ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཇི་ལྟར་ངོས་འཛིན་དགོས།

文摘   2024-12-30 08:03   西藏  

ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཇི་ལྟར་ངོས་འཛིན་དགོས།



གྱོད་དཔེ།

2019ལོར་དོན་འགྲུབ་དང་ལྷ་མོ་གཉིས་ཀྱིས་ཟ་ཁང་ཞིག་ཏུ་ཞོར་ལས་ལས་སྐབས་ཕན་ཚུན་ངོ་ཤེས་ཤིང་། 2020ལོར་ཕན་ཚུན་གྱིས་དགའ་རོགས་འབྲེལ་བ་གཏན་འཁེལ་བྱས་པར་མ་ཟད་མཉམ་འདུག་གི་འཚོ་བའང་རོལ། ལོ་དེར་ལྷ་མོས་མིང་ལ་སྐལ་བཟང་སྒྲོལ་མ་ཟེར་བའི་བུ་མོ་སྙིང་རྗེ་ཞིག་ཀྱང་བཙས། ཁོ་གཉིས་གཉེན་བསྒྲིགས་རྗེས། དོན་འགྲུབ་རྟག་ཏུ་ཕྱི་ལ་ཞོར་ལས་སུ་འགྲོ་བཞིན་ཡོད་པ་དང་། ལྷ་མོས་ལོ་རེའི་དབྱར་རྩྭ་བརྐོས་ཚར་རྗེས་ཁྱིམ་ནས་ཨ་མ་དང་བུ་མོ་གཉིས་ལ་བདག་སྐྱོང་བྱས་ནས་བསྡད་ཡོད། དོན་འགྲུབ་ནི་སྔར་བཞིན་ཞོར་ལས་ལ་སོང་བས་ཕྱིར་ཁྱིམ་དུ་ལོག་པའི་དུས་ཚོད་ཧ་ཅང་ཉུང་ཉུང་ཡིན། 2022ལོར་ལྷ་མོས་ཡང་བསྐྱར་བྱིས་པ་ཞིག་བཙས་ཤིང་མིང་ལ་རྡོ་རྗེ་ཟེར། ཕྱིས་སུ་དོན་འགྲུབ་ཀྱིས་རྡོ་རྗེ་ནི་ཁོའི་བུ་ངོ་མ་མིན་པར་འདོད་ནས་རྟག་ཏུ་ལྷ་མོ་དང་བཟའ་འཁོན་བྱས། 2023ལོའི་ཟླ3པར། དོན་འགྲུབ་ཀྱིས་ཞོར་ལས་སུ་འགྲོ་བར་ཁ་གཡར་ནས་སོང་རྗེས་ད་རག་བར་དུ་ལྷ་མོ་དང་འབྲེལ་བ་མ་བྱས། དེ་བས་ལྷ་མོས་དོན་འགྲུབ་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ། དོན་འགྲུབ་ཀྱིས་བྱིས་པ་གཉིས་ཀྱི་སྙོར་སྐྱོང་འགན་འཁྲི་འཁུར་དགོས་པར་མ་ཟད་སྙོར་སྐྱོང་གྲོན་དངུལ་ཟླ་རེར་སྒོར1200སྟེར་དགོས་ཤིང་། ཁྱོ་ཤུག་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཏེ་དོན་འགྲུབ་ཀྱི་དངུལ་བྱང་དུ་ཡོད་པའི་སྒོར་མོ་དང་རླངས་འཁོར་མཉམ་བགོ་བྱ་དགོས་པའི་རེ་བ་བཏོན།

བཅའ་ཁྲིམས་དབྱེ་ཞིབ།

གྱོད་དོན་འདི་ཁྲིམས་ཁང་གིས་འདྲི་གཅོད་བྱེད་པའི་གོ་རིམ་ཁྲོད། དོན་འགྲུབ་ལ་འབྲེལ་གཏུག་བྱེད་མ་ཐུབ་པས་ཁྲིམས་ལྟར་སྨན་ཁང་བརྒྱུད་ནས་ཐད་ཀར་ཕ་བུའི་གསལ་འབྱེད་ངོས་འཛིན་བརྟག་དཔྱད་བྱེད་ཐབས་མ་བྱུང་། ཁྲིམས་དཔོན་གྱིས་དོན་འགྲུབ་ཀྱི་ཕ་མ་གཉིས་ཀ་བཙལ་ཏེ་གྲོས་ཁ་མང་པོ་བྱས་མཐར། དོན་འགྲུབ་ཀྱི་ཕ་མ་གཉིས་ཀ་སྨན་ཁང་དུ་སོང་ནས་བྱིས་པ་གཉིས་ནི་ཁོ་ཚང་གི་མི་རབས་གཉིས་པའི་རྒྱུད་པ་ཡིན་མིན་ལ་བརྟག་དཔྱད་བྱ་རྒྱུར་མོས་མཐུན་བྱུང་། བརྟག་དཔྱད་མཇུག་འབྲས་ལས་བྱིས་པ་གཉིས་ཀྱི་ཨ་ཕ་ནི་དོན་འགྲུབ་ཡིན་པར་ངོས་བཟུང་ཡོད།

མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བརྒྱུད་ནས་ངོས་བཟུང་བ་ནི། གཅིག་ནས་བྱིས་པ་གཉིས་ནི་རྒྱུན་པར་ཨ་མ་དང་མཉམ་དུ་འཚོ་བ་རོལ་ཡོད་པ་དང་བུ་རྡོ་རྗེའི་ལོ་ན་ད་དུང་ཤིན་ཏུ་ཆུང་ཞིང་། ཨ་ཕ་དོན་འགྲུབ་ལ་ཡང་གནས་སྐབས་འབྲེལ་གཏུག་བྱེད་མི་ཐུབ་པ་སོགས་རྒྱུ་མཚན་མང་པོར་གཞིགས་ནས། བྱིས་པ་གཉིས་ནི་ཨ་མ་དང་མཉམ་དུ་འཚོ་བ་རོལ་ན་ནར་སོན་པར་ཕན་ཐོགས་ཆེན་པོ་ཡོད། གཞན་ཁྲིམས་ལྟར་གཉེན་སྒྲིག་ཐོ་འགོད་ཡི་གེ་མ་བླངས་པར་བཙས་པའི་བུ་བུ་མོ་སུ་ཡིན་རུང་། ཁྲིམས་མཐུན་བཟའ་ཚང་གིས་བཙས་པའི་བུ་བུ་མོའི་ཁེ་དབང་དང་འདྲ་མཉམ་ཡིན།

གོང་གི་གྱོད་དོན་འདིའི་ཁྲོད་དུ། དོན་འགྲུབ་དང་ལྷ་མོ་གཉིས་ཀ་གཉེན་མ་བསྒྲིག་པར་མཉམ་འདུག་བྱས་མོད། འོན་ཀྱང་ཁོ་གཉིས་ནི་བྱིས་པའི་ཕ་མ་དངོས་ཡིན་ན། ཁྲིམས་ལྟར་བྱིས་པ་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད། ཕ་བུའི་གསལ་འབྱེད་བསམ་འཆར་ཡི་གེ་ལས་དོན་འགྲུབ་ནི་བུ་བུ་མོ་གཉིས་ཀྱི་ཕ་ཡིན་པ་བདེན་དཔང་བྱས་ཡོད། ཁྲིམས་ཁང་གིས་དོན་འགྲུབ་ཀྱིས་ཁྲིམས་ལྟར་ཟླ་རེར་བྱིས་པ་གཉིས་ལ་སྙོར་སྐྱོང་གྲོན་དངུལ་སྒོར1200སྟེར་དགོས་པའི་དཔྱད་མཚམས་བཏང་། གཉིས་ནས་དོན་འགྲུབ་དང་ལྷ་མོ་གཉིས་ཀྱིས་ཁྲིམས་ལྟར་གཉེན་སྒྲིག་ཐོ་འགོད་མ་བྱས་པས། ཁྲིམས་མཐུན་བཟའ་ཚང་གི་རྒྱུ་ནོར་བགོ་བཤའ་བྱེད་པའི་གཏན་འཁེལ་མི་གྲུབ། ལྷ་མོ་ལ་བདེན་དཔང་ཁུངས་བཙུན་ཞིག་ཡོད་ན་མ་གཏོགས་གསོག་དངུལ་དང་རླངས་འཁོར་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དུ་མི་གཏོགས། གོང་གི་གྱོད་དོན་འདི་ལས། ལྷ་མོར་གོང་གསལ་གྱི་རྒྱུ་ནོར་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་པའི་བདེན་དཔང་ཁུངས་བཙན་མེད་པས་ཁྲིམས་ཁང་གིས་མོའི་རེ་བར་རྒྱབ་སྐྱོར་འཐོབ་མི་སྲིད།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章