སྙན་ངག་བདམས་བཀོད།
འགྲོ་ལ་སྣ་ཚོགས་ཐར་པའི་སྐས།།
ཐབས་ཤེས་འཕྲུལ་གྱིས་ཉེར་བཙུགས་ནས།།
མྱང་འདས་ཞི་བའི་ཁང་བཟང་དུ།།
འགོད་མཁས་སྟོན་པའི་ཞབས་ལ་འདུད།།
དུས་གསུམ་དུས་ཀྱི་འཁོར་ལོ་ཡི།།
འཁོར་བའི་ཐོག་མཐའ་ཇི་སྙེད་ཀུན།།
ཡེ་ཤེས་སྤྱན་གྱིས་མངོན་སུམ་དུ།།
ས་ལེར་གཟིགས་པའི་ཚུལ་ལ་གུས།།
དཔལ་གྱི་མགུར་ནས་སྙན་ལྷང་ལྷང་།།
ཚད་མའི་ཆོས་ཚུལ་མ་ནོར་བ།།
ཇི་བཞིན་བསྟན་པའི་རྣམ་དབྱེ་ལ།།
བསླུ་བའི་རྫུན་ཚིག་འགའ་ཡང་མེད།།
ཕྲ་བ་ཕྲ་བའི་རྣམ་གཞག་སྟེ།།
གང་གང་རྒྱུ་ལས་དེ་དེ་ཡི།།
འབྲས་བུ་འབྱུང་བའི་ཚུལ་ལས་བརྩམས།།
རྒྱུ་དང་འབྲས་བུའི་ཆོས་ཉིད་བསྟན།།
ཆད་པའི་མཐའ་ལ་མ་ལྷུང་ཞིང་།།
དེ་བཞིན་རྟག་མཐར་མ་ལྷུང་བ།།
མཐའ་གཉིས་སྤངས་པའི་དབུ་མའི་གསུང་།།
གསུང་རྣམས་ཀུན་ལས་འཕགས་པར་གོ།
སྔ་མའི་སྣང་བ་འགགས་ནས་སུ།།
ཕྱི་མའི་ལུས་རྟེན་རྙེད་པ་སོགས།།
རྡོ་རྗེའི་ཚིག་གིས་བསྟན་པའི་དོན།།
མཚོན་པའི་དཔེ་ཞིག་འདིར་ཡང་སྣང་།།
ས་ལ་དགེ་བཅུ་ཚང་བ་མདོ་ཁམས་སྨད།།
མཐོ་རིས་གྲོང་ལ་ཅོ་འདྲི་སྐྱིད་སྡེ་ཞེས།།
སྙན་པའི་རྣ་ཆ་ཨུཏྤལ་དམར་པོའི་འདབ།།
སྲིད་གསུམ་བུ་མོའི་རྣ་བའི་རྒྱན་དུ་བཞད།།
སྒོ་ཕྱུགས་རྟ་ནོར་ལུག་གི་འབའ་སྒྲ་ཡི།།
སྒྲ་སྙན་ཕྱོགས་ནས་ཕྱོགས་སུ་རླབས་ཀྱིས་མཆེད།།
ངོ་མཚར་ཞིང་གི་སྙིང་པོ་ཡོངས་བསྡུས་པས།།
མི་མཚོན་འབྲོག་སྡེ་ཆེ་ཞིག་ལྷོད་ཀྱིས་ཆགས།།
གང་དུ་རིགས་རུས་ཆོ་འབྲང་བར་མ་ཞིག།
རྒྱུ་ནོར་ལོངས་སྤྱོད་མི་ཆེ་མི་ཆུང་ཞིང་།།
བར་མའི་འབྱོར་བ་ཙམ་གྱིས་ཆོག་ཤེས་པའི།།
རེ་སྦྲ་གྲུ་བཞིར་རོལ་བའི་དུད་ཚང་ཞིག།
དེ་ཡི་གཞི་འཛིན་ཡིད་མཐུན་གཞོན་ནུ་ཟུང་།།
འཇིག་རྟེན་སྣང་བ་སྦྲང་རྩིའི་ཆང་ལ་ཟུག།
རྨི་ལམ་དུ་ཡང་འཛུམ་པས་སྲུང་བ་ཡི།།
མི་ཕྱེད་མཛའ་བའི་མདུད་རྒྱ་སེམས་སུ་ཐེབས།།
གཞོན་ནུ་ཕས་ཀྱི་རྒོལ་བས་མི་ཐུབ་པའི།།
སྟོབས་དང་རྩལ་གྱིས་དྲེགས་པའི་རྒོད་པོ་ཞིག།
ཆུ་བུར་མིག་གིས་མ་མཐོང་རྟོག་པས་ཟིན།།
གཞི་བདག་ཅེས་པའི་གཟུགས་བརྙན་འདི་ལས་མཐོང་།།
གཞོན་ནུ་མ་ཡང་མོ་བརྒྱའི་ཏོག་ཏུ་འཁུམས།།
ལུས་ཀྱིས་འཁྲི་ཤིང་གསར་བའི་འཇམ་མཉེན་འགོག།
དམར་སྨུག་གདོང་གིས་མཛེས་པའི་མཐར་ཐུག་སྟོན།།
འཇོ་སྒེག་ལང་ཚོར་འོས་དཔེ་རྙེད་དུ་མེད།།
དེ་ལྟར་སྟོབས་དང་ལང་ཚོ་ཡིས།།
རྒྱགས་པའི་སྣང་བ་མཐོན་པོ་ཅན།།
གཞོན་ནུ་ཟུང་དེས་འཁོར་བ་ཡི།།
ཟློས་པའི་གར་ནི་འཁྲབ་པར་བྱེད།།
ནམ་ཞིག་ལྕི་བའི་མངལ་ཁུར་གྱིས།།
ནོན་པའི་སྒེག་མོར་རྒྱུད་འཛིན་བུ།།
ཟླ་བ་སྤྲིན་ལས་ཐོན་པ་བཞིན།།
ཡིད་འོང་གཅེས་པ་ཞིག་ནི་བཙས།།
དེས་ནི་སྐྱེད་བྱེད་ཟུང་གི་ཡིད།།
དགའ་བའི་སྣོད་དུ་བྱས་པས་ན།།
དགའ་བ་ཞེས་པའི་མིང་གི་ཡིག།
དགའ་བའི་འབྱུང་གནས་བུ་ལ་གསོལ།།
འགྲོ་ཀུན་རྗེས་འཛིན་སྤྱན་རས་གཟིགས།།
བརྩེ་བའི་ལྷ་རུ་གྲགས་པ་དེའི།།
