རྗེས་དྲན་ཡིད་ཀྱི་རླབས་ཕྲེང་།
ངའི་དིང་རི་བ།
ངའི་དིང་རི་བ།
དོ་ནུབ་ང་ཁྱེད་ཚོ་དང་སྤྱི་ལེ་ཉིས་སྟོང་ལྔ་བརྒྱའི་ས་མཚམས་ཀྱི་ཨ་མདོ་ན་ཡོད།
ངས་ནམ་མཁའི་སྐར་ཚོགས་ལ་ཅེར་ནས་མིག་ཆུ་རྡོག་གཅིག་འཕེན་པ་ལས་ཅི་ཞིག་ནུས་ཨང་།
ངས་སྟོང་བའི་མཁའ་དབྱིངས་ལ་ཅེར་ནས་སྐྱབས་འཇུག་ཐེངས་ཤིག་ཞུ་བ་ལས་ཅི་ཞིག་འཇོན་ཨང་།
ཡིན་ན་ཡང་། ངས་མཚོ་འཕང་ལྔ་སྟོང་གི་ས་བབས་དེ་མཐོང་ཡོང་གིན་འདུག
རྐང་ལ་ཟུག་ཡོང་བའི་གྲང་ངར་གྱི་རྣོ་དབལ་དེ་ཚོར་ཡོང་གིན་འདུག
མཁར་ཆག་གྱང་ཆག་འོག་ན་ད་དུང་སྐྲག་དངངས་ཀྱིས་ཅེར་བའི་མིག་ཟུང་དེ་དག་མཐོང་ཡོང་གིན་འདུག
ས་ཉིལ་རྡོ་ཉིལ་དུ་སོང་བའི་ཁང་ཁྱིམ་རེ་རེའི་ཤུལ་གྱི་ས་རྡུལ་གྱི་སྐྱོ་གཞས་དེ་ཐོས་ཡོང་གིན་འདུག
ཐལ་རྡུལ་གྱིས་ཟིན་པའི་ངོ་གདོང་རེ་རེའི་མཁུར་མགོ་ན་འཁྱག་དར་དུ་དཔྱངས་པའི་མིག་ཆུའི་ཤར་མོ་རེ་རེ་རེག་ཡོང་གིན་འདུག
དོ་ནུབ་ཅེས་པའི་སྲ་མཁྲེགས་ཨ་འཐུས་ཀྱི་མཚན་མོ་འདིའི་ཁྲོད་ན་ངའི་དིང་རི་བ་ཡོད།
ཁོ་ཚོས་འདས་པོ་དག་ལ་ཐ་ན་མར་མེ་རྐང་གཅིག་གི་སྐྱེལ་རྫོངས་ཙམ་ཡང་ཞུ་ཁོམ་བྱུང་མེད་ལ།
ཁོ་ཚོས་དད་པའི་རྟེན་རྙིང་དུ་གྱུར་བའི་མ་ཎི་འཁོར་ལོ་དེའང་རྙེད་ཐུབ་ཀྱིན་མེད།
ཁོ་ཚོས་ལུས་ཀྱི་ཤ་དྲོད་ལ་ཡུན་རིང་གླན་པའི་མལ་གོས་དྲོན་མོ་དེ་ཡང་གྱོན་ཐུབ་ཀྱིན་མེད་ལ།
ཁོ་ཚོས་རང་ལ་གདོད་མ་ནས་ཡོད་པའི་མར་རྩམ་གྱི་བྲོ་བ་ཞིམ་པོ་དེ་ཡང་མྱོང་ཐུབ་ཀྱིན་མེད།
དོ་ནུབ་ཁོ་ཚོ་ལ་ཅི་ཡང་མེད། སྨག་ནག་པའི་མཚན་མོ་ཁོ་ན་ལས་ཅི་ཡང་མེད།
ཁོ་ཚོ་ལ་ཡོད་པ་ནི་སྐྱི་གཡའ་བའི་དུས་ངེས་མེད་ཀྱི་ས་གཞིའི་གཡོ་སྐྱོམ་དེ་ཡིན།
ཁོ་ཚོ་ལ་ཡོད་པ་ནི་གྲང་ལྷག་དང་ལྟོགས་སྐོམ་གྱིས་གཙེས་པའི་འདར་སིག་སིག་གི་ལུས་པོ་དེ་ཡིན།
ཁོ་ཚོ་ལ་ཡོད་པ་ནི་གཉེན་མི་དང་བྲལ་བའི་སྨེ་ངག་དེ་དང་བླ་འཐོར་དུ་སོང་བའི་ཨུ་ཐུག་དེ་ཡིན།
དོ་ནུབ་ཁོ་ཚོ་ལ་ཅི་ཡང་མེད།
ཡིན་ན་ཡང་། ངའི་དིང་རི་བ། སང་ཉིན་གྱི་ཉི་མ་སྔར་བཞིན་འཆར་སྲིད་པས།
མགོ་བོ་དགྱེ་ནས་གདོང་གི་མཆི་མ་ཕྱིས་དང་དྲོད་ཁོལ་སྔར་བཞིན་འོང་གིན་འདུག
བྱམས་བརྩེ་ཡི་འོད་སྣང་དེ་ཕྱོགས་བཞི་མཚམས་བརྒྱད་ན་ཅི་དགར་འཕྲོས་ཡོང་གིན་འདུག
མགོན་དང་སྐྱབས་ཀྱི་ལག་ཟུང་དྲོན་མོ་དེ་ཐོགས་རེག་མེད་པར་བརྐྱངས་འོང་གིན་འདུག
ཤ་ཁྲག་གིས་བརྡུངས་པའི་ལྕགས་རི་ཞིག་སྐད་ཅིག་དེ་ཉིད་ལ་གས་ཆག་གི་ས་གཞིའི་སྟེང་གྲུབ་ཀྱིན་འདུག
ངའི་དིང་རི་བ། ཁྱེད་ཚོ་མགོན་མེད་སྐྱབས་མེད་ག་ལ་ཡིན་སྲིད་དེ།
