[ལྷུག་རྩོམ] ཁྱོད་བལྟས་པས་འཇིག་རྟེན་གྱི་སྒོ་གླེགས་སེམས་ཀྱིས་ཕྱེས།

教育   2025-01-05 11:30   甘肃  





ལྷུག་རྩོམ་པདྨའི་ཟེའུ་འབྲུ།‍‍‍






    ཉིས་སྟོང་ཉེར་གཉིས་ལོའི་དཔྱིད་ཟླ་ར་བ་དེ་ནི་ངེད་ཀྱི་དྲན་པའི་ཡོལ་གོ་རུ་ཆགས་པའི་གཏམ་རྒྱུད་ཀྱི་རེག་ཟིག་ཅིག་ལགས། དེ་ལྟ་ན་ང་ནི་དཔྱིད་ཟླ་དེ་གའི་མགྲོན་པོར་གྱུར་ཡོད་ལ། ཁྱེད་ཀྱང་ང་ཡི་སྙིང་ཁར་འབུས་པའི་གསར་བཞད་ཀྱི་མེ་ཏོག་རྐང་གཅིག་ཅི་ལ་མིན། ཁྱེད་རང་ཁོ་བོའི་ཉེ་འགྲམ་དུ་ལྷགས་ཏེ། སྙིང་གཏམ་ཤབ་ཤུབ་སྨྲ་ཞིང་སེམས་ཁོང་ལ་རི་རབ་ལྟར་ལྕི་བའི་གདུང་སེམས་གྲངས་མེད་སྤུངས་རྗེས། གློ་བུར་དུ་ཤུལ་མེད་རྗེས་མེད་དུ་གྱུར། ཁོ་བོས་ད་དུང་ཅི་ཞིག་དྲན་བཞིན་ཡོད། གཏམ་རྒྱུད་ལ་གཏམ་རྒྱུད་བརྒྱུས་པའི་ཨ་ལོང་བཞིན་གྱི་གཏམ་རྒྱུད་དེ་དག་ཡིན་ནམ། སླར་ཡང་རྒྱུས་ཡོད་ཀྱི་གོམ་སྒྲ་ཡང་མོ་ཞིག་ཉི་འོད་ཀྱི་ཕྱོགས་ནས་ང་ཡི་རྣ་ལམ་དུ་འཁོར་ཡོང་། གཡོ་བ་མེད་ཅིང་འཆོར་བ་མེད་པའི་ཁོ་བོའི་མིག་ཞགས་དམ་པོས་ཁྱེད་ཀྱི་གཟུགས་བརྙན་ལ་དཀྲིས་གསུམ་བརྒྱབ་སྟེ་རང་གི་མདུན་དུ་འཐེན། སྐབས་དེ་དག་ལ་མགོ་བོ་ཡང་དགྱེ་མི་ཐུབ་པའི་རང་ཉིད་ཇི་འདྲའི་ཉམ་ཆུང་ཞིག་རེད་ཨང་། སྐྱེ་བ་སྔོན་མ་ཞིག་ལ་བརྩེ་དུང་གི་བུ་ལོན་ཅི་ཞིག་གིས་ང་རང་མནར་དྲགས་སོང་བ་འདྲ། ཕྲལ་ཡུན་གང་ཞིག་ཡིན་རུང་ངས་ཁྱེད་རང་སྙིམ་པར་འཆིང་ནས་མཐོ་ནས་མཐོ་རུ་གདེག་འདོད་པ། ང་ཡིས་སུ་ལའང་མ་བཤད་པའི་གསང་གཏམ་འབའ་ཞིག་ཏུ་གྱུར་ཡོད།