བརྩེ་གདུང་རྣམ་ཐར་ལྷུར་བྱེད་པའི།།
བརྩེ་བའི་ཕ་དང་བརྩེ་བའི་མ།།
གསལ་བྱེད་ཡུལ་དུ་སྡུག་པའི་གཟུགས།།
ལྷུང་བའི་མོད་ལ་དགའ་སྐྱིད་ཀྱིས།།
མྱོས་པའི་འཛུམ་ཆུང་འདམ་སྐྱེས་ཁ།།
རབ་ཏུ་གྲོལ་ནས་བུ་ལ་ཕྱོགས།།
འཇམ་མཉེན་སོར་རྩེ་གཡོ་བས་ཀྱང་།།
རེག་པར་མི་བཟོད་རས་བལ་གྱིས།།
དལ་བུར་པང་གི་དཀྱིལ་འཁོར་དུ།།
ལེན་པའི་ཤ་ཚ་གཞན་ལས་མཐོ།།
གློ་བུར་ངུ་བའི་ངུ་སྐད་ཉིད།།
ཐོས་འཛིན་བུ་གར་ཟགས་པ་ན།།
ཡིད་ནི་མི་བདེ་ཐེ་ཚོམ་གྱི།།
ཁྱོགས་ལ་འཕྱངས་ནས་སྡོད་མི་ཚུགས།།
དྲི་ང་བཤང་གཅིའི་ཕུང་བོ་ཡང་།།
བཙོག་པར་ལྟ་བ་ག་ལ་སྲིད།།
གཙང་མ་མཆོད་པའི་རྫས་བཞིན་དུ།།
འཇམ་པའི་ཕྱག་གིས་ལེན་པ་ཡོད།།
འཁྱགས་ན་འཁྱགས་ཀྱིས་དོགས་པ་དང་།།
དྲོ་ན་དྲོ་བས་དོགས་པ་ཡིས།།
ལུས་སེམས་ལྷོད་པའི་གོ་བྲལ་ཀྱང་།།
བཞིན་གྱིས་ཁྲོ་གཉེར་འཛིན་པ་མེད།།
ཉིན་ལ་རྒྱན་ཆ་བཞིན་དུ་འདོགས།།
མཚན་ལ་གོས་བཞིན་ལུས་ལ་ལེན།།
ཉིན་མཚན་དུས་བཞིའི་ཁུགས་པ་ནས།།
འགངས་ཆེན་དངོས་པོ་བཞིན་དུ་ཉར།།
ས་ནག་བུ་མོ་ལག་ནག་མའི།།
པང་ལ་ཡུད་ཙམ་འཇོག་མི་བྲ།།
འཇམ་པའི་གོས་ཆེན་གོས་ཆུང་གི།
ཁུད་དུ་བསྙལ་བའི་མཐའ་མ་རིག།
བཟའ་བཏུང་ཅི་འདོད་ཅིར་ཐུག་ཀྱང་།།
ནམ་དགོས་དུས་སུ་མཚོ་རླབས་བཞིན།།
དུས་ལས་མི་ཡོལ་དུས་ལྟར་དུ།།
བསྟབས་པའི་རྣམ་གྲངས་བློ་ལས་འགོངས།།
རུབ་པའི་མིག་ཆུང་ཉི་འོད་དང་།།
གསར་བའི་པདྨོ་འཕྲད་པ་བཞིན།།
ཡུད་ཙམ་གྱིས་ནི་ཕྱེ་བ་དང་།།
ལྟ་བ་མཉམ་དུ་བྱུང་ན་སྙམ།།
ཀུན་རྟོག་རླུང་གི་སུག་རྗེས་སུ།།
བློ་ཡི་དྲིལ་ཆུང་བསྙེགས་ནས་སུ།།
བརྗོད་པའི་གཏམ་སྙན་སིལ་སིལ་གྱིས།།
རྣ་བའི་བཅུད་དུ་སྨིན་ན་འདོད།།
འགྲོ་བྱེད་ཟུང་གི་འཕང་ལོ་ལ།།
གཡོ་བ་རླུང་གི་འཕྲུལ་ཞུགས་ནས།།
དང་པོའི་འདེགས་འཇོག་ཅིག་ཅར་དུ།།
འཛིན་མའི་ངོས་སུ་བསྒྱུར་ན་སེམས།།
དེ་ལྟ་དེ་ལྟར་ཚེགས་ཆེན་དང་།།
ཚེགས་ཆུང་གྲངས་ཀྱིས་མི་ཟིན་པ།།
ལུ་གུ་བརྒྱུད་དུ་བསྟར་བ་ཡིས།།
བསྐྱེད་ཅིང་བསྲིངས་པའི་ཆོ་ག་བསྒྲུབས།།
ལུས་ཀྱི་འཁྲི་ཤིང་གསར་བ་ལ།།
ལང་ཚོའི་འདབ་མ་རྒྱས་པ་ནི།།
ཆར་དུས་བུ་མོ་མིག་ཡངས་མའི།།
ལན་བུའི་མེ་ཏོག་བཀྲ་བ་བཞིན།།
ཟླ་འོད་འཐུང་བའི་ཆུ་གཏེར་མའི།།
ལུས་ཀྱི་མདངས་བཟང་འཕེལ་བ་དང་།།
བུ་ཡི་ལུས་དང་ཀུན་བྱེད་ཀྱང་།།
བགས་ཀྱིས་འཕེལ་བ་ལྷན་ཅིག་བྱུང་།།
དེ་ལྟར་བུ་ཡི་ལང་ཚོ་དར་ལ་བབས།།
གཞོན་ནུའི་སྣང་བ་ཐོབ་པས་ཕ་མ་དགའ།།
ད་སྟེ་འུ་གཉིས་འཁོར་བའི་རྟེན་ཕུར་དུ།།
འདི་ཀོ་བཟང་ཞེས་དགའ་བའི་ཅ་ཅོ་འབྱིན།།
དགའ་བའི་ལུས་སེམས་རྐང་འཐུང་དབྱར་མཚོ་བཞིན།།
སྐྱེ་སྟོབས་འཕེལ་ཤུགས་རྫོགས་ནས་དར་ན་ཡང་།།
དྲིན་ལྡན་སྐྱེད་བྱེད་ཟུང་གི་ལུས་དང་སེམས།།
སྟོན་མཇུག་མེ་ཏོག་སྦྲང་མའི་སེམས་བཞིན་རྒུད།།
ལང་ཚོ་ཡོལ་ནས་མི་སྡུག་ཉམས་བརྒྱས་ཁེངས།།
མགོ་བོ་སྤྲ་བའི་མེ་ཏོག་བཞིན་དུ་དཀར།།