ང་ཚོ་ཚང་མ་ནམ་མཁའ་ཡུག་གཅིག་གི་འོག་ལ་འཛོམས་པའི་གཉེན་དང་ཉེ་དུ་ཡིན།
ང་ཚོ་ཚང་མ་ས་གཞི་ཁོབ་གཅིག་གི་སྟེང་ལ་འདུས་པའི་མིང་སྲིང་གཅེན་གཅུང་ཡིན།
ང་ཚོ་ལ་ཕ་གཅིག་གི་རུས་རྐང་གིས་བརྒྱུས་པའི་དཔའ་སྦོབས་མཐོན་པོ་དེ་ཡོད།
ང་ཚོ་ལ་མ་གཅིག་གིས་ཤ་ཁྲག་གིས་བསྐྲུན་པའི་བྱམས་སེམས་དྲོན་མོ་དེ་ཡོད།
ད་ནི་མགོ་བོ་དགྱེ་ཤོག ངའི་དིང་རི་བ།
གནམ་གྱི་རྒྱ་ཁྱོན་རྡིབས་ཀྱང་ང་ཚོས་ཅིས་ཀྱང་ཐེགས་དགོས་པ་ཆོས་ཉིད་ཡིན།
ས་ཡི་དཀྱིལ་འཁོར་གས་ཀྱང་ང་ཚོས་ཅིས་ཀྱང་བཟོད་དགོས་པ་གཏན་ཚིགས་ཡིན།
ང་ཚོས་ཕ་དམ་པའི་རུས་པ་རླུང་ལ་བསྐུར་མི་སྲིད།
ང་ཚོས་མ་བཟང་མོའི་ཤེས་རྒྱ་ཆུ་ལ་བསྐྱུར་མི་སྲིད།
ད་ནི་བློ་སྤོབས་བསྐྱེད་ཤོག ངའི་དིང་རི་བ།
ཁྱེད་ཀྱི་མདུན་ན་འཐེན་མཁན་ཡོད་ལ་ཁྱེད་ཀྱི་རྒྱབ་ན་སྐྱོར་མཁན་ཡོད་པས།
ཁྱེད་རང་ཁེར་རྐྱང་གཏན་ནས་ཡིན་མི་སྲིད།
ང་ཚོ་ནམ་ཡང་རྡོག་རྩ་གཅིག་ཡིན་ལ། ང་ཚོ་ནམ་ཡང་སེམས་པ་གཅིག་ཡིན།
ངའི་དིང་རི་བ།
་་་་་་་་་་་
་་་་་་་་་་་
་་་་་་་་་་་
གངས་མཐོན་མཐིང་རྒྱལ་མོའི1འདབས་ཀྱི་ཆུ་མ་རྩི2དག་ལག་གདང་ལྷོད
བྱ་དཀར་གདང་ཞུགས3ཞེས་པའི་དཔེའང་རྡོ་རེག་པ་དུག་ཅན4དང་འཕྲད
དེ་སྔོན་རྒོད་ཚང་བྲག་རྒོད5འཇིག་བྱེད་ཀྱི་ལྕགས་ཀྱི་ལག་པ་མཁྲེགས་པོ་དེ
ས་སྐྱོང་བསྟན་མ6སྨྱོ་འབོག་ལངས་པ་དེས་གཡར་ནས་ཤེལ་དཀར་གྲོང་ཚོའི་སྙིང་ལ་བསྙབས
ཉིན་བྱེད་ཀྱི་ཐུ་འོག་ན་དག་ཞིང་ལ་རྒྱང་ལྟ་བྱས་པའི་ཨ་ཕྱི་དེའི་ཕྲེང་ཐག་འཐོར
ཇ་བསྲུབས་མའི་ཞིམ་མངར་གྱིས་ལུས་པོའི་ངལ་བ་སངས་པའི་སྤོ་བོ་དེའི་དཀར་ཡོལ་ཆག
ད་དུང་འགྲེལ་བཤད་ཅིག་དགོས་སྣང་སྐྱེས་པའི་མི་ནི
ང་དང་ཁྱོད་དེ་ཡིག་དྲུག་གི་བྱིན་རླབས་ལས་པདྨོའི་དྲི་བསུང་འཐུལ་བར་ཡིད་ཆེ་བའི
མགོ་ནག་བོད་པ་དག་ཡིན་ཏེ
བདུད་རྩི་དང་རྡོ་རྗེ་ལྟ་བུའི7ཞི་བྱེད་གཅོད་ཀྱི་གདམས་ངག་ཉིད
ལོ་ངོ་དགུ་བརྒྱའི་སྔོན་གྱི་གྲུབ་ཐོབ་ཅིག་གི་རྐང་གླིང་ལས་མཆེད་དེ
གངས་སུལ་གྱི་ཆབ་རོབ་དག་བརྟོལ་ནས་ལྷང་ལྷང་གྲག་པ
ང་ཚོ་ཁོ་ནས་ཆེད་དུ་རྣ་བ་མ་བླགས་ཀྱང་མངོན་འདོད་ཀྱི་དད་པར་བརྟེན་ཏེ་ཐོས་ཐུབ་བོ
གངས་འདབས་ཀྱི་ངོ་གདོང་སྨུག་པོ་དག་ལ་བརྡབ་ཆག་བྱུང་ཞིང
ཨར་འདམ་གྱི་ཞིག་རོའི་ནང་གི་ངུ་སྐད་དེས
གྲང་འཁྱག་གི་མཚན་མོར་ཞི་བའི་སྐར་ཚོགས་ལའང་མིག་ཆུ་ཤོར་དུ་འཇུག་དུས
ལ་དྭགས་ནས་འཇོ་མདའ་དང ཡུལ་ཤུལ་ནས་དར་རྩེ་མདོ་དང
སྤུ་ཧྲེང་ནས་ཁྱུང་མཆུའི་བར་དུ དབྱངས་གསལ་གྱི་སྨྲ་ལྕེས་བསྒྲོན་པའི་མར་མེ་དག
