འཛམ་གླིང་གི་ཨང་དང་པོ་རེད།
གསར་འགོད་པས་ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ11ཚེས14ཉིན་གྱི་སྔ་དྲོར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལོ་རེར་ཐོན་ཚད་ཐོག་མར་རླངས་འཁོར་ཁྲི1000ལས་བརྒལ་བ་དང་། དུས་མཚུངས་སུ་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ལོ་རེར་ཁྲི1000ཐོན་སྐྱེད་ཐུབ་པའི་རྒྱལ་ཁབ་ཐོག་མའང་ཡིན་པ་རེད།
བསྡོམས་རྩིས་ཀྱི་གཞི་གྲངས་ལས་མངོན་པར། 2013ལོ་ནི་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་བསྡོམས་རྩིས་མ་ལག་ནང་བཅུག་པའི་ལོ་དང་པོ་ཡིན་པ་དང་། ལོ་དེའི་ཐོན་ཚད་རླངས་འཁོར་ཁྲི1.8ལས་མེད་པ་རེད། 2018ལོར་སླེབས་སྐབས། ལོ་རེའི་ཐོན་ཚད་རིམ་པར་ཁྲི་བརྒྱ་རུ་སླེབས་པ་དང་། དེ་ནས་2022ལོར་སླེབས་སྐབས་ལོ་འཁོར་གྱི་ཐོན་ཚད་ཁྲི500ལས་བརྒལ་ཡོད། ད་ཆའི་བར་རླངས་འཁོར་ཁྲི1000གི་ལམ་ཚད་རྡོ་རིང་ལས་ཐོག་མར་བརྒལ་ཡོད། ལོ་མཇུག་བར་ད་དུང་ཟླ་གཅིག་དང་ཟླ་ཕྱེད་ཀྱི་དུས་ཚོད་ཡོད་ལ། ན་ནིང་ལོ་ཧྲིལ་པོར་རླངས་འཁོར་ཐོན་ཚད་ཁྲི958.7ལས་བརྒལ་ཏེ4.3%འཕར་ཡོད། ཆེད་མཁས་པས་སྔོན་དཔག་བྱས་པར་གཞིགས་ན། གཞི་གྲངས་དེ་ལོ་མཇུག་ཏུ་ཁྲི1200ལས་བརྒལ་རེ་ཡོད་པ་རེད།
ལོ་བཅུའི་རིང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལྡན་པའི་ཁྲིད་སྟོན་འོག་སྐུལ་ལྕག་གི་སྲིད་ཇུས་སྔ་རྗེས་སུ་བརྒྱ་ལྷག་ཙམ་བཏོན་པ་དང་། ཐོན་རྫས་ལག་རྩལ་རྒྱུན་ཆད་མེད་པར་གསར་བརྗེས་དང་བརྗེ་སྤོ་བརྒྱབ་པ། རྨང་གཞིའི་སྒྲིག་བཀོད་འགན་སྲུང་ཡང་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་བཅས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཁྲོམ་ར་ཅན་དང་ཐོན་ལས་ཅན་ནས་གཞི་ཁྱོན་ཅན་དང་གོ་ལ་ཅན་བར་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད། འབྱུང་འགྱུར་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་གྲངས་འབོར་མཆོང་སྐྱོད་ཐུབ་རྒྱུ་མ་ཟད། སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཐོན་ལས་ལ་ཀྲུང་གོའི་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་འབུལ་རྒྱུ་རེད། །
ཡོང་ཁུངས། མི་དམངས་དྲ་བ།