དུང་སོའི་ཕྲེང་བ་ལོ་མ་བཞིན་དུ་ཟགས།།
གུག་པའི་ལུས་ཀྱིས་གཞུ་མོར་འགྲན་པ་བཞིན།།
སྔོན་གྱི་བཞིན་རས་དྭངས་མོ་གཉེར་མས་རྙོག།
ཡང་བའི་གོམ་འགྲོས་ལྕི་བའི་རྡོ་ལ་ཐོགས།།
གསལ་བའི་མིག་དབང་རབ་རིབ་གྲིབ་མས་བསླད།།
རྣོ་བའི་དྲན་འཛིན་རྟུལ་བའི་དབང་དུ་སོང་།།
རྣ་བའི་དབང་པོས་སྒྲ་དང་སྒྲ་ལ་མིན།།
ལྕེ་ཡི་དབང་པོས་རོ་དང་རོ་ལ་མིན།།
དེ་ལྟར་ཚོགས་དྲུག་རང་སར་འགྲིབ་པ་ལ།།
དབང་པོའི་ཚོགས་ནི་འགྲན་པའི་ཟོལ་ལ་བརྟེན།།
དེ་ལྟར་ཅིག་ཤོས་འཕེལ་བའི་ལྡོག་ཕྱོགས་སུ།།
ཅིག་ཤོས་ཉམས་དང་རྒུད་པའི་རྟེན་འབྱུང་འདི།།
དབང་ཆེན་དུས་ཀྱི་རྒྱལ་མོ་ཁྲོ་གཉེར་མའི།།
བཀའ་ལུང་ལགས་པས་བསྒྱུར་དང་བཟློག་ཏུ་མེད།།
བུ་གཅིག་དགའ་བ་དར་མར་གྱུར་པ་དང་།།
བརྩེ་ལྡན་ཟུང་ནི་རྒ་བར་དེ་ལྟར་ཕྱོགས།།
ནམ་ཞིག་ཕ་དེ་བད་ཀན་ནད་ཀྱིས་ཟིན།།
འདུ་བ་མི་སྙོམས་འཁྲུགས་པས་མལ་དུ་ལྷུང་།།
མདངས་ཉམས་མིག་རྡིབ་འཁུན་བུ་བྲག་ཆར་འཁྱིལ།།
བཤང་གཅིའི་མལ་དུ་མི་ནུས་འགྲེ་ལྡོག་བརྩོན།།
ངག་གི་ཚིག་འཁྲུགས་རིད་པའི་ལུས་པོ་ནི།།
དྲི་བཞོན་རླུང་དང་འགྲོགས་པའི་ལྗོན་པ་འདྲ།།
གསོན་དུ་རེ་བའི་རེ་ཐག་ཡོངས་སུ་ཆད།།
འཇིགས་པའི་སྣང་བ་སྣ་ཚོགས་སེམས་སུ་འཕོས།།
ཀྱེ་མ་མི་རྟག་གདོས་བཅས་སྒྱུ་མའི་ལུས།།
ཞིག་པའི་འཇིགས་སྐྲག་འདི་ནི་སུ་ཡིས་བཟོད།།
དེ་ལྟ་དེ་ལྟར་ཐ་མའི་མལ་ཁྲི་ནས།།
འཇིགས་མིག་རིག་རིག་དབུགས་ཀྱི་རྒྱུ་བ་རྒོད།།
ལྟ་བར་མི་བཟོད་ལག་པས་གཡབ་མོ་བཅས།།
འཇིག་རྟེན་ཕྱི་མའི་ལྗོངས་སུ་ལྟད་མོར་ཆས།།
བྱམས་པའི་ཕ་ལགས་དེ་ལྟར་ལྔ་ལམ་བསྙེགས།།
དགའ་བ་མ་སྨད་མྱ་ངན་མཚོ་རུ་བྱིང་།།
མིག་གི་ཁོར་ཡུག་ཆུ་ཡིས་གང་བའི་ངང་།།
ཅི་བྱ་གཏོལ་བྲལ་ངུད་མོའི་ཆོ་ངེ་འདོན།།
མི་རྟག་འཇིགས་རུང་འཁོར་བའི་ཟློས་གར་འདི།།
མཐོང་ན་ལུས་སེམས་འཁྲུགས་པར་མི་འགྱུར་རམ།།
ད་ནས་ཕྱི་མའི་ལམ་རྒྱགས་དམ་པའི་ཆོས།།
འབད་པས་སྔོན་དུ་བསྒྲུབས་ན་མཁས་པའི་ལུགས།།
མ་གཅིག་ལུས་སེམས་བགྲེས་པས་ཅང་མི་ལྕོགས།།
བུ་ཡང་འཇིག་རྟེན་ཕྱོགས་ཀྱི་མྱོང་བ་མེད།།
དཀའ་སྡུག་དཔག་མེད་ཁུར་གྱིས་ཉེར་ནོན་པའི།།
འཁོས་ཞན་མ་བུ་དེ་ནི་སྙིང་རྗེའི་ཡུལ།།
གཤིན་པོར་སྨན་པ་མྱ་ངན་ངུ་འབོད་མིན།།
ཆོས་ཀྱི་སྒྲོན་མེ་སྦར་ནས་སྡུག་བསྔལ་གྱི།།
མུན་འབྱིན་ཐར་པའི་ལམ་སྟོན་ཁོ་ནར་རག།
དེ་ཕྱིར་ཆོས་ཀྱི་རྫོངས་པ་ནུས་པས་བསྒྲུབས།།
དགེ་བའི་དངོས་པོ་རྒྱ་ཆེན་ཡོངས་བསྒྲུབས་ནས།།
ཕྱི་མར་ཆས་པའི་འདས་པོར་ཡོངས་བསྔོ་བ།།
ཡང་དག་ལུགས་འདི་ཁ་བ་ཅན་གྱི་སྲོལ།།
བསྐལ་པའི་མཐར་ཡང་ནུབ་པ་མེད་པར་སྨོན།།
སྡུག་བསྔལ་རླབས་འཁྲུགས་སྐྱེ་རྒ་ན་འཆི་ཡི།།
ཆུ་སྲིན་འཇིགས་སུ་རུང་བས་བསྐོར་བའི་གནས།།
འཁོར་བ་རྒྱ་མཚོའི་རང་བཞིན་མཐོང་ན་ཡང་།།
ཕྱི་ཕྱིར་སྲེད་པས་འཇུག་པ་ཅི་ལ་ཞིག།