སྡུག་བསྔལ་གྱི་མཁའ་དབྱིངས་མེར་བཏང་བ་བཞིན་ལྷབ་ལྷུབ་གཡོ
དགུན་འཁྱག་གི་གྲང་ངར་ལ་མདས་སྣུན་པ་བཞིན་ལམ་ལམ་འབར
འོད་སྣང་གི་ཐིག་ལེ་དག་བསྔོ་སྨོན་གྱི་མེ་སྟག་ཏུ་གྱུར་ཏེ
ཡུལ་པོར་ལུས་པའི་རྣམ་ཤེས་དག་ལ་སྐབས་ཤིག་གི་དབུགས་དབྱུང་བསྩལ
མི་རྣམས་ནི་འདོད་སྲེད་ཀྱི་གྲིབ་མས་ཁྲིད་པའི་གཅན་གཟན་ཁྱུ་གཅིག་ཏུ་གྱུར
བཟང་པོར་བརྫུས་པའི་ཚུལ་འཆོས་ཀྱིས་སོ་སོའི་ཁ་ཟས་འཚོལ
གཏན་ཚིགས་ཀྱི་ཡལ་ཀ་ཆག་པོར་གྱུར་ཀྱང་ཚིག་རྒྱན་གྱི་ལོ་མ་ཕྱུར་བུར་སྐྱེས་པའི
མུན་ཁྲོད་ཀྱི་ཤིང་སྡོང་དག་གིས་ཆོ་མེད་པའི་ཟློས་གར་འཁྲབ་དུས
མི་གཞན་གྱི་སྡུག་བསྔལ་ལ་གདུང་སེམས་སྐྱེ་རྒྱུ་ནི
ཡི་དྭགས་གཏེར་སྲུང་གི་རུམ་ནས་གསེར་སྒོར་ལེན་པ་ལྟར་དཀའ་ཡང
དིང་རིའི་ས་ཡོམ་གྱི་གསར་འཕྲིན་ཐོས་མ་ཐག
མིག་ཆུ་དབང་མེད་ཤོར་ཞིང་ཡ་ཁོག་སྨྲེང་བས་གང་འགྲོ་བ་འདིས
ཁྱོད་རང་སྔར་བཞིན་རྒྱུད་ལ་སྙིང་རྗེ་ཅན་གྱི་འགྲོ་བ་མི་ཞིག་ཡིན་པ་མཚོན་ཞིང
ཁྱོད་ཀྱི་རྣམ་ཤེས་ཀྱི་འོ་མཚོའི་ཁ་རུ
བོད་སྐད་ཀྱི་སྤྲིས་མ་མཐུག་པོར་ཆགས་ཡོད་པ་ཤེས་ཐུབ
9/1/2025 ཁུང་མེང་།
མཆན་འགྲེལ།
2 ལོ་མང་སྐྱེ་བའི་ལྕམ་རིགས། རྩ་བ་སེར་པོ་སྦོམ་ལ་རྒྱས་ཤིང་རྩ་ཕྲན་རིང་བ་ཕྱི་ནས་དར་དཀར་རྒྱལ་མཚན་བཙུགས་པ་དང་འདྲ་བ་དེའོ།།
3 འདི་ནི་ཟུར་མཁར་པའི«སྨན་ངོ་གསལ་བྱེད་བདུད་རྩིའི་སྒྲོན་མེ»ཡི་ནང་བཀོད་པའི་ཆུ་མ་རྩ་ཡི་དཔེའོ།།
4 རྒོད་ཚང་བའི་ཐུགས་སྲས་འདྲ་འདྲ་བརྒྱད་ཀྱི་ཡ་གྱལ་བསམ་གླིང་བས་བཏབ་པའི་བསམ་གླིང་དགོན་ཆགས་ཡུལ་དེར་སྔོན་ཆད་རྡོ་རེག་པ་དུག་ཅན་ཟེར་བའི་ཕ་བོང་ཆེན་པོ་ཞིག་ཡོད་པ་དེེར་འགྲོ་བ་གང་གིས་རེག་ཀྱང་དུག་ཕོག་ནས་ཤི་འགྲོ་བར་གྲགས།
5 རྗེ་རྒོད་ཚང་བ་མགོན་པོ་རྡོ་རྗེས་སྤྱི་ལོ1224ལོར་ཕྱག་བཏབ་པའི་དགོན་པ་ཞིག
6 ས་གཞི་སྐྱོང་བའི་ལྷ་མོ་བརྟན་མའི་མིང་།
7 ཞི་བྱེད་པའི་དཔེས་མཚོན་གདམས་ངག་ལྔའི་ཡ་གྱལ།
ས་རྒྱུས་སུ་གལ་ཆེ་བའི་ལ་སྟོད་དིང་རི།
ལོ་རྒྱུས་སུ་ཤིན་ཏུ་གྲགས་ཆེ་བའི་དིང་རི་བ།
ཆོས་ལ་དད་པ་དང་།
ཟས་ལ་ལེན་པ་ཟེར་བ་ལྟར།
ཚེ་སྲོག་གི་ཟླ་བ་ཤར་ནས་འཇིག་པ་འུ་ཚོའི་ཕ་ཆོས་ཡིན།
རྒྱ་གར་ཕ་དམ་པའི་གདུལ་བྱ་ཧ་ཅང་རྒྱས་ས།
སློབ་མ་ཀུན་དགའ་སོགས་བློ་སྙིང་བྲང་གསུམ་ཆོས་ལ་གཏོད་ས།
ལོ་ངོ་སྟོང་ཕྲག་གཅིག་གི་གོང་ལ།
དིང་རི་བ་མང་པོ་ཐར་བའི་ལམ་ལ་བཀོད་རབས།
དགེ་རྒན་གྱི་ཞལ་གདམས་ཁྲོད་ནས་ཐོས་མྱོང་།
