པ་དང་། དེབ་དེ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་ཀློག་པ་པོའི་སྤྱན་ལམ་དུ་བཤམས་ཡོད།
འགྲེམས་བསྒྲགས་ཚོགས་འདུ་མཇུག་འགྲིལ་རྗེས། མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་དེ་གར་བཞུགས་པའི་ཀློག་པ་པོ་དང་རིག་གཞུང་སྤེལ་རེས་གནང་བ་མ་ཟད། སླད་ཕྱིན་དེང་རབས་ཀྱི་སྐད་བརྡའི་ཐོག་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་མུ་མཐུད་བརྒྱུད་བསྒྲགས་གནང་རྒྱུ་དང་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱས་ཏེ། ཀྲུང་གོའི་མི་རིགས་ཀྱི་ཨར་སྐྲུན་ལོ་རྒྱུས་ཞིབ་འཇུག་དང་རྒྱུན་འཛིན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་པ། གཡང་མོ་སྐྱིད།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ། རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།