   རྗེས་ནས། ང་རང་ཕ་ཡུལ་དུ་ལོག་སོང་། འབྲལ་མི་བཏུབ་པའི་མིག་ཆུ་རྡོག་གཅིག་བྲང་ཁར་ཟགས་པ་དེ་ནི་ང་ཡིས་མི་ཚེ་འདིར་བརྩེ་དུང་ལ་བཅངས་པའི་ཟོལ་མེད་ཀྱི་འདུ་ཤེས་ཡིན་པ་གསལ་བོར་ཤེས་ཡོད། ང་རང་ལམ་ལ་ཆས་ཁར། ཁྱེད་ཀྱིས་ས་ཐག་རིང་བོ་དེ་ནས་རྐང་པ་བརྒྱབ་སྟེ། བཟའ་བཅའ་སོགས་མགུ་གང་བ་ཞིག་ལག་པར་བསྣམས་ནས་ང་ལ་བསྐྱེལ་མ་བྱས། ད་དུང་ཡང་ངས་བརྗེད་ཐབས་བྲལ་བ་ནི་སྐབས་དེ་དག་ཏུ་ཁྱེད་ཀྱི་རྐང་ཆུང་ལ་ཆུ་བུར་བརྒྱབ་ནས་བགྲོད་ཐབས་བྲལ་ནའང་། ཁྱེད་ཀྱིས་སྔར་བཞིན་ཨམ་གཙིགས་བསྡམས་ཏེ་གཞུང་ལམ་གྱི་འགྲམ་དུ་ང་རང་བསྐྱལ་མྱོང་བ་དེ་རེད། རླངས་འཁོར་གྱི་འགྲོས་མགྱོགས་ཏེ་སྐད་ཅིག་ཙམ་གྱིས་ཁྱེད་རང་ལེ་དབར་གཅིག་གི་ས་རུ་བསྐྱུར་བྱུང་ནའང་ཕྱི་མིག་ལྟ་ཐེངས་རེ་རེར་ཁྱེད་ཀྱི་གཟུགས་བརྙན་དེ་གསལ་ལ་མི་གསལ་བར་གྱུར་པས། ལམ་ཁར་ཡན་པའི་གཟུགས་བརྙན་ཁེར་རྐྱང་དེ་ནི་ང་ཡིས་ཉིན་མཚན་མང་པོར་སེམས་པ་སྨེང་བྱེད་ཀྱི་རྒྱུ་རུ་གྱུར་ཡོད་དེ། ད་ལྟའི་བར་དུ་ཡིད་རྨུགས་ཏེ་མིག་ཆུ་བྱོ་བ་དང་སེམས་སྡུག་སྟེ་གླེན་རྟགས་བགྱིད་པར་ཆགས། ཡང་ན། ང་ཡིས་བློས་གཏོང་མི་བཟོད་པའི་ཕྱི་མིག་གི་ཉམས་སྣང་དེས་གྲོགས་པོ་ཚོས་འཚར་སྣང་དང་འུར་གཏམ་བསླངས་བྱུང་བ་ཡིན་ནམ་ཅི་སྟེ། དགོད་སྒྲ་དང་འུར་གཏམ་མང་བོའི་བར་ནས་ཀྱང་ང་ཡིས་སྐད་ཅིག་གི་བློ་སེམས་གཡེང་མ་ཕོད། 
    ང་རང་ཕ་ཡུལ་དུ་ཆས་ཤུལ་ནས། ཁྱེད་ཀྱི་སེམས་པ་ནམ་ཡང་ཁོ་བོའི་ཕྱོགས་སུ་ཤོར་ཡོད་དེ། ནམ་ཞིག་ཁོ་བོ་དང་ལྷན་དུ་དམ་པོར་འཁྱུད་དེ་དྲན་གདུང་གི་སྡུག་ཡུས་དེ་དག་རེ་རེ་བཞིན་བྱོ་འདོད་པར་གོར་མ་ཆག དེ་ལྟ་བཞིན་དུ་ཁོ་བོ་ཁེར་རྐྱང་དུ་གྱུར་ཡོད་དེ། ཁྱེད་ཀྱིས་ཀྱང་ང་ལས་ལྷག་པའི་ཁེར་རྐྱང་གི་ན་ཟུག་ཅིག་ནང་སེམས་སུ་བསྒོམ། ཕན་ཚུན་ལ་དགའ་དྲགས་པའི་གཏམ་རྒྱུད་དེ་ནི་ཅི་བས་སྙིང་དུ་སྡུག