དིང་རི་བའི་ཕྱེད་ཀའི་ཕྱེད་ཀ་སངས་རྒྱས་རབས་ཀྱང་།
དཔེ་ཀློག་དང་ཉན་ཐོས་བར་ནས་རྙེད་མྱོང་།
ཆོས་ཀྱི་བཙན་ས།
ས་བབས་ཀྱི་མཐོ་ས།
བོད་ཁ་བ་ཅན་གྱི་དིང་རི་བ།
རྒྱ་གར་འཕགས་པའི་ཡུལ་གྱི་ཕ་ཆོས་ཀྱི་གོ་ཁྲབ་ཡོད་ས།
ཕ་གཅིག་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་དིང་རི་བརྒྱ་རྩ་མའི་རྨོག་ཞུ་ཡོད་ས།
མ་གཅིག་ལབ་ཀྱི་སྒྲོན་མེའི་ཞི་བྱེད་གཅོད་ཀྱི་གདམས་པ་ཡོད་ས།
གློ་བུར་དུ། དིང་རི་ལ།
ན་ཚ་མེད་པར་འབྱུང་བ་འཁྲུག་པ་ག་རེ་ཡིན་ནམ།
གློ་བུར་དུ། དིང་རི་ལ།
བྱས་ཉེས་མེད་པར་རྡུལ་འཚུབ་འཕྱུར་དོན་ག་རེ་ཡི་ནམ།
གློ་བུར་དུ། དིང་རི་ལ།
སྙིང་རྗེ་མེད་པར་ས་འགུལ་ལངས་དོན་ག་རེ་ཡིན།
འདུས་བྱས་མི་རྟག་པའི་སྒྱུ་མའི་ལུས་པོ་འདི་ས་རྡོ་རྩིག་མ་ཡིན།
འཇིག་རྟེན་བྱ་བ་ཀུན་བྱེ་མ་སྤར་མོ་གང་ཅི་བྱས་དོན་མེད་ཡིན།
ཐམས་ཅད་གཡར་མའི་ནོར་མི་རྟག་སྐད་ཅིག་གི་ཚེ་འདི་རྨི་ལམ་ཡིན།
སྐྱེ་འཆིའི་ཤིང་ཟམ་ལ་འདུ་འབྲལ་བཙན་པོའི་ས་ཞག་སྡོད་མགྲོན་པོ་ཡིན།
འབྱུང་བཞིའི་གོད་ཆག་ལ་བརྩེ་བ་མེད་ན་ཡང་།
མི་ཡུལ་གྱི་གདུང་སེམས་མཉམ་བསྐྱེད་ལ།
བྱམས་དང་སྙིང་རྗེ་ཡི་དྲོད་ཀྱི་ཁེབ་མ་ཡོད།
དགུན་ཟླ་ཐ་མའི་གྲང་ངར་ཁྲོད་སྐྱེས་པའི་སྡུག་གི་ཚེར་མ་ནི།
མཆེ་བ་ཇི་བཞིན་སྙིང་ལ་གཙིགས་ན་ཡང་། སྡེར་མོ་ཇི་བཞིན་བྲང་ལ་བགྲད་ན་ཡང།
རང་ཉིད་རང་གི་གནས་སུ་བསྡད་དེ་སེམས་པ་ནང་ལ་བསྡུས་དང་།
དིང་རི་བརྒྱ་རྩ་མའི་སྲིད་ཞིའི་བསླབ་བྱ་ཡོད།
བོད་ཁ་བ་ཅན་གྱི་དིང་རི་བ།
དིང་རི་བརྒྱ་རྩ་མའི་ནང་གི་དིང་རི་བ།
2025.1.9ཞོགས་པར་ཆུ་མིག་དཀར་པོའི་གན་དུ་བཏབ།
ཕ་དམ་པའི་གདམ་ངག་གི་དྲོད་ཐིག་འཁྱིལ་ས་ན
གངས་དཀར་པོའི་གཟི་བརྗིད་ལ་འོད་མདངས་འཚེར་ས་ན
དམ་པའི་ལྷ་ཆོས་ཀྱི་དབུ་འཕངས་མཐོ་ས་ན
འཇིག་རྟེན་མི་ཆོས་ཀྱི་ཡན་ལག་ཚང་ས་ན
ལས་དབང་གི་བཀོད་སྒྲིག་མཚར་པོ་ཞིག
འདུ་བྲལ་གྱི་ཧྲག་བར་ལ་འཚང་བའི་རྣམ་ཐར་འདི
དགུན་ཟླ་འདིའི་སྐྱོ་གར་དུ་གྱུར།
མི་ཚོགས་ཀྱི་ཟིང་ཟིང་ཁྲོད་ན་སྨྲེ་ངག་གི་མཆི་མ་མོད
གྱང་ཆག་གི་གས་སྲུབས་བར་ན་སྐྱོབ་འབོད་ཀྱི་མིག་མདངས་མངོན
དཀའ་སྡུག་གི་རྒྱབ་རྩ་རུ་ལངས་པའི་མི་ཚོགས་ཀྱིས
འཚོ་བའི་ངོ་གདོང་ལ་ལྷན་པ་བརྒྱབ་ན་ཡང
ནང་སེམས་གྱི་སྡུག་བསྔལ་དེ་ཇི་ལྟར་སེལ་ཨང་།
དིང་རི་བ
ང་ཚོས་ལས་དབང་ཞེས་པའི་ཐ་སྙད་འདིའི་ཡང་སྙིང་རྟོགས་ཡོད་པས
དཔའ་ཞུམ་པ ཡིད་ཆད་པའི་རྣམ་ཐར་ལས་རིང་དུ་གྱེས་ཤོག
གོམས་སྟབས་གསར་བ་ཞིག་ལ་དབུ་ཁྱུད་འབྲི་རོགས
ལྷག་བསམ་ཅན་དག་གི་མཐུན་སྦྱོར་ཁྲོད་མགོ་བོ་དགྱེ་ཤོག
གཞིས་ཀ་རྩེ
བདག་སེམས་ཀྱི་དག་ཞིང
དིང་རི་བ
དྭངས་གཙང་གི་ལྷ་བུ
1
དིང་རི་བ།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།
དིང་རི་བ།
བཟའ་ཚོ་མི་རྟག་ཚོང་འདུས་མགྲོན་པོ་འདྲ་ཞེས་པ་ལྟར།
ཚོང་བས་ཚོང་ཟིན་ནང་མོར་གྱེས་ནས་འགྲོ་གསུངས་པ་བཞིན།
ཁྱོ་ཤུག་མཉམ་གནས་ཀྱི་འཚོ་བའི་དཀར་ཡོལ་ཆག་སོང་།
ནང་མི་དགྱེས་འཛུམ་གྱི་སྤྲོ་དགའི་རལ་བ་བྲེགས་ཟིན།
མ་བུའི་གྱེས་གདུང་དང་ཕ་ནུའི་འདང་བརྩེ་ཡི་མདུད་པ་དུམ་སེར་བཅད་པས།
རང་བྱུང་གི་འཇིགས་པ་འདི་ལ་ལྡོག་ཐབས་མི་འདུག
དེ་བས།
འཁྲེང་ཞེན་འཁྲི་བ་ཆོད་ཅིག་དིང་རི་བ།
ཕྱི་ཡི་རི་རབ་ཁང་ཁྱིམ་རྨི་ལམ་གྱི་རྩིག་པ་འདྲ།
གཉིད་སད་ཚེ་སྟོང་ལྷང་ངེར་ཅི་ཡང་མེད།
ནང་བཅུད་འགྲོ་བའི་ཚེ་སྲོག་སྒྱུ་མ་ཡིན།
དེ་རིང་ཡོད་པ་གློ་བུར་ཤི་བ་མང་།
དེ་ཕྱིར་འཆི་བ་མི་རྟག་པས།
ཡིད་གདུང་མཚོ་ལ་མ་བྱིང་དིང་རི་བ།
སྡུག་བསྔལ་གླང་བོ་ཐུལ་ཞིག་དིང་རི་བ།
གྲུ་ཟིང་ད་ལྟ་ཚུགས་ཤིག་གསུངས་པ་བདེན།
རྟེན་འབྲེལ་ད་ལྟ་སྒྲིགས་ཤིག་གསུངས་པ་བདེན།
བློ་ལྡོག་རྣམ་བཞི་སྦྱོངས་དང་དིང་རི་བ།
དིང་རི་བརྒྱ་རྩར་གསན་མཛོད་དིང་རི་བ།
དེ་ནི་དིང་རི་བའི་ལམ་བྲོ་ཡིན།
འདས་པོ་རྗེས་དྲན་གྱི་རིམ་བྲོ་ཡིན།
སྤྱིར། མི་ཚེ་ནི་ར་ལུག་བཤས་རར་འདེད་པ་དང་མཚུངས་པས།
ཞེ་མ་སྐྱོ་དིང་རི་བ།
འུ་ཅག་ནམ་མཁའ་གཅིག་གི་བྱ་ཁྱུ་ཡིན།
སྐྱབས་དང་རེ་ས་གཅིག་ཡིན་དིང་རི་བ།
བྱ་ཁྱུ་རེ་འགའ་གནོད་པའི་མདེའུས་བརླགས་ཟིན་ཡང་།
ཤུལ་དུ་ལུས་པ་མུ་མཐུད་འཕུར་དགོས་པས།
རི་བོ་ཇོ་མོ་གླང་མའི་འདབས་རོལ་ནས།
སྔར་བཞིན་སྙིང་ཕུར་གདབ་མཛོད་དིང་རི་བ།
དིང་རི་བརྒྱ་རྩ་ལས།
“ནགས་ཀྱི་གསེབ་ན་སྤྲེའུ་སྐྱིད་སྙམ་སྟེ།།
ནགས་མཐའ་མེ་ཡིས་བསྐོར་རོ་དིང་རི་བ།།”
ཞེས་གསུངས།
2
རྗེ་མི་ལའི་རྣམ་མགུར་དུ།
ཤ་བ་ཞིག་གཅན་གཟན་གཞན་གྱི་འཇིགས་པས་བྲོས་པ་མཐོང་ནས། མགུར་འདི་ལྟ་སྟེ།
“ཕྱི་སྒྱུ་ལུས་བྲོས་པས་ག་ལ་ཐར།།
འབྲོ་ན་ནང་གི་སེམས་ཉིད་འབྲོས།།
སེམས་ཉིད་བྱང་ཆུབ་གནས་སུ་བྲོས།།
གཞན་བྲོས་པས་ཐར་འདོད་འཁྲུལ་བ་ཡིན།།”
ཞེས་གསུངས།
ཁ་སང་རང་བྱུང་གི་ས་ཡོམ་འདི་ལྟར་གཡོ་དུས།
ངས་བྲག་དཀར་རྟ་སོ་དབུ་མ་རྫོང་ནས་མཁའ་རུ་འཕུར་བའི།
རྗེ་བཙུན་མི་ལ་རས་པ་དྲན་བྱུང་།
རང་བྱུང་ཡེ་ཤེས་རྟ་རུ་བཅིབས་པའི།
རྣལ་འབྱོར་རང་དབང་ཅན་དེ་དྲན་བྱུང་།
གནོད་འཚེའི་ཞི་བ་རང་སར་ལྷོད་པའི།
རྟོགས་ལྡན་སངས་རྒྱས་ཞལ་སྐྱིན་དྲན་བྱུང་།
མ་ཕམ་གཡུ་མཚོ་ཕྱག་རྩེར་བསྣམས་པའི།
རྗེ་བཙུན་མི་ལའི་རྫུ་འཕྲུལ་དྲན་བྱུང་།
མི་མིན་གནོད་པ་བདག་གིར་བཞེས་པའི།
སེམས་ཉིད་སངས་པའི་རས་པ་དྲན་བྱུང་།
མདོ་སྨད་ཡུལ་ནས་ལ་སྟོད་ཕྱོགས་སུ།
བསྔོ་བ་སྨོན་ལམ་འཁྱེར་ནས་ཡོང་ན།
རྗེ་མི་ལ་ཟེར་བ་དེ་ད་ལྟ་བཞུགས་ལགས་སམ།
ཁ་ཟས་ཟྭ་ལ་བརྟེན་པའི་ལྡུམ་བུ་བ།
ཀེང་རུས་འགྲེང་ནས་སྡོད་པའི་རྣལ་འབྱོར་བ།
ཕོ་མཚན་ལྷང་ལ་བུད་པའི་གཅེར་བུ་བ།
རྗེ་མི་ལ་ད་ལྟ་བཞུགས་ཡོད་དམ།
བདག་གི་སྐད་པ་འདི་རང་ཡིན།
བསྔོ་བའི་ལྷ་རེག་འདི་རང་ཡིན།
2025/1/9 ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པར་རྗེས་དྲན་དུ།
གསོལ་ལོ་ཡེ་ཤེས་སྤྱན་དཀྱུས་ཡངས་པ་སྤྱན་རས་གཟིགས་ལ་སྙིང་ནས་གསོལ།།།
མཆོད་དོ་བདེན་པའི་དངོས་གྲུབ་སྩོལ་མཁས་དཀོན་མཆོག་གསུམ་པོར་གུས་པས་མཆོད།།
འདུད་དོ་རྣམ་བཞིའི་འཕྲིན་ལས་སྐྱོངས་བ་རྒྱལ་བ་ཡབ་དང་བཅས་པར་འདུད།།
སྐྱོངས་ཤིག་ས་ཡོམ་གནོད་འཚེས་འཇིགས་པའི་དིང་རིའི་སྤུན་ཟླ་བརྩེ་བས་སྐྱོངས།།
བལྟས་ན་སྐྱིད་སྐྱིད་འདྲ་འདྲའི་འཇིག་རྟེན་ཕུན་ཚོགས་ཀྱི་ཁུགས་སོ་ན།།
སོང་ན་བདེ་བདེ་འདྲ་འདྲའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་རུ།།
བལྟས་ན་མཛེས་མཛེས་འདྲ་འདྲའི་གོ་ལ་ཟླུམ་པོ་འདིའི་ལོངས་སྤྱོད་ལ།།
བསམས་ན་དུངས་དུངས་བྱེད་པ་འགྲོ་བ་རིགས་དྲུག་གི་ཆོས་ཉིད་ཡིན།།
འཁོར་ན་མྱུར་མྱུར་འདྲ་འདྲའི་གཟའ་སྐར་འཁོར་བསྐྱོད་ཀྱི་བཞུད་རིམ་ནང་།།
སྐྱེས་ན་དགའ་དགའ་འདྲ་འདྲའི་གསོལ་སྟོན་རྟེན་འབྲེལ་གྱི་བགྱི་བ་མང་།།
རྒས་ན་སྟོང་སྟོང་འདྲ་འདྲའི་བློ་ཕམ་ཡི་ཆད་ཀྱི་སྨྲེ་ངག་མང་།།
འཁོར་ན་ལེགས་ལེགས་འདྲ་འདྲའི་འཇིག་རྟེན་ཆོས་བརྒྱད་ཀྱི་ལྟད་མོ་མང་།།
ཐོས་ན་འཇིགས་འཇིགས་འདྲ་འདྲའི་རྣ་བའི་བུ་ག་ཡི་ཟབ་ས་རུ།།
ཉན་ན་སྐྱོ་སྐྱོ་འདྲ་འདྲའི་གཉེན་ཉེ་འདུ་བྲལ་གྱི་ངུ་སྐད་གོ།
མཐོང་ན་ཙད་ཙད་འདྲ་འདྲའི་ཕྲ་ཆུང་མིག་ཟུང་གི་གཡུལ་ངོ་རུ།།
རྒུད་ནས་ཐོར་ཐོར་འདྲ་འདྲའི་སྐྱ་སེར་ཕོ་མོ་ཡི་ལས་དབང་བསྟར།།
རྩིག་ན་མཐོ་མཐོ་འདྲ་འདྲའི་འོད་གསལ་ཉམས་དགའ་ཡི་བཟོ་བཀོད་གཅིག།
བལྟས་ན་མཛེས་མཛེས་འདྲ་འདྲའི་རྒྱས་སྤྲོས་ཡིད་འོང་གི་གཞིས་ཁྱིམ་གཉིས།།
བཅར་ན་ཉེ་ཉེ་འདྲ་འདྲའི་ཤ་མཆིན་མཉམ་འདྲེས་ཀྱི་ནང་མི་དག།
བསྡད་ན་སྐྱིད་སྐྱིད་འདྲ་བའི་འབྱུང་བཞིའི་ཡུལ་ཁམས་འདིའི་འོབས་སུ་ལྷུང་།།
