[རེག་ཟིག] «ཉི་མ་ལྟ་བུའི་དགེ་བསྙེན»བཀླགས་ཐོ། | ཀརྨ་ཆོས་དབྱིངས།

教育   2025-02-02 23:07   西藏  





རེག་ཟིག་སྣ་ཟིན་སྤུ་ཟིན།







གླེང་གཞི།

    རང་རེ་ཁ་བ་གངས་ཅན་ཡུལ་དུ། སྔོན་བྱོན་བཀའ་གདམས་གོང་མ་རྣམས་ནི། ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་ཡིན་ལ། ཁོང་རྣམ་པའི་གསུང་རབ་གླེགས་བམ་དེ་དག་ནི། བཀའ་གདམས་པའི་ཕ་ཆོས་དྲོན་མོའམ། སེམས་ཅན་རྣམས་ལ་བྱིན་པའི་ཆོས་ཀྱི་ཕུགས་ནོར་འགངས་ཆེན་ཞིག་སྟེ། འབྲོམ་གྱི་ཞལ་ནས། “ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ།། གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི།། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ།། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།།”ཞེས་གསུངས་པ་ལྟར་རོ།། དེ་བས། ཨ་ཁུ་རྒྱ་གྲོལ་གྱིས་དེང་རབས་ལྷུག་རྩོམ་གྱི་ལམ་ནས་བྲིས་པའི«ཉི་མ་ལྟ་བུའི་དགེ་བསྙེན»བཀླགས་པ་དང་བསྟུན། ཇོ་བོ་རྗེ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤ་དང་། ཁོང་གི་ཐུགས་སྲས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སམ། དགེ་བཤེས་སྟོན་པའི་སློབ་མ་བཀའ་གདམས་སྐུ་མཆེད་གསུམ་སོགས་ལ་སྙིང་ནས་མི་ཕྱེད་པའི་དད་པ་སྐྱེ་རུ་བཅུག འོན་ཀྱང་། སྔོན་ན་མེད་པའི་ལེགས་བཤད་ཀྱི་གཏེར་མཛོད། བཀའ་གདམས་རིན་པོ་ཆེའི་གླེགས་བམ། བཀའ་གདམས་ཕ་ཆོས་དང་བུ་ཆོས་སོགས་ལ་ཞིབ་ཏུ་མ་མཇལ་བས་འབྲི་བའི་རྔོ་མི་ཐོགས་ཀྱང་། ལར། འདི་བཀླགས་ཐོ་ཙམ་དུ་བསམས་ན་ཅི་ཡང་མི་ཉེས་པར་འདུག དེ་བས། འདི་ལྟར་བསྐྱངས་སོ།། 