དང་ཐོག་ང་ཡིས་ཁྱེད་ལ་སེམས་གཏམ་བཤད་ནས་མཚན་མོ་གང་མང་ཞིག་བསྐྱལ་ཡོད་པ་ཤ་སྟག་ཡིན། ཁྱེད་ཀྱིས་ཀྱང་ང་ཡི་སེམས་གཏམ་དེ་དག་རང་གི་སེམས་ཀྱི་ཟབ་སར་སྦུས་ཡོད། ད་དུང་། ཁྱེད་ཀྱང་ང་དང་འདྲ་བར་ཆ་མི་མཉམ་པའི་རྒྱས་ཤོམ་དེ་དག་ལས་རིང་དུ་གྱེས་མོད། ང་དང་འདྲ་བར་རང་ཉིད་དགའ་སའི་དངོས་པོ་དེ་དག་ལ་ཤིན་ཏུ་གོམས། དཔེར་ན། “ལྷམ་ཡུ་རིང” “གོང་ཁ་བྱ་སྤུ་ཅན་གྱི་དགུན་ལྭ”ད་དུང་ཡང་ང་རང་དགའ་སའི་བོད་ཀྱི་སྒྱུ་རྩལ་པ་དེ་དག་ལ་དགའ་བའང་གཅིག་མཚུངས་ཀྱི་གྲས་སུ་ཚུད་འདུག དེ་ལྟར་ཕན་ཚུན་གྱི་དགའ་ཕྱོགས་གཅིག་ཏུ་ཆགས་ཤིང་། ཕན་ཚུན་གྱི་སེམས་པ་རིང་ནས་འདྲིས། དེ་ནི་ངེད་གཉིས་ཀྱི་ལོ་ཟླའི་མྱོང་བ་དང་སེམས་ཚོར་ཡིན་ཞིང་། ཁེར་རྐྱང་གི་ལོ་ཟླ་མང་པོའི་ཉིན་མཚན་གྱི་དྲན་པ་ཡིན།
    ངས་ད་དུང་འུ་གཉིས་ཀྱི་གཏམ་རྒྱུད་དག་མུ་ནས་མུར་གླེང་དགོས་སོང་འདྲ་སྟེ། གསོག་གསོབ་ཀྱི་ཚིག་ཉོག་འགའ་ཕྱོགས་གཅིག་ཏུ་སྤུངས་བ་གཏན་ནས་མིན། ལགས་ཏེ། ཁྱེད་ལ་གཞན་དྲིང་འཇོག་མི་དགོས་པའི་འཚོ་བ་ཞིག་ཡོད་ངེས་ཏེ། འབོལ་འབོལ་ལྷུག་ལྷུག་གི་འཚོ་བའི་གོ་རིམ་དེ་ནི་ཁྱེད་ཀྱི་འཇོན་ཐང་དང་ནུས་པ་ལགས། ཁོ་བོའང་གཟུ་ལམ་འོལ་ཚོད་ཀྱི་བྱ་བ་དེ་དག་ལ་ཡེ་ནས་མི་དགའ་ཞིང་། ཁྱེད་ཀྱི་གམ་ནས་རང་གིས་ཅི་ཞིག་ལ་བརྩོན་དགོས་པ་དང་ཅི་ཞིག་རྒྱང་ལ་སྤྱུགས་དགོས་པ་རེ་རེ་བཞིན་བློ་ངོས་སུ་འཇགས།
    རེད་དེ། བྱ་བའི་གཞན་དབང་གི་བདག་འཛིན་ནུས་པ་དེ་ཁྱེད་ལ་གསལ་ཏེ། ཁོ་བོ་གཞི་རིམ་གྱི་སྲིད་གཞུང་སྡེ་ཁག་ཏུ་ཆས་པ་ཡིན་མོད། ཡིད་ཕངས་བ་ཞིག་ལ་དེ་ནས་བཟུང་འོ་ཆུ་བཞིན་འདྲེས་པའི་བརྩེ་དུང་དེ་ཁད་ཀྱིས་ཡན་གར་དུ་གྱུར། མཚམས་རེར་གྲོང་ཁྱེར་དེ་གའི་ཟང་ཟིང་གི་ཀློང་དུ་འཕྱན་ནས་སྣང་བ་རྒོད་པོར་གྱུར་ལ། ལན་རེར་ཨ་རག་གིས་བད་དེ་ལང་ཚོ་དང་། རྨི་ལམ། མཚར་སྡུག་མང་བོ་ཞིག་གཙང་གཞུང་བརྒྱུད་ནས་རིང་དུ་ཁུར་ཚར། དེ་དུས་ཁོ་བོས་རང་ཉིད་ཁེར་རྐྱང་ཡིན་པ་ཚོར། སེམས་སུ་དྲན་བཞིན་པ་ནི་འཆར་ཡན་དང་སྟོང་འདང་ལས་བྱུང་བའི་འཇིག་རྟེན་ཞིག་ཡིན་ནམ།