བསགས་ན་མང་མང་འདྲ་འདྲའི་རྒྱུ་ནོར་ལོངས་སྤྱོད་ཀྱི་མངའ་འོག་ནས།།
ཐོབ་ན་ཉུང་ཉུང་འདྲ་འདྲའི་སྔ་ལངས་འཕྱི་ཉལ་གྱི་ལས་ལ་རྩོམ།།
གསོན་ན་སྐྱིད་སྐྱིད་འདྲ་འདྲའི་ནམ་འཆི་ཆ་མེད་ཀྱི་མི་ཚེ་ལ།།
བལྟས་ན་སྡུག་སྡུག་འདྲ་བའི་གཤིན་རྗེ་ཆོས་རྒྱལ་གྱི་འཇིགས་པ་སླེབས།།
འཁོར་ནས་ཚར་རྒྱུ་མེད་པ་འཁོར་བ་སྒྱུ་མ་ཡི་ལུས་རྟེན་གྱིས།།
འཁོར་ཞོར་སྣང་དོགས་མེད་པར་དིང་རིའི་ས་ཆེན་གྱི་ལྷིང་འཇགས་དཀྲོགས།།
འཁོར་མཐར་ལྡོག་མཐའ་བྲལ་བའི་ས་ཆུ་མེ་རླུང་གི་འཇིགས་པ་ཡིས།།
འཁོར་བའི་སྙིང་བོར་གྱུར་བའི་ཕ་མ་བུ་ཕྲུག་ཚོའི་དགོད་སྒྲ་བཀག།
མི་རྟག་སྒྱུ་མ་འཁོར་བའི་ཆོས་ཡིན་འདུས་མཐར་བྲལ་ལ་ཡིད་མ་སྐྱོ།།
དུས་དང་མཚམས་སུ་འདུ་བྲལ་རྒོད་པ་འཇིགས་པའི་ཆོས་ཡིན་སེམས་མ་སྡུག།
བསགས་པའི་དགེ་བ་སེམས་ན་ཡོད་ན་ཤི་བའི་ཆོས་ལ་འཇིགས་ཅི་དགོས།།
སྐྱིད་སྡུག་རེས་མོས་ཀུན་ལ་མཆིས་པས་ཨ་ཐང་མ་ཆད་དིང་རི་བ།།
འདས་བའི་མི་ལ་དགེ་རྩ་ལོས་བྱེད་ཁ་བ་རི་བ་རྒྱབ་ན་ཡོད།།
རྨས་བའི་མི་ལ་གསོ་བཅོས་ལོས་བྱེད་འཚོ་བྱེད་སྨན་པ་གམ་ན་ཡོད།།
གསོན་པའི་མི་ལ་སྨོན་ལམ་ལོས་རྒྱག་རིགས་གཅིག་སྤུན་ཟླ་འུ་ཚོ་ཡིན།།
འཇིགས་པའི་གཡང་ལས་མྱུར་ཏུ་བཟློག་ཤིག་སེམས་པ་མ་གཉོམ་དིང་རི་བ།།
དིང་རིའི་ཕྱོགས་གྱུར་སེམས་ཅན་ཇི་སྙེད་རྒུད་པའི་མཐའ་ལས་མྱུར་བཟློག་ཅིང་།།
ཡུལ་ཁམས་འབྱུང་བཞིའི་ལུས་ཅན་མ་ལུས་འཇིགས་པའི་གནད་ལས་གྲོལ་གྱུར་ནས།།
རྣམ་དཀར་དགེ་བའི་ལས་འབྲས་སྨིན་ཏེ་ཉི་རྩེ་ཤར་ནས་འཆར་བ་བཞིན།།
ཆོས་དང་འབྱོར་བའི་ལང་ཚོའི་འདབ་མ་རྟག་ཏུ་རྒྱས་པའི་སྨོན་ལམ་འདེབས།།
སྤྱི་ཟླ་དང་པོའི་ཚེས་དགུ་ཉིན་དིང་རིའི་ས་འགུལ་ལ་སྨྲེང་སེམས་དང་
སྨོན་འདུན་དྲག་པོས་ཡུལ་སྒྱིས་ཚང་ནས་གུས་པས་སྦྱར།
མི་ལོ་བདུན་གྱི་ཡར་སྔོན།
ཇོ་མོ་གླང་མའི་དབུ་རྩེ་ལ་ཉི་ཟེར་ཕོག་དུས།
གནས་དེ་ནས་སེམས་ཀྱི་མངའ་ཐང་ལ་དྲན་པ་ཐོར་མྱོང་།
མི་ལོ་བདུན་གྱི་དེ་རིང་།
དིང་རི་དང་དིང་རི་བའི་སྣང་བརྙན་མཐོང་དུས།
སྐྱོ་བའི་མིག་ཆུ་ལ་སྙན་ངག་གི་ལྷན་པ་ཡང་ཡང་རྒྱག་དགོས་ཨང་།
ཡུལ་དེ་ནས་ལྷོ་ནས་ལྷོ་ལ་རྒྱང་མིག་འཕང་མྱོང་།
ས་དེ་ནས་གངས་རི་དཀར་པོར་སེམས་གཏམ་གློད་མྱོང་།
དིང་རི་ཨང་། ཁྱོད་ཀྱི་རུམ་ཁ་བརྒྱུད་ནས་མང་པོ་མང་པོ་ཞིག་ཆས་སོང་།
དིང་རི་བ། སེམས་ཀྱི་ཉིན་སྲིབ་ན་བཞུར་བའི་དྭངས་གཙང་གི་ཆུ་བོ།
དིང་རི་བ། ལུས་ཀྱི་ཁྲག་རྒྱུན་ན་ཁོལ་བའི་མེ་དྲོད་ཀྱི་ཕུང་བོ།
