ཉིན་གཅིག་ནང་ཁོ་རེ་ཡ་ལྷོ་མ་དང་། ནོར་ཝེ། ཁ་ན་ཏ་སོགས་འཛམ་གླིང་གི་ས་ཆ་མང་པོ་ཞིག་ཏུ་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་བསྟུད་མར་བྱུང་འདུག
● ས་གནས་དེ་གའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་ཚེས་ཉེར་དགུ་ཉིན་ཁོ་རེ་ཡ་ལྷོ་མའི་ཝུའུ་ཨན་གནམ་ཐང་དུ་གནམ་གྲུ་ལྷུང་བའི་དོན་རྐྱེན་ཚབས་ཆེན་བྱུང་ཡོད། པར་རིས་འདི་ནི་དོན་རྐྱེན་བྱུང་ཡུལ་གྱི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་རེད།
ཁོ་རེ་ཡ་ལྷོ་མར་མཁའ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་།
ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་སོགས་ཁོ་རེ་ཡ་ལྷོ་མའི་འཕྲིན་སྦྱོར་མང་པོ་ཞིག་གིས་གསར་འགྱུར་སྤེལ་བ་ལྟར་ན། ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ཁོ་རེ་ཡ་ལྷོ་མའི་ཝུའུ་ཨན་གནམ་ཐང་དུ་གནམ་གྲུ་ལྷུང་བའི་དོན་རྐྱེན་ཚབས་ཆེན་བྱུང་བ་དང་། ཅི་ཀྲོའུ་མཁའ་འགྲུལ་གྱི་མི་༡༨༡སྐྱེལ་བའི་པོ་དབྱིན་འགྲུལ་སྐྱེལ་གནམ་གྲུ་ཞིག་གནམ་གྲུའི་ཞབས་ཐང་ལ་དྲུད་རྗེས་རྒྱུག་ལམ་ལས་ཤོར་ནས་གནམ་ཐང་གི་གྱང་དུ་རྡུང་རྡེག་ཐེབས་ནས་འབར་གས་དང་མེ་ཤོར་ཡོད་པ་རེད།
ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་བཅུའི་བར། མེ་ཟོན་སྡེ་ཁག་གིས་མི་༡༧༧རྐྱེན་ལམ་དུ་ཤོར་བ་དང་། མི་༢སྔར་བཞིན་གར་སོང་ཆ་མེད་དུ་གྱུར་པ་དང་། མི་༢སྐྱོབ་ཐུབ་ཡོད་ཅེས་བཤད། ཁོ་རེ་ཡ་ལྷོ་མའི་ཉེན་རྟོག་ཕྱོགས་དང་མེ་ཟོན་སྡེ་ཁག་གིས་གནམ་གྲུ་ལྷུང་བའི་དོན་རྐྱེན་གྱི་རྒྱུ་རྐྱེན་ནི་གནམ་གྲུ་འབབ་པའི་བརྒྱུད་རིམ་ཁྲོད་འཕུར་འབབ་སྒྲོམ་གཞིར་སྐྱོན་བྱུང་བ་ཡིན་སྲིད་ཅེས་ཚོད་དཔག་བྱས་འདུག
མེ་ཟོན་སྡེ་ཁག་གིས་ཚོད་དཔག་བྱས་པར་གཞིགས་ན། སྐྱོབ་ཐུབ་པའི་མི་༢ཕུད། གཞན་གནམ་གྲུའི་ཐོག་གི་མི་མང་ཆེ་བ་རྐྱེན་ལམ་དུ་ཤོར་འདུག
ནོར་ཝེ་རུ་གནམ་གྲུའི་གཤེར་གནོན་ལ་གནད་དོན་བྱུང་།