    རྒྱང་རིང་ལ་བཞུར་ཅིང་ཡལ་བའི་ཤུལ་ན། ཁུ་སིམ་མེར། ཁོ་བོས་སུ་ལ་སྒུག འོན་ཀྱང་། སྒུག་སྒུག་པའི་མཐའ་མར་ཡོད་ཚད་ཤོར་འགྲོ་བར་ཡིད་མི་ཆེས་ཤིང་། ཤོར་ཟིན་པ་དག་ཀྱང་ཚེ་སྲོག་དམར་པོས་སྐས་རྡང་བསྒྲིགས་ཏེ་ཕྱིར་ཉོ་མི་བཏུབ་པ་འདི་ཅི་ཡིས་ལན། ཁོ་བོས་ཁྱེད་ཀྱི་ཁ་ཚིག་དང་འཛུམ་དཀར་གྱི་ངོགས་ནས་དྲང་བདེན་དང་ཟོལ་མེད་ཀྱིས་བསྐྱལ་བའི་ལོ་ཟླ་འཇམ་པོ་ནི། ཉིན་ཞག་དེ་དག་གི་དུས་སྐར་ཡོད་ཚད་ཡིན། ལོ་ཟླ་དང་དུས་ཚིགས་ཀྱི་སྣེ་མོར་སླེབས་དུས། སུ་ཞིག་ཞེན་མེད་ཆགས་མེད་ངང་བྱིའུ་ཆུང་ལྗོན་རྩེ་ནས་འཕུར་བ་བཞིན། གློ་བུར་དུ་རང་ལ་ཅི་ཡིན་འདི་ཡིན་མེད་པའི་བར་ཐག་ཅིག་བསྐྱུར་དུས། ཁོ་བོས་ད་དུང་ཡང་སུ་ཞིག་གི་ཕྱི་མིག་ལ་རེ་ཞིང་སྒུག
    གང་ལྟར། ཟང་ཟིང་འཇགས་རྗེས་ཀྱི་ལྷིང་འཇགས་ཤིག་དང་། ཚུལ་འཆོས་དོར་རྗེས་ཀྱི་རྣལ་མ་ཞིག  ངལ་དུབ་རྗེས་ཀྱི་དབུགས་དབྱུང་ཞིག་ང་ལ་ཅིས་ཀྱང་མཁོ་སྟེ། ཁོ་བོས་ཁྱེད་ལ་བྲིས་པ་དེ་དག་ནི་མི་ཚེའི་ཁེར་རྐྱང་གི་ཟིན་བྲིས་ཙམ་ལས་མ་འདས། འཚོ་བའི་འུར་ཟིང་ཅི་འདྲ་ཆེ་ཡང་། གཟུགས་སྒྲ་དྲི་རོ་ཡི་རེག་བྱའི་ལོངས་སྤྱོད་ཅི་འདྲ་ཕུན་སུམ་ཚོགས་ན་ཡང་། ཆེས་མཇུག་མཐར་ཁོ་བོའི་འཚོ་བ་ནི་དགོང་ཀའི་ཉི་ནུབ་ཀྱི་ཟེར་མ་དང་མཚུངས་སྙམ། གྲང་ཤུར་ཤུར་གྱི་དགུན་ཁ་དེའི་མཁའ་དབུགས་ཀྱིས། ང་ལ་རྫོགས་མཐའ་མེད་པའི་སྐྱོ་སྣང་ཞིག་བསྣན་འོངས། ཁོ་བོ་ལས་ཁུངས་ཀྱི་སྒོར་བུད་ཅིང་། ལྗིད་ཏིག་ཏིག་གི་གོམ་ཁ་གཡས་ཕྱོགས་སུ་ག་ལེར་བསྒྱུར། ཁོ་བོའི་སེམས་ཁོང་ལ་ཡང་བསྐྱར་སྨྲ་མི་ཤེས་པའི་གྲང་འདར་ཅིག་བརྒྱབ། སྐབས་དེར། གཞི་རིམ་གྱི་ས་གནས་ཁག་གིས་ལས་གནས་བརྟན་སྲུང་གི་མི་སྣ་རེ་རེ་བཞིན་གསལ་བོར་བྱས་རྗེས། ཟླ་ངོ་ཙམ་གྱི་ངལ་གསོ་བཏང་སོང་བ་རེད། ཕྱི་ཉིན་ནས་ང་རང་གནའ་མཁར་ཟི་ལིང་དུ་ཆས་ཤིང་། ཁྱེད་ལ་ལྷན་འཛོམ་ཐེངས་ཤིག་བྱ་འདོད་ཀྱི་དྲན་པ་དེ་དག་རེ་རེ་བཞིན་སེམས་པར་ཉར་ཏེ་ཆས་སོང་ལགས།
    ཆ་ཡོད་རྒྱུས་ཡོད་ཀྱི་ས་ཁུལ་དེ་ནས་ཁོ་བོས་ཁྱེད་ཀྱི་རྒྱབ་གཟུགས་དེ་ནན་གྱིས་འཚོལ། སེམས་གཏམ་ཤབ་ཤུབ་དང་ལག་འཇུ་དམ་པོ་དེ་ཡིད་ལ་འཁོར་ནས་མིག་ཆུ་ཉིལ་ཉིལ་དུ་འབབ། དངོས་གནས་བཤད་ན་ཁོ་བོས་ཀྱང་ཁྱེད་རང་སེམས་ཀྱི་འབབ་ཚིགས་གཅིག་པུ་ཡིན་པ་བསམ་ཡོད་དེ། མཚན་མོ་རེ་རེར་སེམས་ཀྱི་ན་རྐྱེན་འདི་དག་གི་འབྱུང་ཁུངས་ཡོད་ཚད་ཀྱང་ཁྱེད་ཀྱི་ཆེད་དུ་ཡིན་པ་ཤེས་ཡོད། ཁྱེད་ཀྱི་བརྩེ་དུང་དང་དགའ་བ་ཡིན་པའང་ཚོར།ཟི་ལིང་གི་མཁར་ནུབ་ནས་སྤྱི་སྤྱོད་རླངས་འཁོརT2མཐོང་ཐེངས་རེར། ཁོ་བོའི་སེམས་ཀྱི་ན་ཟུག་སྔར་ལས་ལྕི། དགོང་ཀ་རེ་རེར་ཁོ་བོས་ཁྱེད་རང་ཁྲིད་ནས་གནས་དེ་ག་ནས་ཁྱིམ་དུ་ལོག་པ་རེད། ཁྱིམ་དུ་ལོག་པའི་བར་གླགས་དེ་ནས་ངེད་གཉིས་ཀྱིས་སྙིང་གཏམ་གང་མང་ཞིག་བཤད་མྱོང་སྟེ། མ་འོངས་པའི་ཁྱིམ་གཞི་དང་འཚོ་བའི་ཁ་ཕྱོགས་སོགས་རེ་རེ་བཞིན་བཤད་མྱོང་། ངེད་གཉིས་ཀྱིས་འདི་ལྟར་འཇིག་རྟེན་མཐུན་འཇུག་གི་གཏམ་རྒྱུད་མགོ་བརྩམས་པ་ལགས་སོ།། 
    སྐད་འཕྲིན་གྱི་བར་སྟོང་ནས་ཁོ་བོས་ཁྱེད་ཀྱི་བྲེལ་ཟིང་གི་བྱ་བ་དང་ཉིན་རྒྱུན་གྱི་འཚོ་བར་སེམས་ཀྱིས་མྱུལ། ཁྱེད་རང་མཐོང་ཐེངས་རེར་ཁྱེད་ཀྱི་བྲེལ་ཟིང་གི་གནས་ཚུལ་དེ་ལས་ང་ལ་བཤད་མི་ཤེས་པའི་ཚོར་འདུ་ཉིས་བརྩེགས་ཤིག་གློ་རྡེག་སྦྱིན། དངོས་གནས་ཁྱེད་རང་དལ་དུ་འཁོད་པ་ཞིག་ཡེ་ནས་མེད། ཁྱེད་ཀྱི་ངལ་འབྲས་ཏིལ་ཙམ་མི་ཆུང་བས། ཁྱེད་ཀྱིས་བཤད་པ་བཞིན་ང་ཚོ་སྐྱེས་པ་ནས་རྒ་བའི་བར་དུ་ནམ་ཡང་དལ་དུ་འཁོད་པ་ཞིག་བྱེད་མི་རུང་ཟེར་བ་དེ་ནི་ད་ཆ་མནོ་བསམ་ཞིབ་ཏུ་བགྱིས་ན་ལེགས་བཤད་ལས་ཀྱང་ལེགས་བཤད་ཅིག་ཏུ་འཁུམས། མཚན་མོ་ཞིག་ལ་ཁོ་བོས་སྔར་བཞིན་སྒྲོག་ཙེའི་སྒང་དུ་མདང་དགོང་འཐུང་འཕྲོར་ལུས་པའི་ཆང་རག་གི་ཤེལ་དམ་ལ་འཇུས་ཏེ། གློག་འོད་མོག་མོག་གི་འོག་ནས་ཁྱེད་ལ་བརྡ་འཕྲིན་ཞིག་འབུལ་ཐུབ་པ་བྱུང་། ཁྱེད་ཀྱིས་ལན་ཞིག་ཨེ་ཡོང་སྙམ་པའི་སེམས་པ་དེ་ལྷོད་ལ་འབབ་དཀའ་བར་གྱུར། ཕྱི་ཉིན་ཞོགས་པར་ཁོ་བོས་ན་ཟུག་གང་མང་ཞིག་གི་ཟུག་རྔུ་དེ་ཁད་ཀྱིས་རང་སེམས་ནས་ཕྱི་རུ་སྒྲོག་ཞོར་ཕྱིར་ཕ་ཡུལ་དུ་བརྟོལ། ཁོ་བོའི་སེམས་ཀྱི་ག་ཤེད་ཅིག་ཏུ་ཟུག་གཟེར་བཟོད་དུ་མེད་ཞིག་ལངས་ཡོང་། འདི་ནི་དངོས་གནས་མི་ཞིག་ལ་དགའ་དྲགས་པའི་རྟགས་སུ་འཁུམས།
    གནམ་གང་གི་མཚན་མོར། ཁོ་བོས་ཁྱེད་ཀྱི་་སྐྱེས་སྐར་ལ་སྒུག་ནས་ཡུན་རིང་འགོར། མི་རྣམས་ལོ་སར་ལ་བྲེལ་པའི་བར་གླགས་ནས། ང་རང་སྐྱེེས་སྐར་གྱིས་སྒུལ་ནས་ཡུན་རིང་ཕྱིན། སྐབས་རེར་ཁོ་བོའི་ཁ་པར་དུ་ཁྱེད་ཀྱིས་བསྐུར་བའི་བརྡ་འཕྲིན་གང་མང་ཞིག་འབྱོར་ཡོད་དེ། བརྡ་འཕྲིན་དེ་དག་ཀྱང་ངེད་གཉིས་ཐུག་འཕྲད་ཀྱི་ལས་སྐལ་མེད་པ་བཞིན་ཁེར་རྐྱང་གིས་འབྱོར་ཏེ་དབེན་སིམ་གྱིས་འཚེར། ང་རང་སྐྱོ་དོན་ནི་ངེད་གཉིས་ཁ་བྲལ་པ་ནས་བཟུང་ཕ་ཡུལ་གྱི་རི་བོ་འདིའི་ཉིན་སྲིབ་བཞིན་ཁ་ཁ་སོ་སོ་རུ་གྱེས་ཏེ་སླར་མཇལ་གྱི་སྐལ་བས་ཕོངས་པ་དེ་ལགས། ཁེར་རྐྱང་དུ་སྡོད་ཐབས་བྲལ་པའི་གནམ་གང་གི་མཚན་མོ་དེར་ཁོ་བོས་ཡང་སྙིང་དྲན་འོང་པ་ནི། ཁྱེད་ཀྱི་འཇམ་མཉེན་དང་དགའ་སྣང་ལས་རྙེད་པའི་བརྩེ་བ་རེད། དེ་སྔོན་ཁོ་བོས་ཁྱེད་ལ་ཁྱེད་དང་ལྷན་དུ་སྐྱེས་སྐར་ལ་རོལ་ཟེར་དུས་ཀྱི་ཁྱེད་ཀྱི་འཛུམ་མདངས་དེ་ཡིད་ལ་ཤར་ན། ང་ཡི་སྡུག་ཡུས་ཀྱི་འཁུན་སྒྲ་སྔར་ལས་ལྕི།
