ཧོ་མོའུ་པའོ་ཡིས་མགོ་བཟུང་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་འཚོགས།
ཟླ11པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་མགོ་བཟུང་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོམ་རྩིས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཀྱི་བྱ་བའི་ཡར་ཞུར་ཉན་ཞིང་། སྡོམ་རྩིས་དང་རང་འགུལ་གྱིས་བརྟན་བརླིང་བསྐྲུན་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན། དྲིན་དྲན་ཡར་བརྩོན་གྱི་སློབ་གསོའི་བྱ་འགུལ། ལས་གཞི་གལ་ཆེན་ཇུས་འགོད། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་སྒྲིག་བཟོ། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བདག་སྐྱོང་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་སུ་སྡོམ་རྩིས་ལམ་ལུགས་ཀྱི་བྱེད་ཐབས་དང་གཞི་གྲངས་ཀྱི་སྤུས་ཚད། ཞབས་ཞུའི་ཆུ་ཚད་གསར་གཏོད་ལ་ཤུགས་སྣོན་པ་དང་། གྲངས་ཀའི་སྟེགས་བུ་འཛུགས་པ་དང་གཞི་གྲངས་ཆ་འཕྲིན་བརྗེ་རེས་དང་མཉམ་སྤྱོད། དཔལ་འབྱོར་དང་ཁྱབ་ཁོངས་གསར་བར་སྡོམ་རྩིས་ཡོངས་སུ་ཁེབས་པར་ཤུགས་སྣོན་པ། སྡོམ་རྩིས་ཀྱི་དབྱེ་ཞིབ་དང་ལྟ་ཞིབ་ཚད་ལེན། སྔོན་དཔག་དང་ཉེན་བརྡར་ཤུགས་བསྣན་ནས་སྦྲེལ་ཐག་ཡོངས་སུ་གཞི་གྲངས་ཀྱི་སྤུས་ཚད་འགན་སྲུང་གི་ལམ་ལུགས་ཚད་ལྡན་དུ་འཛུགས་པ་དང་ལག་བསྟར་ནན་མོ་བྱེད་པ་དང་། སྡོམ་རྩིས་ཀྱི་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་ཇེ་མཐོར་བཏང་སྟེ། སྤུས་ཚད་མཐོ་བའི་སྡོམ་རྩིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སུ་གཟེངས་བསྟོད་དང་བྱ་དགའ་ཐོབ་པའི་གཞུང་ཞབས་པ་མི་སྒེར་དང་ཐུན་མོང་གི་བྱ་གཞག་སྔོན་ཐོན་དྲིལ་སྒྲོག་གང་ཐུབ་བྱེད་པ་དང་། ཏང་ཡོན་ལས་བྱེད་ཏང་ལ་བློ་དཀར་བའི་རྟོགས་ལྡན་པ་དང་། མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ཞབས་ཞུ་བ། འཕེལ་རྒྱས་ལ་སྐུལ་བའི་དོན་གཉེར་བ། བཅོས་སྒྱུར་གསར་གཏོད་ཀྱི་གྲལ་མགོ་པ་རུ་བརྩོན་པར་སྣེ་ཁྲིད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་ལྷོའི་ལག་ལེན་ལ་འཇོན་མིའི་སྐྱོར་མ་དང་དཔུང་ཁག་གི་འགན་སྲུང་འདོན་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སུ་ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བདག་སྐྱོང་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་དང་། ཁུལ་ཡོངས་ཀྱི་གུང་ཁྲན་ཏང་གི་དྲིན་དྲན་པ་དང་དུས་རབས་གསར་བར་འབད་པས་བསྐྱོད་པ་ཞེས་པའི་སློབ་གསོའི་བྱ་འགུལ་སྤེལ་བའི་གནས་ཚུལ། ཁུལ་ཡོངས་ཀྱི་ལས་གཞི་གལ་ཆེན་ཇུས་འགོད་དང་གསོག་འཇོག ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་སྒྲིག་བཟོའི་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་སོགས་ཀྱི་ཡར་ཞུར་ཉན།
གྲོས་ཚོགས་སུ་ཕྱོགས་ཡོངས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་བདག་སྐྱོང་བྱེད་པ་དང་། ཁངས་ཆར་འབབ་དུས་སུ་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པ། ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་འབྱུང་བའི་མངོན་མེད་རྐྱེན་ངན་གཙང་སེལ་གྱི་ཆེད་དོན་འགུལ་སྐྱོད་གཟབ་ནན་གྱིས་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།།
ལོ་ཙཱ་བ། སྐལ་བཟང་ཚེ་རིང་།