རྣམ་ཐར་མདོར་བསྡུས། 

    མཚན་དངོས་སམ་ཡོངས་གྲགས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། མཚན་གྱི་རྣམ་གྲངས། འབྲོམ་སྟོན་པ། དགེ་བཤེས་སྟོན་པ། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། དགེ་བསྙེན་ཆོས་འཕེལ། རྒྱལ་བའི་འབྱུང་གནས། གདུང་། རིགས་བཞི་ལས་རྗེའུའི་རིགས་ཀྱི་ནང་ཚན་འབྲོམ། ཡབ་ཡུམ། ཡབ་སྐུ་གཤེན་ཡག་གཞེར་འཕེན། ཡུམ་འོད་བཟའ་ལན་གཅིག་མ། འཁྲུངས་ཡུལ། བོད་དབུ་རུའི་བྱང་གི་ཕྱོགས་ལྷ་ཆེན་པོ་གཉན་ཆེན་ཐང་ལྷའི་ཞོལ། སྟོད་ལུང་གི་ཕུ་རྩྭ་སྒྱེ་མོ་ཞེས་གྲགས་པའི་ས་ཆ། འཁྲུངས་ལོ། རབ་བྱུང་སྔོན་གྱི་ཤིང་འབྲུག(ཕྱི་ལོ་༡༠༠༤)ལོ་ལ་འཁྲུངས། བླ་མ། རྒྱ་གར་བ་ཇོ་བོ་དང་སྨྲྀ་ཏི་གཉིས། བོད་སེ་བཙུན་དང་མང་ཡུལ་གྱི་ཀག་སྟོན་གཉིས། ཀློག་སློབ་པའི་སློབ་དཔོན་གཡུང་ཚེས་མགོན་དང་མགོན་པ་ཉན་པའི་གྲུ་ཚེ་མགོན། དགེ་བསྙེན་གྱི་སློབ་དཔོན་བདུན་ལས་མ་བསྟེན་ཏེ། མང་པོ་མི་བསྟེན་བསྟེན་པ་མཐར་ཕྱིན་ཅེས་པའི་རྣམ་ཐར་ཡིན་ནོ། །མཛད་འཕྲིན། དགུང་ལོ་བཅུ་གསུམ་སྟེང་ཡབ་ཀྱི་རྗེས་སུ་འབྲངས་ནས་ཚོང་རྒྱག་ཏུ་ཕྱིན། ལམ་ནས་བྲོས་ཏེ་སྙེ་མོར་ཕེབས། གཡུང་ཚེས་མགོན་ཞེས་པའི་སྔགས་པ་ཞིག་བསྟེན་ནས་ལོ་བཞིའི་བར་བོད་ཡིག་འབྲི་ཀློག་བསླབས། དགུང་ལོ་བཅུ་བདུན་སྟེང་ཇོ་བོ་སེ་བཙུན་དང་མཇལ། བླ་མ་སེ་བཙུན་གྱི་སར་བཞུགས་ནས་ནང་གཡོག་རྟ་ཕྱུགས་གསོ་བ། ཕྱེ་འཐག་པ་སོགས་མཛད་པའི་ཞོར་ལ་པཎྜི་ཏ་སྨྲྀ་ཏིའི་མདུན་ནས་སྒྲ་རིག་པ་དང་སཾ་སྐྲི་ཏའི་སྐད་ཀྱང་བསླབས།
    དགུང་ལོ་སོ་བརྒྱད་པར(ཕྱི་ལོ་༡༠༤༢)ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་ཨ་ཏི་ཤ་བྱོན་པ་གསན་ཏེ་ཁམས་ནས་མངའ་རིས་སུ་ཞབས་ཐང་གིས་མགྱོགས་པོར་ཕེབས་པས། ཇོ་བོ་རྗེ་ཉིན་གསུམ་ནས་མ་འགྱངས་པར་རྒྱ་གར་དུ་ཕྱིར་ཕེབས་གནང་ཉེའི་དུས་སུ་སྤུ་ཧྲེངས་རྒྱ་ཞིང་ཟེར་བའི་གྲོང་གི་ནང་དུ་མཇལ། དགེ་བཤེས་སྟོན་པ་ཇོ་བོར་མཇལ་བའི་ཕྱི་ཉིན་ཁོང་ལ་ཆེད་དུ་དམིགས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་ཆོས་ཐུན་གཅིག་མཇད་པ་རེད། ཇོ་བོ་བོད་དུ་ཕེབས་མ་ཐག་ལྷ་བླ་མས་བོད་ན་ཆོས་དང་མི་མཐུན་པ་འདི་དང་འདི་ལྟ་བུ་མཆིས་པས། དེ་དག་གི་གཉེན་པོར་འགྱུར་བའི་བསྟན་བཅོས་ཤིག་མཛད་པར་ཞུས་པས། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པ་དེ་མཛད། འདི་ལ་ཤོག་གྲངས་འགའ་ལས་མེད་ཀྱང་། འདིས་བོད་ཀྱི་བསྟན་པར་དག་ཐེར་གནང་པར་མ་ཟད། རྒྱ་གར་ཇོ་བོའི་སློབ་མ་དག་གིས་ཇོ་བོ་བོད་དུ་བཞུགས་པར་མོས་པ་བྱུང་བའི་རྐྱེན་གཙོ་བོའང་འདི་ཡིན་འདུག