    འདི་ཡོད་ཚད་ནི་ཁྱེད་རང་དྲན་པའི་གདུང་བ་ལས་བྱུང་བ་ཡིན། དེ་ལྟར་བཤད་ན་ཁྱེད་རང་ཡིད་ཆེས་སམ། གང་ལྟར་ཁོ་བོས་སྔོན་ཆད་བྲིས་པའི་སྙན་ངག་དང་ཁྱེད་ཀྱི་འདྲ་པར་ལ་ཅེར་ནས་མིག་ཆུ་ཕྲོམ་ཕྲོམ་གཏོར་མྱོང་བ་བདེན་པ་ཡིན། ཁྱེད་ཀྱིས་ང་ལ་ཁྲེལ་དགོད་མི་གནང་རོགས། ང་རང་གཅིག་པུས་གཟེར་བྲེང་བྲེང་གི་སེམས་པ་སྐྱོར་ཏེ། མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ནས་ཡུན་རིང་བོར་བསྡད་ཅིང་། དེ་ནས་སླར་ཡང་སྐྱིལ་དཀྲུང་འཁོར་འཁོར་ཞིག་བཅོས་ཏེ། འགྱོད་པ་ཡང་ཡང་སྐྱེ་ཞོར་ནམ་ཞིག་ལས་སྣང་དག་ཅིང་འུ་གཉིས་ཁོ་ནར་དབང་བའི་ཁོར་ཡུག་ཆུང་ཆུང་ཞིག་གི་བགོ་སྐལ་ཡོད་ཚེ། སེམས་སྐྱ་མོས་ཁྱེད་རང་ཁོ་ན་འཚོ་ཞིང་ཁྱེད་རང་ཁོ་ན་སྐྱོར་ནས་སྐྱེ་བ་དགུ་ཡི་ཕ་རོལ་ལ་བསྒུག་དགོས་ཀྱང་འགྱོད་སྣང་ཞིག་ཡེ་ནས་མེད་ལགས། དེ་ལྟར་ཟུངས་ཟད་པའི་དྲན་སྣང་གི་སྦུབས་སུ་མངོན་འོང་བ་ནི་སྔར་བཞིན་ཁྱེད་རང་ལགས་ཏེ། ཁོ་བོའི་མི་ཚེ་འདི་ལ་དགའ་བ་དང་སྐྱོ་སྣང་བྱིན་མྱོང་བའི་ཁྱེད་རང་ལགས་སོ།།
 

@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།


ཕྱིར་མིག




ལྷུག་རྩོམ།

01 སེམས་འཕྲིན། གངས་དཀར་ལྷ་མོ།
02 འཕྲིན་ལན་ཟླ་གཉིས་ཉིན་ལྔ་མ། རླུང་ནག་འཚུབ་མ།
03 དྲན་གདུང་། འབུམ་རམས་པ་ཚེ་རྡོར།
04 སློབ་ཆེན་གྱི་དགེ་རྒན། འགྱན་སངས།
05 སྐབས་དགུ་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
06 སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
07 སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