ས་གནས་དེ་གའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། ཧོ་ལན་གོང་མ་ཚང་མཁའ་འགྲུལ་སྤྱི་གཉེར་ཁང་གི་ནོར་ཝེའི་ཨའོ་སི་ལུའུ་ནས་ཧོ་ལན་གྱི་ཨ་མུའུ་སི་ཐན་དུ་འཕུར་བའི་པོ་དབྱིན་༧༣༧-༨༠༠འགྲུལ་སྐྱེལ་གནམ་གྲུ་ཞིག་སར་འབབ་སྐབས། གཡས་ཕྱོགས་ཤུད་ནས་རྒྱུག་ལམ་ལས་ཕྱིར་ཤོར་ནས་རྩྭ་ཐང་ཐོག་སླེབས་འདུག
གསར་འགྱུར་ལྟར་ན། གནམ་གྲུ་འཕུར་རྗེས་ཡུན་རིང་མ་འགོར་བར་གཤེར་གནོན་ལ་སྐྱོན་བྱུང་བ་རེད།
ཧོ་ལན་འཕྲིན་སྦྱོར་གྱིས་ནོར་ཝེའི་ཉེན་རྟོག་ཕྱོགས་ཀྱི་ཆ་འཕྲིན་གཞིར་བཟུང་ནས། གནམ་གྲུའི་ཐོག་བསྡོམས་པས་འགྲུལ་པ་༡༧༦དང་མཁའ་འགྲུལ་ལས་སྒྲུབ་མི་སྣ་༦ཡོད་པ་ཚང་མ་དགོང་མོར་བདེ་འཇགས་ངང་ཕྱིར་འཐེན་བྱས་ཡོད་ཅེས་བཤད་པ་རེད།
དོན་རྐྱེན་ལ་བརྟག་དཔྱད་བྱེད་སྒང་རེད།
ཁ་ན་ཏ་རུ་གནམ་གྲུ་མེ་ཤོར།
ས་གནས་དེ་གའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། འགྲུལ་སྐྱེལ་གནམ་གྲུ་ཞིག་ཁ་ན་ཏའི་ཧ་ལི་ཧྥ་ཁེ་སི་རྒྱལ་སྤྱིའི་གནམ་ཐང་དུ་འབབ་སྐབས། གནམ་གྲུའི་ཟུར་ཞིག་མེ་ཤོར་པས། གནམ་ཐང་དེ་གནས་སྐབས་སུ་སྒོ་བརྒྱབ་འདུག
གནམ་ཐང་གིས་གསལ་བསྒྲགས་སྤེལ་ནས། དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ་བྱུང་བ་དང་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དུས་གཏན་གནམ་གྲུ་དེ་ཁ་ན་ཏའི་ས་ཁོངས་མཁའ་འགྲུལ་སྤྱི་གཉེར་ཁང་གིས་(PAL Airlines)གཉེར་སྐྱོང་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
འགྲུལ་པ་ཞིག་གིས། ང་ཚོས་གནམ་གྲུའི་གཡོན་ཕྱོགས་མེ་ཤོར་བ་མཐོང་བ་དང་གྲུ་ཤག་ནང་དུ་ཡང་དུ་བ་ཐོན་བྱུང་ཞེས་བཤད།
འགྲུལ་པ་ཚོས་མཚམས་སྦྱོར་བྱས་པ་ལྟར་ན། གནམ་གྲུ་དེར་འགྲུལ་པ་༨༠ཙམ་ཤོང་ཐུབ་པ་དང་། གནམ་གྲུའི་སྟེང་དུ་ཕལ་ཆེར་མི་གང་འདུག སྐར་མ་གཉིས་ནང་མི་ཚང་མ་གནམ་གྲུ་ནས་བབས་ཡོད་ཟེར།
གསར་འགྱུར་ལྟར་ན། མི་སྣ་ཤི་རྨས་སྐོར་གྱི་སྐད་ཆ་བཤད་མི་འདུག
མིག་སྔར། དོན་རྐྱེན་ལ་བརྟག་དཔྱད་བྱེད་སྒང་རེད།