རིང་ཞིག་སོང་ཚེ་སྡུག་ལ་དྭངས་པ་ཐོབ།།
སྔར་བཞིན་འཚོ་བའི་ལས་ལ་གཅིག་ཏུ་འབུངས།།
མ་འོངས་ཞེས་པའི་རི་མོ་སྣ་ཚོགས་པ།།
འཛིངས་པའི་སེམས་སུ་འབྲི་བའི་རོལ་བ་འཛིན།།
རྒས་འཁོགས་ཨ་མར་བསམ་བྱ་གཅིག་ལས་མེད།།
བུ་ཡིས་རིགས་བཟང་དེས་པའི་ཆུང་མ་ཞིག།
མྱུར་ལེན་ཁྱིམ་གཞི་སྐྱོང་བའི་ལས་འགན་དེ།།
ཕྲག་ཏུ་ཁུར་ན་འགྲིག་པར་འདོད་པ་ཙམ།།
དགའ་བར་སྐུལ་ཚིག་ལྕག་གིས་ཡང་ཡང་བྲབས།།
ང་ནི་རྒས་པས་ནམ་འཆི་ཆ་མེད་དེ།།
ཚེ་ཡི་ཉི་མ་ནུབ་པ་ཐག་མི་རིང་།།
དེས་ན་བུ་ཁྱོད་འོས་པའི་ཆུང་མ་ལོངས།།
དེ་ལྟར་བསྐུལ་བའི་མོད་ལ་དགའ་བས་ཀྱང་།།
དྲིན་ཆེན་མ་ལོར་དྲིན་གཟོ་སྲི་ཞུའི་ཕྱིར།།
གཞུང་བཟང་ངོ་ཚ་ཤེས་པའི་བུ་མོ་ཞིག།
ལེན་པའི་ཐ་ཚིག་མ་ཡི་མདུན་དུ་ཕུལ།།
མ་འོངས་འདུན་མ་སྣ་ཚོགས་ཡིད་ལ་བྱེད།།
འཁོར་བའི་སྐྱིད་ཆོས་འབའ་ཞིག་དོན་དུ་གཉེར།།
མི་འདོད་ཐོག་ཏུ་འོང་བའི་སྐབས་མེད་པར།།
བདེ་ནས་བདེ་བར་རོལ་བའི་འཛིན་པ་ཆེ།།
འོན་ཀྱང་འདོད་པ་འདོད་ལྟར་མི་འོང་ཞིང་།།
མི་འདོད་འདོད་པ་བཞིན་དུ་ལག་ལ་འོང་།།
དགའ་བ་ཡུལ་ལྷ་མཆོད་པའི་ལམ་བར་ནས།།
གློ་བུར་འཆི་བའི་ཕོ་ཉས་ཕྱི་མར་ཁྲིད།།
རྨི་ལམ་རྟེན་མེད་འཁྲུལ་བའི་རང་བཞིན་དང་།།
སྒྱུ་མ་མཁན་གྱིས་སྤྲུལ་པའི་བཀོད་པ་ལ།།
ཀུན་ནས་མཚུངས་པའི་འཁོར་བའི་རྣམ་གཞག་ལ།།
གང་ནས་བསམས་ཀྱང་ཤེས་རྣམས་དགོད་རེ་བྲོ།།
འཆི་བདག་ཞགས་པ་སུར་འཕེན་མི་ཤེས་ཏེ།།
ན་ཚོད་གཞོན་དང་རྒས་པར་ཅི་ལ་ལྟ།།
རྒས་པའི་མ་ལས་སྔོན་དུ་གཞོན་པའི་བུ།།
དགའ་བ་དུས་ཆོས་གྱུར་པ་འདི་ཡིས་གྲུབ།།
སྡུག་པའི་བུ་གཅིག་ཕ་རོལ་སོང་བའི་གཏམ།།
སྒྲ་འཛིན་རྣ་བའི་ལམ་ལ་ལྷུང་བའི་ཚེ།།
རྩ་བ་རུལ་བའི་ལྗོན་པའི་རྣམ་འགྱུར་གྱིས།།
དྲན་པ་སྟོར་ནས་ས་ལ་འགྱེལ་བར་བྱེད།།
འདི་ནི་ཅི་ཞིག་རྨི་ལམ་རྨིས་པ་འམ།།
ཡང་ན་འཁྲུལ་བའི་སྣང་བ་བྱུང་བ་སྟེ།།
གང་ཞེས་མངོན་སུམ་ཆོས་ལ་ཡིད་རྟོན་བྲལ།།
དབྱུ་གུས་རྔ་བཞིན་ལག་པས་བྲང་ལ་བསྣུན།།
བུ་བུ་སྐད་ཅིག་གློག་གི་རོལ་གར་གྱིས།།
མ་ང་བསྐྱུར་ནས་འགྲོ་བ་བཟོད་སྲིད་དམ།།
བརྩེ་མེད་ཁྱོད་ཀྱིས་སྡུག་བསྔལ་དྲག་པོའི་ཁུར།།
གློ་བུར་ཐོག་ལ་བཞག་པ་ཇི་ལྟར་ཤེས།།
སྤྲིན་བྲལ་མིག་ལས་མཆི་མའི་ཆར་བ་བྱོ།།
ཤིང་བྲལ་ཡིད་ལས་གདུང་བའི་མེ་ལྕེ་མཆེད།།
གཡོ་བྱེད་རླུང་གིས་རེག་པར་མ་གྱུར་ཀྱང་།།
ལུས་ཀྱི་སྡོང་བོ་འདར་བའི་གནས་སྐབས་ཐོབ།།
ཇི་ལྟར་ཕྲུ་གུ་བོར་བའི་ངང་མོ་བཞིན།།
གཅེས་པའི་བུ་དང་བྲལ་བའི་སྐྱེད་མ་ནི།།
ཡིད་ཀྱི་ཡུལ་ལ་ཟས་ཙམ་མི་འཁོར་ཞིང་།།
སྐྱོ་བའི་ཡུས་ཀྱིས་དབང་པོའི་སྒོ་དག་འཚངས།།
ཉི་མའི་ཕྱི་མིག་ནུབ་ཁའི་རི་ནས་ཡལ།།
སྐར་མའི་ཕྲེང་བ་ནམ་མཁའི་གཞིས་སུ་འཛོམས།།
ཁྱིམ་མཚེས་མ་བུ་ཕྲད་ནས་ནུབ་ཇར་རོལ།།
བགྲེས་པའི་མ་དང་སྒོ་ཁྱི་གཅིག་པུར་གནས།།
བརྩེ་བའི་ཁྱོ་དང་ཤ་ལས་ཆད་པའི་བུ།།