    དེ་ནས། ཇོ་བོ་རྗེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་རྩར་ཟླ་བ་གསུམ་ཙམ་བཞུགས་ཡུན་མ་གཏོགས་སྐུ་ཚེ་གཅིག་ལ་འབྲོམ་གྱིས་ནང་གཡོག་གཙོ་བོར་མཛད་དེ། ཞར་ལ་གོ་སྐབས་བྱུང་ཚེ་ཆོས་ཞུ་བར་མཛད། ཇོ་བོ་རྗེ་མྱ་ངན་ལས་འདས་ནས་སྐུ་གདུང་དང་ཕྱག་དཔེ་སོགས་སློབ་མ་ཚོར་གནང་དགོས་རིགས་གནང་ནས་སྐུ་གདུང་ཐུགས་དམ་རྟེན་བཅས་དང་། ཇོ་བོས་གསོ་སྐྱོང་གནང་པའི་སློབ་མ་རྣམས་ཁྲིད་དེ་རྭ་སྒྲེང་དུ་ཕེབས། རབ་བྱུང་དང་པོའི་མེ་བྱ(སྤྱི་ལོ༡༠༥༧)ལོར་འཕྲང་ཁ་བེར་ཆུང་གིས་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་བཏབ། དངུལ་གྱི་མཆོད་རྟེན་ཞིག་གི་ནང་ཇོ་བོ་སྐུ་གདུང་རྣམས་བཞུགས། ཇོ་བོའི་སློབ་མ་རྣམས་འབྲོམ་གྱིས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས། སྐུ་ཚེ་གཅིག་གི་རིང་རྟེན་དགེ་བསྙེན་དུ་བཞུགས། རབ་བྱུང་མ་མཛད་ཀྱང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་མཛད་དོ།། རྟེན། དགེ་བསྙེན། ཆོས་བརྒྱུད། བཀའ་གདམས་པ། གདན་ས། སྙེ་ཐང་། རྭ་སྒྲེང་། སློབ་མ། པོ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གསུམ་ལ་སྐུ་མཆེད་རྣམ་གསུམ་ཟེར། རྣལ་འབྱོར་བ་ཆེན་པོ་བྱང་ཆུབ་རིན་ཆེན། རྣལ་འབྱོར་དགོན་པ་བ་ཆེན་པོ་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་བ་ཤེས་རབ་རྡོ་རྗེ། རྣལ་འབྱོར་ཕྱག་དར་སྟོན་པ་བཞི་ལ་རྣལ་འབྱོར་བ་རྣམ་པ་བཞི་ཟེར། འབྲོམ་གྱིས་སློབ་གཉེར་གནང་དུས་ཁུ་རྔོག་འབྲོམ་གསུམ་ཞེས་ཁམས་སུ་མཁས་པའི་ཚད་དུ་བྱེད་པ་གསུམ་ལས། དགེ་བཤེས་ཁུ་སྟོན་ཆེན་པོའང་ཁོང་གི་སློབ་མ་ཡིན། ད་དུང་། རྣལ་འབྱོར་བ་གཡུང་དྲུང་རྒྱལ་མཚན། ཇོ་བོ་ལེགས། སུམ་པ་མཐུ་ཆེན། སྒོམ་པ་རིན་ཆེན་བླ་མ། ཁམས་པ་ལུང་བ་ལ་སོགས་ཤིན་ཏུ་མང་། སྐུ་ཡུན། དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། འདས་ལོ། མཐར་ཞིང་འདིའི་བསྟན་འགྲོའི་དོན་གྲུབ་ནས་རབ་བྱུང་དང་པོའི་ཤིང་འབྲུག(ཕྱི་ལོ་༡༠༦༤)ལོར་རྭ་སྒྲེང་དུ་སྐུ་གཤེགས།

