དབྱང་ཝུའུ་ཡིས་མགོ་བཟུང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་སམ་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས75པ་འཚོགས།
ཟླ11པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་མགོ་བཟུང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་སམ་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས75པ་འཚོགས།
གྲོས་ཚོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བསྐོར་ནས་ལམ་འགྲོ་བར་བརྡུངས་བའི་གྱོད་གཞིར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་མིན་ཙུང་ལི་ལིས་ཆང་གིས་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སོགས་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མི་སྐོར་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱས་པར་འབྲེལ་ཏེ་བསམ་ཚུལ་བརྗེ་རེས་དང་བགྲོ་གླེང་བྱས།
དབྱང་ཝུའུ་ཡིས་ཁུལ་ཡོངས་ཀྱི་སྲིད་གཞུང་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། ནམ་ཡང་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་རྒྱུན་བསྐྱངས་ཤིང་སྤྱི་བའི་བདེ་འཇགས་ནི་གཞི་རྩའི་དམངས་འཚོ་ཡིན་པ་ཡིད་ལ་དམ་པོར་བཅངས་ཏེ། ཕྱོགས་ཡོངས་ནས་རང་འགུལ་གྱིས་བདེ་འཇགས་དང་བརྟན་བརླིང་བསྐྲུན་པའི་བྱ་བ་སོ་སོ་བཟང་པོར་བསྒྲུབ་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཏུ་གཅིག་གྱུར་ཡོང་བར་བྱེད་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་བས་ཟབ་སྤེལ་གྱི་དམིགས་འབེན་དང་རྩ་དོན། བྱ་བའི་བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་སོ་སོ་ལག་བསྟར་དངོས་འབེབ་ཏུ་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། རིག་གནས་འཕེལ་རྒྱས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་ལྷོའི་ལག་ལེན་ལ་ནུས་པ་འདོན་པ་དང་བླ་སྲོག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
དབྱང་ཝུའུ་ཡིས་རྫོང་སོ་སོ་དང་གྲོང་ཁྱེར། འབྲེལ་ཡོད་ཀྱི་ལས་ཁུངས་སོ་སོས་དྲོད་འདོན་འགན་སྲུང་གི་བྱ་བ་སོ་སོ་བཟང་པོར་བསྒྲུབ་པ་དང་། ཉེན་འགོག་དང་བདེ་སྲུང་། བརྟན་བརླིང་གི་བྱ་བ་སོ་སོ་བཟང་པོར་བསྒྲུབ་པ། ཁང་སའི་ཐོན་ལས་ཀྱི་ཚོང་ར་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་བསྐུལ་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་སུ་ད་དུང་འབྲེལ་ཡོད་ཀྱི་བྱ་བའི་ཡར་ཞུར་ཉན་པ་མ་ཟད་གྲོས་གཞི་གཞན་དག་ལ་གྲོས་ཞིབ་བྱས།
ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་སྲིད་གཞུང་གི་ལས་ཁུངས་དང་སྡེ་ཁག་སོ་སོའི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས། །
ལོ་ཙཱ་བ། སྐལ་བཟང་ཚེ་རིང་།