08 སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
09 དེབ་གསར་འགྲེམ་སྤེལ་མཛད་སྒོའི་གཏམ་བཤད།
10 «ཁ་བ་སྙིང་ལྕགས་ཀྱི་བརྩམས་ཆོས་ཕྱོགས་བསྡུས»ཀྱི་འགོ་བརྗོད།
11 རྗེས་སྙེག་སློབ་མ་སྐྱོང་བའི་འབོད་སྐུལ་དང་གླེང་བརྗོད།
12 བཅོས་མིན་གྱི་ལེགས་སྐྱེས། རླུང་ནག་འཚུབ་མ།
13 ཕུགས་འདུན། དཔལ་མོ་རྒྱལ། 
14 སྦྲ་ནག་གི་གྱེས་འབོད། འཇུ་སྐལ་བཟང་།
15 རང་ཁྱིམ། འཇུ་སྐལ་བཟང་། 
16 དྲན་པས་མ་ཟིན་པའི་སྐྱིད་གྲོང་། བུ་ཚེ་རིང་རྒན་པ།
17 «བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»ཀྱི་མགོ་བརྗོད།
18 «སྦྲང་ཆར»སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་རྟེན་འབྲེལ་ཞུ་ཚིག
19 ཕྱིར་ལོག་པ། སྐད་ཅིག་མ།
20 མདོ་ཁམས་ཀྱི་དགོན་སྡེ་དང་ཡུལ་གྲུ་ཁག་ཅིག་ལ་བསྐྱོད་པ།
21 བོད་ཡིག་སློབ་འབྲིང་གི་སྨུག་པ། ཧུ་ར་འཇའ་པེ།
22 ལྷ་སའི་ཇོ་བོའི་སྐུ་སྤུན། ཁྱུང་པོ་ཚེ་རིང་།
23 རྩོམ་འབྲི་བ་དེ་ལས་སླ་བོ་ཞིག་མིན་པར་སེམས། ལྗང་བུ།
24 གཡག་རྭ་ཆག ཅོ་ནེ་ཡུམ་ཚེ་རིང་།
25 དྲན་པ་ཐར་ཐོར། ཨ་བུ།
26 སྟོང་བསམ། ལྗང་བུ།
27 ཤད་དོར་བ་ནི་དོན་ལ་ཡི་གེ་དོར་བ་རང་རེད། མེ་ལྕེ།
28 དབུ་རུ་བྱང་དང་འཕན་ཡུལ་སོགས་སུ་བསྐྱོད་པའི་བརྗེད་བྱང་།
29 བྱིས་དུས། སྐལ་རྒྱམ། 
30 ལུང་པ་ཆུང་ཆུང་ཞིག་ཏུ་འབུམ་རམས་པ28བྱུང་བ།
31 དཀར་མཛེས་གེ་སར་རྒྱལ་པོའི་ནས་ཀྱི་རིག་གནས་སྤྱི་གླིང་།
32 ཨ་མར་འབྲུག་མཚོར་མཇལ་བའི་ཟིན་ཐོ།
33 དོ་ནུབ་ངས་ཁྱེད་རང་གླེང་། 
34 བོད་ཡིག་དགེ་རྒན་འགའ་ལས་བྱུང་བའི་གོ་རྟོགས།

@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།


གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章