བརྗོད་བྱ་དོན་གྱི་རང་བཞིན།

    དེ་ལ། བླ་མ་གོང་མའི་རྣམ་ཐར།། རྗེས་འཇུག་གདུལ་བྱའི་ཉམས་ལེན།། ཞེས་པ་ལྟར། རྣམ་ཐར་ཀློག་པའི་དགོས་པ་ནི་དམ་པའི་ཡོན་ཏན་གསལ་བར་བྱས་ནས་དད་པ་སྐྱེས་ཤིང་། དེ་ལ་བརྟེན་ནས་དེའི་རྣམ་ཐར་ཉམས་སུ་ལེན་པའི་ཆེད་དུའོ།། ད་དུང་། ཐོས་བསམ་གྱི་གྲུབ་དོན་དེ་དག་ཀྱང་ཡིག་ཐོག་ཏུ་ཡོད་ཁའི་གནས་ལུགས་ཙམ་དུ་མ་ལུས་པར། དེ་ལ་ངེས་པ་རྙེད་དེ་ཉམས་སུ་བླངས་པ་བཅས་ནི་དམ་པའི་ཁྱད་ཆོས་རྣལ་མའོ།། འོ་ན། འབྲོམ་སྟོན་པའི་སྐུ་ཚེ་གང་པོའི་རྣམ་ཐར་འདི་དོན་གསུམ་གྱི་ནང་དུ་བསྡུས་ན། གཅིག་ཏུ་མཁས་པའི་ཞབས་ཏོག གཉིས་སུ་སློབ་མའི་དད་པ། གསུམ་དུ་རང་ལ་སྙིང་རུས་ཏེ་འདི་གསུམ་ལས་མ་འདས་སྙམ། འདི་ནི་འབྲོམ་གྱི་རྣམ་ཐར་ལ་མཇལ་བས་ཤེས། 
    སྤྱིར། བླ་མ་ཞིག་བསྟེན་པར་འདི་གསུམ་ངེས་པར་ཚང་དགོས་འདུག ཞབས་ཏོག དད་པ། སྙིང་རུས། འདི་གསུམ་ནི་འབྲོམ་སྟོན་པའི་རྣམ་ཐར་ལས་གསལ་པོར་མཐོང་ཐུབ། འབད་པ་ཆུང་ངུ་ཙམ་གྱིས་ཚོགས་རླབས་པོ་ཆེ་གསོག་ནུས་པའི་དགེ་རྩ་ཁྱད་པར་ཅན་དེ། བླ་མར་ཞབས་ཏོག་བསྒྲུབ་རྒྱུ་དེ་རེད། དགེ་བཤེས་སྟོན་པས་བླ་མ་ལ་ཟང་ཟིང་གི་མཆོད་པ་འབུལ་བ་དང་། བསྙེན་བཀུར་ལ་ཤིན་ཏུ་གཟབས་ཏེ། ལོ་རྒྱུས་སྨྲ་བ་དག་གིས། “དགེ་བཤེས་འབྲོམ་གྱིས། རང་གི་རྐང་བ་མ་བཏང་བ་མ་གཏོགས་རྟག་ཏུ་ངུ་དང་ཁྱད་ལས་མེད”ཅེས་ཟེར། དེ་ནི་ཡིན་ཀྱང་སྲིད། སྤྱིར། བླ་མའི་ཞབས་ཏོག་བྱེད་པ་འདི། བླ་མ་དེ་ལ་འདོད་པ་མི་མངའ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བས་བྱ་དགོས་པ་ཞིག་རེད་འདུག་གོ།
    སངས་རྒྱས་ཉིད་ཀྱི་ཞལ་ནས། “དད་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།། ས་བོན་མེ་ཡིས་ཚིག་པ་ལས།། མྱུ་གུ་སྔོན་པོ་ཇི་བཞིན་ནོ།།”ཞེས་གསུངས་པ་ལྟར། དད་པ་ནི་ཤིན་ཏུ་གལ་ཆེ། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་རྩ་བ་དད་པ་ལ་བརྟེན་ནས་སྐྱེ་བས་སོ།། དེ་བཞིན། རྗེ་བཙུན་མི་ལས་བུ་རས་ཆུང་རྡོར་གྲགས་རྒྱ་གར་དུ་འགྲོ་བར་སུམ་ཚན་བདུན་གྱི་གྲོས་སུའང་དགོས་པ་རྣམ་གསུམ་གྱི་ནང་དུ་དད་པ་བསྟན་ཡོད། དེ་བས། ཆོས་ཀྱི་མིག་ཏུ་བསྔགས་པ་དད་པ་ཡིན་ལ། དད་པ་མེད་ན་ལོང་བ་ལྟ་བུའོ
    སྙིང་རུས་ཇི་ལྟར་མཛད་ཚུལ་ནི། ཀུན་ལ་རྒྱུས་མངའ་ཆེ་མོད། ཐོག་མར་སློབ་གཉེར་ལ་སྙིང་རུས། བར་དུ་ཆོས་ལ་སྙིང་རུས། མཐའ་མར་གདན་ས་ལ་སྙིང་རུས་བསྐྱེད་ཚུལ་སོགས་ལ་ཞིབ་ལྟ་ཞིག་བྱས་ཚེ། རང་གི་མི་ཚེའི་གྲུབ་འབྲས་ཀྱིས་རང་ཉིད་ལ་ཡིད་ཚིམ་པའི་སྣང་བ་ཞིག་གཞི་ནས་འབྱུང་དུ་མེད་པ་ཤེས། དམ་པ་གོང་མའི་སློབ་གཉེར་གྱི་ཚུལ་དང་། དཀའ་སྤྱད་ཀྱི་ཚུལ་སོགས་ཀྱིས་སེམས་རྒྱུད་ཡོངས་སུ་གཏམས་པར་གྱུར་ཏོ།།
    གཞན། རང་གིས་རང་ལ་འདི་ལྟར་འདྲི་སྟེ། རྣམ་ཐར་འདིའི་ལེའུ་ཚན་སོ་བརྒྱད་ལས་ཆེས་སེམས་འགུལ་ཐེབས་པའི་ལེའུ་ཚན་གསུམ་འདེམ་དགོས་ཟེར་ན། གཅིག དབུས་གཙང་གཡོ་བར་བྱས་པའི་འཕྲིན་ཡིག གཉིས། གར་འགྲོ་གཏོལ་དང་བྲལ་བའི་གདམ་ཀ གསུམ། སློབ་མ་གསུམ་གྱི་གནས་ཚུལ་ཐོས་པའི་གུས་པ་བཅས་སོ།། 

