ནད་པ་བོད་དུ་བཞག གཤགས་བཅོས་ཁྲེང་ཏུའུ་རུ་བྱས། ཡ་མཚན་ལ།

政务   2024-12-03 13:01   西藏  






 2024ལོའི་ཟླ་11པའི་ཚེས་28ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་སྨན་ཁང་གིས་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་པ་དང་མཉམ་འབྲེལ་ཐོག་སྤེལ་བའི་གོ་ལ་ཧྲིལ་པོའི་རྒྱང་ཁྲིད་དཔུང་རྐྱང་ཁུང་རྐྱང་གི་འཕྲུལ་མིའི་བུད་མེད་ཚན་ཁག་གི་གཤགས་བཅོས་ཐོག་མ་དེ་བཀོལ་སྤྱོད་ཞིབ་ཚགས་དང་རྩེར་སོན་ལག་རྩལ་ལ་བརྟེན་ནས་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད།

       ད་ཐེངས་གཤགས་བཅོས་བྱེད་པའི་ནད་པ་ནི་ལོ་48ལ་སླེབས་པའི་བོད་རིགས་བུད་མེད་ཅིག་ཡིན་པ་དང་། བུ་སྣོད་ནང་ཤ་སྐྲན་མང་པོ་སྐྱེས་པ་མ་ཟད་ཟླ་མཚན་འབབ་རྒྱུ་མང་དྲགས་པས་ཟུངས་ཁྲག་ཉམས་པའི་ནད་རྟགས་བྱུང་བས། ད་ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་སྨན་ཁང་དུ་སྨན་བཅོས་བྱེད་པར་སླེབས་ཡོད། གཤགས་བཅོས་སྔོན་གྱི་ཞིབ་ཕྲའི་དཔྱད་དཔོག་དང་གྲོས་བསྡུར་བྱས་པ་བརྒྱུད། ཕྱོགས་གཉིས་པོའི་རིགས་གཅིག་མཁས་ཅན་ཚོགས་པས་ནད་པར་དཔུང་རྐྱང་ཁུང་རྐྱང་གི་འཕྲུལ་མིས་གྲོད་ཤེལ་ལ་བརྟེན་ནས་བུ་སྣོད་ཆ་ཚང་གཅོད་འབྲེག་བྱེད་པའི་གཤགས་བཅོས་དང་གཞོགས་གཉིས་ཀྱི་ཁམས་དམར་འདྲེན་སྦུབས་གཅོད་འབྲེག་བྱེད་པའི་ལག་རྩལ་ལག་བསྟར་བྱ་རྒྱུའི་ཐག་བཅད།

       སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་པའི་དགེ་རྒན་ཆེ་མོ་བ་ཀྲེང་ཡིང་ཚོགས་པའི་གཙོ་སྐྱོང་འོག  ཟླ་11པའི་ཚེས་28ཉིན་ལྷ་སར་ཡོད་པའི་གཤགས་བཅོས་ཁང་དུ་ནད་པར་སྦྲིད་སྨན་རྒྱག་པ་དང་སྡོད་གནས་བཀོད་སྒྲིག  དུག་སེལ་སོགས་གཤགས་བཅོས་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཆ་ཚང་སྤེལ་རྗེས་དགེ་རྒན་ཆེ་མོ་བ་ཀྲེང་ཡིང་གིས་རྒྱང་ཁྲིད་བཀོལ་སྤྱོད་མ་ལག་བརྒྱུད་ཁྲེང་ཏུའུ་རུ་ཡོད་པའི་གཤགས་བཅོས་ཁང་གི་སྨན་པའི་ཚོད་འཛིན་གཙོ་སྟེགས་ཐོག་ནས་བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་སྨན་ཁང་གི་གཤགས་བཅོས་ཁང་གི་འཕྲུལ་མིའི་འཕྲུལ་ཆས་དཔུང་པར་ཚོད་འཛིན་གནད་ལ་འཁེལ་བའི་སྒོ་ནས་མ་ལག་དབྱེ་འབྱེད་དང་། གཅོད་འབྲེག  ཁྲག་རྩ་ཐག་གཅོད་སོགས་གཤགས་བཅོས་རབ་དང་རིམ་པ་ལེགས་འགྲུབ་བྱུང་ཡོད། གཤགས་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་1དང་སྐར་མ་45ཙམ་སྤྱད་ནས་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ནི་སྤྱི་ལེ་2000དང་ས་བབ་སྨི་3000ལས་བརྒལ་བའི་གཤགས་བཅོས་འདིའི་དྲ་རྒྱ་ནར་འགྱངས་བྱེད་ཚད་སྐར་ཆུང་40ལས་མེད་པ་དང་། ལག་རྩལ་གནད་ལ་འཁེལ་ཞིང་འཕྱུགས་པ་མེད་པ་ཞིག་ཡོད།

       ཐེངས་འདིའི་གཤགས་བཅོས་ལ་རང་རྒྱལ་ནས་ཐོན་པའི་དཔུང་རྐྱང་ཁུང་རྐྱང་གི་འཕྲུལ་མི་བཀོལ་བ་དང་། ནད་པའི་ལྟེ་བར་2.5cmཙམ་གྱི་གཏུབ་ཁ་ཆུང་ཆུང་ཞིག་ཕྱེ་ནས་ནང་ཤེལ་དང་མཉེན་གཤིས་ཡོ་བྱད་གཏུབ་ཁ་དེ་བརྒྱུད་ནས་ཁོག་པའི་ནང་དུ་འཛུལ་ནས་གཤགས་བཅོས་བྱས་པ་ཞིག་རེད། སྲོལ་རྒྱུན་གྱི་གྲོད་ཤེལ་གཤགས་བཅོས་དང་བསྡུར་ན། འཕྲུལ་མིས་གང་སར་བསྐོར་ཆོག་པའི་གཤགས་བཅོས་ཡོ་བྱད་གནད་ལ་འཁེལ་བ་དང་ལས་ཕྱོད་མཐོ་རུ་ཕྱིན་པ་མ་ཟད། ད་དུང་གཤགས་བཅོས་ཀྱི་རྨ་ཁ་ཇེ་ཆུང་དུ་བཏང་བ་དང་རྗེས་ཀྱི་ན་ཟུག་དང་དྲག་སྐྱེད་བྱེད་པའི་དུས་ཚོད་ཀྱང་མངོན་གསལ་དོད་པོའི་ངང་ཐུང་དུ་ཕྱིན་ཡོད། དེ་བཞིན་གཤགས་བཅོས་བྱས་རྗེས་རྨ་ཤུལ་མཛེས་བཟོ་བྱེད་ཚད་ལའང་ནད་པའི་ཚད་མཐོའི་ཁས་ལེན་ཐོབ་ཡོད།

      

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་སྒྲོལ་མ།

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章