གཅིག་རྗེས་གཅིག་གིས་དེད་ནས་ཕྱི་མར་ཆས།།
ཀྱེ་མ་ཡིད་ལ་དྲན་ཙམ་མི་ཕོད་པའི།།
ལས་འདི་ཅི་ཡིས་ནོངས་ཞེས་སྨྲེ་སྔགས་འདོན།།
དམན་པའི་བགྲེས་མོ་དེ་ལྟར་ཤུལ་དུ་ལུས།།
ཕོངས་པའི་དུས་སུ་གཉེན་དང་མཛའ་གྲོགས་ཀྱིས།།
མཐོང་བ་ལྟ་ཅི་ཐོས་ཙམ་མི་བྱེད་ཅིང་།།
ལམ་ཁའི་རྡོ་བཞིན་བོར་བའི་རྣམ་འགྱུར་ངོམ།།
ཉི་མས་བཏང་བའི་པད་ཚལ་གྱི།།
རྗེས་སོང་མི་སྡུག་འཚོ་བ་ལ།།
ཨ་ཐང་ཆད་ཀྱང་ཨུ་ཚུགས་ཀྱིས།།
རོལ་བའི་གོམ་པ་མདུན་དུ་བོར།།
ངལ་བའི་རྔུལ་ཆུ་ཟགས་པ་ལས།།
ཆུ་ཡི་ཕུང་པོ་འཁྱིལ་བ་ལ།།
འཛིན་མའི་སྐ་རགས་ཆུ་གཏེར་གྱིས།།
འགྲན་པར་མ་བཟོད་ངོ་ཚས་སྐྱེངས།།
བཟའ་བཏུང་བྱེ་བྲག་མཐའ་ཡས་པ།།
དངོས་སུ་ལྟ་ཅི་རྨི་ལམ་དུ།།
སྣ་གཅིག་ཙམ་ཡང་མྱོང་བའི་སྐབས།།
མཁའ་ཡི་པདྨོའི་ཟླ་རུ་སོང་།།
སྒྱུ་མའི་ལོངས་སྤྱོད་མི་རྟག་པ།།
རྩྭ་མགོའི་ཟིལ་བའི་རྣམ་འགྱུར་གྱིས།།
ཟགས་པའི་སྣང་བརྙན་མཐོང་བ་འདིས།།
ནོར་ལ་སྲེད་པ་ཅུང་ལྷོད་དམ།།
འཚོ་ཚིས་དག་གིས་ཡོངས་བཏང་བས།།
ཉིན་མཚན་ཀུན་ཏུ་ནོར་སྐྱོང་བཞིན།།
ལྷག་མའི་ཟས་དང་བཏུང་བ་ལ།།
འཁོར་བའི་ངང་ནས་རིང་ཞིག་སོང་།།
ཉམ་ངའི་གཡང་དུ་ལྷུང་བའི་གཏམ།།
དམན་རྣམས་སྐྱོང་བའི་བྱམས་བརྩེ་ཅན།།
བདེ་འབྱུང་ཀུན་ཕན་ཚོགས་པ་ཡི།།
ལས་འཛིན་དག་གི་རྣ་བར་ཞུགས།།
ཚོགས་པ་དེ་ནི་གཏོང་ཕོད་དང་།།
གཞན་ཕན་བསམ་པས་མཐོར་བཏེགས་པས།།
དཔག་བསམ་ཤིང་གི་ངོ་མཚར་དང་།།
གྲགས་པ་ཉམས་པ་ལྷན་ཅིག་བགྱིས།།
སྙིང་རྗེ་ཆེན་པོས་ཡིད་འཁྲུགས་ཤིང་།།
མིག་ལས་མཆི་མ་འཐོར་བའི་ངང་།།
ཕོངས་པའི་མ་རྒན་སྐྱོབ་འདོད་ཀྱི།།
འདུན་པ་དྲག་པོ་བཅོས་མིན་སྐྱེས།།
འཆར་ཁའི་བུ་མོའི་རྗེས་འདེད་པའི།།
སྲེད་ལྡན་ཨ་དིའི་གཞོན་ནུ་གང་།།
མཁའ་རུ་ཐོག་མར་འཛུམ་པའི་ཚེ།།
གོམ་པའི་ཁ་ལོ་དེ་རུ་བསྒྱུར།།
རླངས་པའི་ཤུགས་ཀྱིས་མྱུར་བགྲོད་པའི།།
འཕྲུལ་གྱི་འཁོར་ལོའི་བང་རྩལ་ལས།།
རྐང་མགྱོགས་རྫས་ལ་བརྟེན་པ་བཞིན།།
ཡུད་ཀྱིས་གམ་དུ་ལྷགས་པར་གྱུར།།
དཀའ་སྡུག་ཕྲག་བརྒྱས་རབ་གཙེས་པའི།།
བདག་མེད་མ་དེ་མཐོང་བ་ན།།
དེ་དག་ལྷག་པར་སྙིང་རྗེ་ནས།།
འཇམ་པའི་ཚིག་གིས་སེམས་གསོ་བྱས།།
ཕྱག་གི་འདབ་མས་མཐའ་ནས་བསྐྱོར།།
ཇི་ལྟར་བླ་མར་སློབ་མས་བཞིན།།
སྙེ་མའི་མགོ་བོ་དུད་པ་སོགས།།
གུས་པའི་ངང་ནས་བསུ་བར་བྱེད།།
ཀུན་ཕན་གཞིས་ཀའི་ཡང་སྙིང་སྟེ།།
མཛེས་པའི་ཁོ་ར་ཁོར་ཡུག་ཀུན།།
ལག་པའི་རྫས་བཞིན་ཉམས་མྱོང་བའི།།
ཉམས་དགའི་ཁང་མིག་ལག་ཏུ་བཞག།
བཟའ་བཏུང་ཉེར་སྤྱད་གང་མཁོའི་རིགས།།
མ་ཚང་མེད་པའི་སྦྲང་ཆང་གིས།།
ལུས་སེམས་མྱོས་པའི་སྣང་བ་ནི།།
ཡར་ངོའི་ཟླ་བ་འཕེལ་བར་མཐོང་།།
དམན་རྣམས་སྐྱོང་བའི་སྲི་ཞུ་སྟེ།།
རིམ་གྲོ་བསྟི་སྟང་རྩེར་སོན་པ།།
གཅིག་ལས་གཅིག་བཟང་འགྲན་པ་ལྟའི།།
རྣམ་གྲངས་མཐའ་ཡས་མཁའ་དང་མཉམ།།
དེར་གནས་དག་ལ་ཕ་མ་དང་།།