རྗོད་བྱེད་ཚིག་གི་རང་བཞིན། 

    རྣམ་ཐར་འདིའི་བྱུང་བ་ངོ་མཚར་ཞིང་། ཚིག་གི་རྩལ་ཡང་རབ་ཏུ་མཐོ་བས། ཀློག་པ་པོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་ཅིང་། བཀླགས་པ་ཙམ་གྱིས་ཐམས་ཅད་ལ་དགའ་བ་བསྐྱེད་པའི་བསྟན་བཅོས་ཤིག་རེད་འདུག རྣམ་ཐར་རྩོམ་པ་པོའི་ཞལ་ནས། “ཉི་མ་ལྟ་བུའི་དགེ་བསྙེན་ནི་བོད་ཀྱི་དེང་རབས་ལྷུག་རྩོམ་རྣམ་ཐར་ཐོག་མ་ཡིན་ཞིང་། ཁ་གསལ་ཞིང་གོ་སླ་བ། རྩོམ་ཉམས་ཆེ་ཞིང་བཀླག་འདོད་སྤྲོ་བས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྲོམ་གྱི་རྣམ་ཐར་ཡོངས་སུ་བརྗོད་པ་ཞིག་ཡིན།” ཞེས་གསུངས་པ་ལྟར། རྣམ་པ་གསར་པའི་སྒོ་ནས་སྔོན་གྱི་དམ་པའི་རྣམ་ཐར་བྲིས་པ་འདི། ཧ་ཅང་གལ་ཆེ་བར་མཐོང་།
    རྣམ་ཐར་རྩོམ་རིག་ནི་ཆོས་ཀྱི་ཆེད་དང་། གདུལ་བྱའི་ཆེད་དུ་ཡིན་པས་འདི་ལ་ཐུན་མོང་མ་ཡིན་པའི་བརྗིད་ཉམས་ཤིག་ལྡན་མོད། དེ་བས་ཀྱང་། འདི་ནི་མི་ཚེ་གཅིག་གི་འདུན་མ་ཆོས་ཀྱི་སྤྲོ་དགས་བསུས་ཡོང་པའི་འབྲོམ་སྟོན་པའི་རྣམ་ཐར་རེད། འདི་ཉིད་བཀླག་ན་བཀའ་གདམས་པའི་གྲུབ་མཐའ་ལ་གོ་བ་དང་། བཀའ་གདམས་དགེ་བའི་བཤེས་གཉེན་རྣམ་པ་ག་འདྲ་ཞིག་ཡིན་པ། དོན་དམ་པའི་ཆོས་པ་ཟེར་བའང་འདི་ནས་མཇལ་ཐུབ་བོ།།