མཛའ་བཤེས་རྣམ་པས་རྗེས་ཆགས་ནས།།
རེག་འཇམ་བལ་གྱི་བྱ་བྱེད་ཀྱིས།།
ཀུན་ནས་གཅེས་པའི་ཡ་མཚན་བསྟར།།
ཁྲོ་བའི་གཟུགས་ཀྱིས་མི་སྡུག་པའི།།
བཞིན་ལག་ཡུད་ཙམ་མི་སྟོན་པར།།
ཞི་བའི་གཟུགས་ཀྱིས་ཡིད་འོང་བའི།།
ཀུན་ཏུ་དགེ་བའི་འཇུག་ངོགས་བསྐྲུན།།
འོ་མའི་འཛུམ་མདངས་རབ་དཀར་ཞིང་།།
ཀུན་དའི་སོ་ཕྲེང་ངོམ་པའི་ངང་།།
ཚིག་འཇམ་ཆུ་ཤེལ་ལག་པ་ཡིས།།
ཡིད་ལ་བྱིལ་བའི་རྩེ་དགའ་སྦྱིན།།
མར་བསྙལ་ཡར་བསླངས་གཙང་མར་བཀྲུས།།
འཁར་བའི་ཚུལ་འཛིན་འདེགས་སྐྱོར་སོགས།།
ཕལ་བའི་སྐྱེ་བོས་མི་བཏུབ་པའི།།
ཞབས་ཕྱིའི་དགའ་སྟོན་རྫོགས་པ་མེད།།
དེ་ལྟར་གཙང་མའི་ལེགས་བྱས་ལས།།
ཐོབ་པའི་དགེ་ཚོགས་ད་མངོན་ན།།
ཁྱོན་ཡངས་དབྱིག་གི་བློ་གྲོས་མ།།
ཞུམ་ནས་རྒྱ་མཚོར་བྱིང་བར་འགྱུར།།
ཚེ་འདིར་སྨན་པའི་ཟང་ཟིང་གི།
དངོས་པོས་མཆོག་ཏུ་མཉེས་བྱས་ཤིང་།།
ཕྱི་མའི་ལམ་རྟེན་དམ་པའི་ཆོས།།
འཕགས་པའི་ནོར་གྱིས་འབྱོར་བ་སྤེལ།།
རིགས་དྲུག་འགྲོ་བར་སྙིང་ཉེ་བའི།།
བརྩེ་བའི་ལྷ་མཆོག་སྤྱན་རས་གཟིགས།།
ཡིད་བྱས་ཡི་གེ་དྲུག་མའི་དབྱངས།།
སྙན་པར་འཇོ་བའི་ཆོས་ཚོགས་ཡོད།།
ཉིན་བཞིན་ལུས་ངག་ཡིད་ཀྱི་རྟ།།
གུས་རྟག་བརྩོན་པའི་ལྕག་ཚན་གྱིས།།
དགེ་བའི་ལམ་དུ་ལེགས་བསྐུལ་ནས།།
དགེ་བའི་དཔལ་ལ་རོལ་བའི་ཚེ།།
སྔར་གང་མཐོང་བྱེད་ཡུལ་དུ་མ་གྱུར་ཅིང་།།
སུ་ཡི་གཅེས་ཕྲུག་ཡིན་པ་མི་ཤེས་པའི།།
གོག་མ་ལངས་ཀྱིས་འོང་བའི་བྱིས་པ་ཞིག།
མདུན་བཅར་དགའ་བའི་ཉམས་ཀྱིས་འཁྱུད་པར་བྱེད།།
ཨ་མ་ཞེས་བོས་བཅོས་མིན་བརྩེ་གདུང་གིས།།
སྔར་འདྲེས་པ་འམ་ཤ་ལས་ཆད་པའི་བུ།།
ཇི་བཞིན་རྗེས་བསྙེགས་རབ་དགའི་རྣམ་འགྱུར་བཅས།།
ང་ནི་ཁྱོད་ཀྱི་བུ་ཞེས་ཟློ་བར་བྱེད།།
དུས་དེར་བྱིས་པ་འདི་ནི་ཕྲ་ཆལ་ཞིག།
ཅི་མི་སྙམ་ནས་དོ་སྣང་མ་བྱས་ལ།།
མ་ཎི་བགྲང་བར་བར་ཆད་བྱེད་ཀྱིས་དོགས།།
ཞིམ་པའི་ཀ་ར་རྡོག་གཅིག་སྤྲད་ནས་བཏང་།།
ཉིན་ལྟར་ཚོགས་པའི་དབུས་སུ་གར་གནས་ཀྱང་།།
རེ་རེའི་གདོང་བ་པདྨའི་ངོས་རྣམས་སུ།།
མིག་གི་བུང་བ་རེས་འཕུར་རེས་འབབ་ཀྱིས།།
བཙལ་ཐོན་དགའ་སྤྲོའི་སྣང་བ་ཁོང་ནས་ཕྱུང་།།
ཕྱི་རུ་རྒྱུ་བ་མིག་ལ་ལྷུང་བའི་ཚེ།།
རང་གི་ཨ་མ་མཐོང་བའི་རྣམ་འགྱུར་གྱིས།།
མིང་ནས་བོས་ཤིང་གོམ་པ་འཁྱོར་བའི་ངང་།།
སྤྲོ་བའི་འཛུམ་བཅས་གམ་ལ་ཡང་ཡང་ཐོན།།
དེ་ལྟར་གང་ནས་མཐོང་དང་ཐུག་པའི་སྐབས།།
བཅོས་མིན་དགའ་བ་རྒྱ་མཚོ་གཡོ་བའི་ཉམས།།
ཨ་གསར་མ་ཡིན་རྟག་ཏུ་མིག་ལམ་ལ།།
མངོན་པའི་ཡ་མཚན་གསར་བ་གསར་བར་འཕོས།།
བསམ་ཤེས་མ་ཡིན་བསམ་མེད་བྱིས་པ་ཞིག།
སློབ་མཁན་མེད་ཀྱང་བསླབས་པའི་ངང་ཚུལ་ལ།།
ཅུང་ཞིག་བསམ་པའི་ཚེ་ན་རྟོགས་འདོད་ཀྱིས།།
ཉམས་སད་ཚོད་བགམ་བྱ་བའི་འདུན་པ་སྐྱེས།།
ཆོས་ཐུན་གྲོལ་ནས་ཁྱིམ་ལ་ལོག་པའི་ཚེ།།
བྱིས་པ་དེ་ནི་ལམ་འགྲམ་རྡོ་སྤུངས་སྟེང་།།
སྒུག་པའི་ཚུལ་གྱིས་གནས་པ་ཕར་མཐོང་དང་།།