མཇུག་གཏམ། 

    མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་དང་། ཇོ་བོའི་འཕྲིན་ལས་འདེགས་མཁན་གཙོ་བོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་གཉིས་ཀྱི་ཡོན་ཏན་མ་ལུས་པ་སུས་ཀྱང་མི་རྟོགས་ཤིང་བརྗོད་པར་མི་ནུས་ཀྱང་། མོས་པ་གཙོར་བྱས་ཏེ་རྣམ་ཐར་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བཀླགས་པའི་སྐལ་བཟང་འདི་གང་གིས་ཀྱང་མཚོན་མི་བཏུབ། དེ་བས། སྔོན་བྱོན་སྐྱེས་མཆོག་ཆེན་པོ་ཁོང་གི་རྣམ་ཐར་ལ་བག་ཆགས་སམ། རང་གི་ཚོགས་བསག་པའི་སླད་དུ་རྟོག་ངོར་གང་ལུས་པ་དེ་འདིར་བཀོད་པ་ཙམ་མོ།།

@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།



 

ཕྱིར་མིག




རེག་ཟིག

1 «ཟིང་ལོང་རྡེའུ་འགྲེམས»གི་དཔེ་ཀློག་ཟིན་བྲིས།

2 «རང་གྲོལ་ཞིབ་འཇུག»གི་དཔེ་ཀློག་ཟིན་བྲིས།
3 «སྡེབ་སྦྱོར་རིག་པའི་སྲོལ་འབྱེད་དབྱངས་ཅན་ངག་གི་རོལ་མཚོ»

4 སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཀྱི་མཚན་བྱང་རགས་བཏུས།
5 དཔེ་ཀློག་ཟིན་བྲིས་སྟབས་བདེ་འབྲི་ཚུལ། ༼༡༽
6 དཔེ་ཀློག་ཟིན་བྲིས་སྟབས་བདེ་འབྲི་ཚུལ། ༼༢༽
7 དཔེ་ཀློག་ཟིན་བྲིས་སྟབས་བདེ་འབྲི་ཚུལ། ༼༣༽
8 «གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད»

9 གྲོགས་པོའི་ཚོམས་ཞེས་པའི་དཔེ་ཀློག་ཟིན་བྲིས།

10 «སྐོམ་སེལ་བདུད་རྩིའི་ཆུ་རྒྱུན»གྱི་དཔེ་ཀློག་ཟིན་བྲིས།

11 «བུ་སྟོན་ཆོས་འབྱུང»ལས་བྱུང་བའི་ལོ་པཎ་གྱི་མཚན་ཐོ།

12 «ཅོ་ནེའི་བསྟན་འགྱུར་དཀར་ཆག»ལས་བྱུང་བའི་ལོ་པཎ་གྱི་མཚན་ཐོ།

13 ཏཱ་ལའི་བླ་མ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས།

14 «བརྩམས་སྒྲུང་གི་རྩོམ་ལུས་དང་དོན་བརྗོད་སྒྲིག་གཞི་ལ་དཔྱད་པ»