ཚུར་ལྟ་དགའ་འབོད་བྱས་པ་མཉམ་དུ་བྱུང་།།
ཁྱོད་ནི་སུ་ཚང་བྱིས་པ་མིང་ལ་ཅི།།
ཕ་མ་ལ་སོགས་དྲིས་པའི་རྗེས་ཐོགས་སུ།།
ང་ནི་ཁྱོད་ཀྱི་གཅེས་པའི་བུ་ཆུང་སྟེ།།
དགའ་བ་ཡིན་ནོ་མ་ཡིས་བརྗེད་དམ་ཅི།།
ཞེས་པའི་ལན་གྱིས་བྲིས་པའི་རི་མོ་བཞིན།།
གཡོ་བྲལ་སྨྲ་བ་རིང་ཞིག་འགགས་པའི་རྗེས།།
ཇི་ལྟར་རོ་ཞེས་དྲིས་ན་དྲིས་པའི་ལན།།
འདི་དང་དེ་ཞེས་མཁྱེན་པའི་ཟོལ་གྱིས་འཆད།།
འུ་ཚང་གཉུག་མར་གནས་པའི་སྡེ་བ་ལ།།
སྐྱིད་སྡེ་ཞེས་གྲགས་ཆེ་བའི་འབྲོག་སྡེ་ཞིག།
སྒོས་སུ་འུ་ཚང་མཚེར་ས་ཆུ་དེ་དང་།།
དེའུ་འབུར་དེ་ཡི་འགྲམ་དུ་ཡོད་ཅེས་གླེང་།།
སྒོ་ཕྱུགས་རྟ་ནོར་ལུག་གི་གྲངས་ཀ་དང་།།
རོག་རོག་རྒྱ་དམར་ཞོལ་ཆེན་ཁམ་པ་སོགས།།
མིང་ལ་མི་ཐོགས་མཛུབ་མོའི་རྩེ་རུ་བགྲང་།།
ལྷས་རའི་ཆགས་དབྱིབས་དག་ནས་ཇི་བཞིན་བཤད།།
ཕྱུགས་རིགས་རི་ལ་འདེད་པའི་འདེད་ལམ་ནས།།
སྒང་ནས་འཚོ་སྟངས་འཚོ་སའི་ཉིན་སྲིབ་དང་།།
རི་ལས་ཕབ་པའི་ཕབ་དུས་ལ་སོགས་པ།།
མ་ནོར་ཕྱག་རྒྱ་བཅས་པས་གསལ་བར་བརྗོད།།
ཐེངས་ཤིག་ཕྱུགས་ཀྱི་ཁོངས་ནས་འབྲི་ཡར་ཞིག།
བཙལ་ཀྱ་མ་རྙེད་ཁྱིམ་ལ་ལོག་པ་ན།།
ཁྱོད་ཁྲོས་སྡང་མིག་གློག་ཞགས་ལམ་ལམ་ངང་།།
སྤྱོས་ནས་ཕྱི་རུ་དབྱུང་བའི་ཚུལ་ཡང་བཤད།།
ཕྱུགས་རྣམས་ཚང་ཞིང་ལེགས་པར་འཚོ་བའི་ཚེ།།
འཇམ་པའི་ཕྱག་གིས་མགོ་ལ་བྱིལ་བྱིལ་དང་།།
འོ་བྱས་ཀ་ར་བུ་རམ་སྦྱིན་པ་སོགས།།
གཅེས་པའི་རང་བཞིན་དག་ཀྱང་གསལ་བར་བསྙད།།
དེ་ལྟར་འདས་པའི་གཟུགས་བརྙན་ཆ་ཚང་བ།།
བློ་ཡི་མེ་ལོང་ངོས་སུ་གསལ་སིང་ངེར།།
འགོད་པའི་རྟགས་མཚན་དག་ལ་བསམ་པ་ན།།
དགའ་བའི་སྐྱེ་བ་ཡིན་པའི་ངེས་ཤེས་འཁྲུངས།།
དགའ་སྐྱོའི་མཆི་མས་མགྲིན་པ་བརྣངས་པའི་ངང་།།
ཚེ་འདིར་མ་བུ་མཉམ་འཕྲད་སྟེས་དབང་ངམ།།
འོན་ཏེ་དཀོན་མཆོག་བྱིན་རླབས་ཡང་ན་ཅི།།
ཡ་མཚན་དྲི་བས་ཁེངས་ནས་རང་སར་ལོག།
ཞག་འགའ་ཡུད་ཀྱིས་སོང་བའི་ཞོགས་པ་ལ།།
འཕྲུལ་བཟོས་མཆོད་མེ་མཆོད་ལ་ཕྱོགས་པའི་ཚེ།།
མཆོད་མེ་ཟད་ནས་སྟོང་པའི་སྣོད་ལ་ཐུག།
ཉེ་བའི་སླད་དུ་ཚོང་ཁང་ཞིག་ཏུ་སོང་།།
དགའ་བའི་སྐྱེ་བར་ངེས་པའི་བྱིས་པ་དེ།།
ཚོང་ཁང་ནང་རོལ་འཁྱོར་བཞིན་རྒྱུ་བར་མཐོང་།།
གང་ཞིག་དེ་ཚེ་སྔར་འཁྱུད་ཇི་ལྟ་བར།།
ཨ་མ་ཐོན་ཞེས་མངོན་དགའི་རྣམ་པ་སྟོན།།
འདི་ནི་ང་ཡི་ཨ་མ་བགྲེས་སོང་སྟེ།།
མཁོ་དགུའི་ལོངས་སྤྱོད་མི་མངའ་ཤིན་ཏུ་བཀྲེན།།
དེ་བས་དངུལ་རྡོག་གཅིག་ཀྱང་མི་ལེན་པར།།
མཆེད་མེ་སྒམ་གང་གནོངས་ཞེས་གནང་དུ་བཅུག།
བྱིས་པའི་ཨ་ཕྱིར་བྱིས་པའི་ཕ་ཡུལ་དང་།།
ཕ་མ་ལ་སོགས་ཞིབ་པར་རིམ་གྱིས་དྲིས།།
འདི་ནི་ང་ཡི་བུ་ཕྲུག་དགའ་བ་ཡི།།
སྐྱེ་བར་ངེས་ཞེས་ངེས་རྟགས་ལྷུག་པོར་བརྗོད།།
ཨ་ཕྱི་ན་རེ་བྱིས་འདིའི་ཕ་ཡུལ་ནི།།
འབྲུ་དྲུག་གསེར་གྱི་སྙེ་མ་གཡོ་བ་ཡིས།།
རྒྱ་མཚོའི་རླབས་ལ་འཕྱ་བའི་ཞིང་གི་ཁམས།།
རོང་སྡེ་ཕྱུག་མོ་ཟླ་གྲོང་ཡིན་ནོ་ཟེར།།
མ་ནི་ང་ཡི་བུ་མོ་དབྱངས་ཅན་དང་།།
ཕ་ནི་འཇིགས་མེད་ནོར་བུ་ཞེས་པ་སྟེ།།
ཡིད་གཅུགས་བཟའ་ཟླ་ཟུང་གི་ཐོག་མའི་བུར།།
སྐྱེས་པའི་གཏམ་ཕྲེང་རིམ་པར་རྣ་ལ་བཞག།
བྱིས་པའི་མིང་ལ་བསྟན་འཛིན་ཆོས་རྒྱལ་འབོད།།
འདི་ནི་ཆུང་དུས་སུས་ཀྱང་མ་བསླབས་པར།།
ང་ཡི་ཡུལ་ནི་སྐྱིད་སྡེ་ཕྱུག་མོ་ཡིན།།
ཨ་མའི་མིང་ལ་པདྨ་དབང་མོ་ཟེར།།
ང་ཡི་མིང་ལ་དགའ་བ་ཞེས་སུ་འབོད།།
ངེད་ཚང་འཚོ་རྟེན་རྟ་ནོར་ལུག་གསུམ་ཡིན།།
དབྱར་དགུན་མཚེར་སའི་རྣམ་པ་འདི་ལྟར་ཞེས།།
གཏམ་ཚོགས་ཆར་དུ་བསྙིལ་བའི་མཐའ་མ་རིག།
ནམ་ཞིག་ཡུལ་ལྷ་མཆོད་པའི་མཆོད་ལམ་ནས།།
གློ་བུར་གཉིད་དུ་ཡུར་བའི་ཚུལ་བྱུང་ནས།།
འཇིགས་པའི་རྨི་ལམ་སྣ་ཚོགས་རྨིས་པའི་མཐར།།
སད་སྣང་བྱུང་དུས་འདི་རུ་སྐྱེས་འདུག་ཟེར།།
དྲན་པ་སྟོར་ནས་བརྒྱལ་བར་གྱུར་པ་དང་།།
བརྒྱལ་བ་སངས་རྗེས་བར་དོའི་སྣང་བ་སྟེ།།
མ་ངེས་འཇིགས་པ་སྣ་ཚོགས་བརྒྱུད་པའི་མཐར།།
རིགས་དྲུག་གནས་སུ་སྐྱེ་བ་ལེན་པའི་ཚུལ།།
ཇི་ལྟར་རྒྱ་ཆེར་བསྟན་པའི་དོན་བཞིན་དུ།།
འདི་ཡི་རྣམ་པར་ཤེས་པ་རླུང་བུ་བཞིན།།
ཐོགས་རེག་མི་མངའ་གང་སར་རྒྱུ་བའི་རྗེས།།
ཡང་བསྐྱར་མི་ལུས་རྙེད་པའི་རྙེད་ཚུལ་རྟོགས།།
དེ་ལྟར་མངོན་སུམ་བྱུང་བའི་བྱུང་བ་རྣམས།།
རྫུན་བྲལ་བདེན་པའི་དངོས་པོར་ཡོངས་གྲུབ་པས།།
རང་བུ་དགའ་བའི་སྐྱེ་བར་ཡིད་ཆེས་ཤིང་།།
དགའ་སྐྱོ་འགྲན་པའི་ཟོལ་གྱིས་ལྡང་བར་འགྱུར།།
ཚེ་འདིར་བུ་དང་ཡང་གཅིག་འཕྲད་པ་ནི།།
སྟེས་དབང་མ་ལགས་བསོད་ནམས་དངོས་ཟོང་གིས།།
ཁུག་པའི་ཕྱིར་ན་རང་གི་སྔ་མའི་གནས།།
གདོད་མའི་ཁྱིམ་དུ་ཁྲིད་འདོད་དྲག་པོ་སྐྱེས།།
ཚུལ་དེའི་སྐོར་ནི་རང་གི་ཚ་བོ་ལ།།
དགའ་བས་ལུས་སེམས་མྱོས་དེས་གསོལ་བ་ན།།
ཡི་རང་ཚིག་གི་མེ་ཏོག་ཕྲ་ལྡེམ་མ།།
དགའ་བའི་གསོས་སུ་མ་ཕུལ་ཡི་རེ་མུག།
དབང་ཆུང་ཉམ་ཐག་མ་ཡིས་ཡང་ནས་ཡང་།།
གཉེན་ཉེ་ཉེ་བའི་ཚོགས་ལ་མང་ཞུས་ཀྱང་།།
མིན་ཞེས་མི་འཐད་མགོ་བོ་འཕྲེད་དུ་གཡུགས།།
དངོས་སྣང་དབང་གི་མུན་པས་སྒྲིབ་པར་བྱེད།།
གང་ཡང་རེ་འདོད་སྐོང་མཁན་མ་བྱུང་བས།།
སེམས་པ་ཁོང་དུ་ཆུད་ཀྱང་དགའ་བ་ཡི།།
སྐྱེ་བ་ཡིན་པར་ངེས་པའི་བུ་དེ་ལ།།
དགའ་དུང་མ་ཉམས་དགའ་བས་འབྲེལ་བར་གནས།།
དེ་ལྟར་དགའ་བ་མ་བུའི་དངོས་བྱུང་གཏམ།།
མ་བཅོས་རྫུན་གྱི་དྲི་མས་མ་སྦགས་པ།།
པད་དཀར་ཕྲེང་རྒྱུད་བཞིན་དུ་སྣང་བའི་ཚེ།།
སོར་རྩེའི་འདུ་བྱེད་གཡོ་ལས་མངོན་འབབ་པའི།།
མ་བུ་མཉམ་འཛོམས་ཞེས་པའི་རྩོམ་གྱི་ཆུ།།
རྒྱན་དང་མངོན་བརྗོད་རྙོག་མས་མ་བསྒྲིབས་པར།།
རང་བཞིན་ཆུ་དངོས་ཟོལ་གྱིས་མཐོང་བ་འདི།།
འདུ་ཤེས་གསུམ་པ་གོ་བ་ནག་པོས་སྦྱར།།
སྐྱེ་བ་སྔ་མ་དྲན་པའི་དངོས་བྱུང་གི་གཏམ་ཞིག་དང་སྦྱར་བ་འོ།།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།