15 སྒྲུང་ཐུང་བསྡུས་དེབ«སྒེའུ་ཁུང་གི་ཕྱི་རོལ»བཀླགས་ཚོར།

16 འགྱན་སངས་ཀྱི«སློབ་ཆེན་གྱི་དགེ་རྒན»ཞེས་པའི་རེག་ཟིག

17 «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»གླེང་བ།

18 «འཇིག་རྟེན་བསྐྱར་བརྟགས»བཀླགས་པའི་མྱོང་ཚོར།

19 ༢༠༢༡ལོའི་དཔེ་ཀློག་ཟིན་ཐོ། ཁྱུང་ཐར་རྒྱལ།

20 «རྨི་ལམ་གྱི་དཔྱད་འགྲེལ»བཀླགས་པའི་མྱོང་ཚོར། 

21 «བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང»ངོ་སྤྲོད།

22 «ས་རུབ་ཁའི་སྙན་ངག»གི་ཕྲན་དཔྱད། སྒྲེན་པོ།

23 གཞོན་ནུ་སྙན་ངག་པ་ཁེར་བུའི་སྙན་ངག་བཀླགས་པ། སྒྲེན་པོ།

24 དོན་བརྗོད་སྙན་ངག«སྦྲང་ནག»ཅེས་པའི་ཀློག་འགྲེལ། སྒྲེན་པོ།

25 རྟོགས་བརྗོད་དག་སྣང་གི་ལུང་འདྲེན་ཚིགས་བཅད་སྐོར།

26 དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་ཚིགས་བཅད་མ།

27 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༡༽ སྒྲེན་པོ།

28 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༢༽ སྒྲེན་པོ།

29 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༣༽ སྒྲེན་པོོ།

30 དེབ་དཀར་གྱི་བར་སྐབས་ཚིགས་བཅད་སྐོར།

31 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༤༽ སྒྲེན་པོ།

32 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༥༽ སྒྲེན་པོོ།

33 «དཔའ་ལུང་རུ་མང་ཚོ་བའི་ལོ་རྒྱུས»རྩོམ་མཁན་རྣམས་ལ་ཕུལ་བ།

34 ཀླུ་སྒྲུབ་དགོངས་རྒྱན་གྱི་བར་སྐབས་ཚིགས་བཅད་སྐོར།

35 ཨུ་རུ་སུའི་རྩོམ་རིག་སྟེང་གི་རྣམ་པ་རིང་ལུགས་གླེང་བ། སྒྲེན་པོ།

36 ཚེ་རིང་རྡོ་རྗེ་དང་གླིང་སྒྲུང་སུམ་བརྒྱའི་པར་སྐྲུན་སྐོར། ‍‍‍‍‍‍‍‍

37 བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་གསེར་རིའི་འཕྲེང་བ།‍‍‍‍‍‍‍

38 སྙན་ངག་པ་ཚྭའི་སྙན་ངག་གི་བཀླགས་ཚོར། སྒྲེན་པོ།‍‍‍‍

39 མི་ཆོས་གཙང་མ་བཅུ་དྲུག་སྙིང་གི་ནོར། གཅོད་པ་དོན་གྲུབ།

40 ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་མཛད་རྣམ་ཚིགས་བཅད་མ།

41 ཀུན་གཟིགས་པཎ་ཆེེན་སྐུ་ཕྲེང་བཅུ་པའི་མཛད་འཕྲིན་རགས་བསྡུས།‍‍‍‍‍‍‍

42 ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང«གཉེན་སློང»གི་བཀླགས་ཚོར།‍‍

43 པོ་ཏི་སྨུག་ཆུང་གི་མཇུག་བྱང་ཚིགས་བཅད་མ།

44 བིས་པ་མི་ཕམ་ཟླ་བ་དང་གེ་སར་བསང་ཡིག

45 ཡུམ་ཆེན་བསོད་ནམས་སྒྲོལ་མའི་མཛད་འཕྲིན་མདོར་བསྡུས།

46 བཤེས་གཉེན་བསྟོད་ཚོགས་ཀྱི་ཁྱད་ཆོས་གླེང་བ།

47 སོན་འབྲུ་ཞེས་པའི་སྙན་ངག་གི་ཕྲན་དཔྱད། སྒྲེན་པོ།

48 «དུས་མཐའི་འཁྱམ་སྐྱོད»ཅེས་པའི་བཀླགས་ཚོར། ‍‍‍‍‍‍‍‍‍‍‍‍‍

49 «ཐོས་པ་དགའ»བཀླགས་པ། ཀྱེ་ཕུར་མཆོག་གསུམ།

50 «དབུས་ལམ་རིང་མོ»བཀླགས་པ།


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།



གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章