དིང་རི་བ། ཁ་སང་གི་གཏམ་རྒྱུད་ཁྲོད་ན་འཛུམ་ཤིག་ཤིག
དིང་རི་བ། དེ་རིང་གི་ན་ཟུག་ཀློང་ན་སྐྱོ་ལྷིང་ལྷིང་།
དིང་རི་བ། མིག་ལ་ས་རྡུལ་བབས་པའི་དིང་རི་བ།
དིང་རི་བ། སེམས་ཀྱིས་ནམ་མཁའ་བཏེགས་པའི་དིང་རི་བ།
2025-1-7ཉིན།
གླིང་གི་ལྟེ་བར་ཆགས་པའི
ས་ཆེན་གྱི་བདག་པོ་སྟེ
ལོ་རྒྱུས་ཀྱི་དཔང་བོར་བཞེངས་པའི་དིང་རི་བ
ནམ་མཁའ་རྡིབ་རུང ས་ཆེན་གོས་ཀྱང
སེམས་མ་ཁུམས ཡིད་མ་ཆད
རིགས་ཀྱི་རང་མདངས་གངས་ལ་ཕོག་པའི
བརྩེ་བའི་ལག་གདང་དམ་དུ་སྦྲེལ་བའི
སྐྱིད་ཀྱི་རྟ་ཕོའི་སྲབ་ཁ་གློད་རོགས
སྡུག་གི་ཁུར་བོའི་རྩིབ་མ་ལེན་རོགས
ཁྲག་རྒྱུན་གཅིག་གི་འཕར་ལྡང་ཡོད
སེམས་པ་གཅིག་གི་སྟོབས་ཤུགས་ཡོད
ལམ་སྟོན་སྣང་བའི་མར་མེ་དང་མ་ཎི་དྲུག་མའི་སྐྱེལ་མ་བཅས
དེ་རིང་གི་ཆག་འཇིག སྐྱོ་གདུང མྱ་ངན་ནི
སྐད་ཅིག་མའི་སྡུག་བསྔལ་ཏེ
ཁྱེད་ཀྱི་སང་ཉིན
གནམ་ལོ་གསར་བ འཆར་གཞི་གསར་བ
ཕུགས་འདུན་གསར་བ་རུ་བསྒོམ་རོགས
ད་ནི
སྡུག་གི་མགོ་བོ་སྨད་པའི་ཅི་ཞིག་བྱ
མིག་གི་མཆི་མ་བཏང་བའི་ཅི་ཞིག་བྱ
ཡབ་མེས་འཕྲུལ་ངོར་འཁུམས་པའི་དིང་རི་བ་ནི
བཟོད་སྲན་བྱེད་ཐུབ་པ
དང་ལེན་བྱ་ཕོད་པ
མཛངས་པའི་ཐུགས་སྒམ་ཅན་དེའོ
2025-1-7-ཉིན།
ཕྱེད་ཀ་གཉིས་སུ་གས་པའི་ནམ་མཁའ
ཉི་ཟླ་ཡི་མཆི་མ ཕྱེད་ཀ་གཉིས་སུ་གས་པའི་སེམས་པ
འཇིགས་ཆུམ་པའི་ཆག་སྒོ
གཏོལ་བྲལ་གྱི་ཆོས་ཉིད
ཞེད་སྣང་བསྐྱེད་པའི་ཞོགས་པ
སྐྱོ་གདུང་གི་མིག་ཆུས་ལྡར་བའི་མཐོ་སྒང
གངས་རི་འཁྲུག་འཁྲུག
དིང་རི་བའི་ཉམ་ཆུང་གི་ཚེ་སྲོག་མང་བོ
གཏན་དུ་གངས་འདབས་སུ་ཐིམ
མི་སྡུག་པའི་ཞོགས་པ་དེའི་གོད་ཆག་གིས
ཤུལ་ལུས་ཀྱི་ང་ཚོའི་སེམས་པ་དབྲོལ་སོང
2025.1.7བོད་ལྗོངས་དིང་རི་རྫོང་ལ་ས་ཡོམ་གྱི་
གོད་ཆག་བྱུང་བར་གདུང་སེམས་དྲག་པོས་
གནའ་མཁར་ཟི་ལིང་ནས་བྲིས།
ཀྱེ་མ་འཇིག་རྟེན་འབྱུང་བཞིའི་དབང་ཆེན་གྱི་རྒན་པོས།།
པོ་མཐོ་ལེབ་ལེབ་འཛིན་མའི་བ་གམ་རང་སློག་ཟིན༎
ཟིན་ཤུལ་དབང་མེད་སྙིང་རྗེ་རིགས་མཐུན་གྱི་སྤུན་ཟླ༎
ཟླ་དུམ་མཐུན་པོ་གདུང་སེམས་མཉམ་བསྐྱེད་དིང་རི་བ༎
སྐྲག་སྐྲག་བཟློག་མེད་ལས་དབང་རླུང་དམར་འཚུབ་སེ་འཚུབ༎
དཀའ་དཀའ་མྱ་ངན་ཟུག་ངུའི་འབོད་པ་ལྷང་ངེ་བ༎
སྐྱོ་སྐྱོ་དྲན་པའི་གདུང་དབྱངས་སྒྲོག་པའི་རིས་གཅིག་རིགས༎
མ་ཞུམ་མ་འཁུམ་གདུང་སེམས་མཉམ་བསྐྱེད་དིང་རི་བ༎
ཀ་ནས་དག་པ་ལས་འབྲས་སྨིན་པས་ཀ་གཏུགས་ཟད༎
ཁ་ཁུ་སིམ་པོ་ལ་སྟོད་ལྷོ་ཕྱོགས་ཁ་རོག་གེར༎
ག་ལ་བ་དེར་ཉམ་ཆུང་མགོན་མེད་ག་དག་ཚོ༎
ང་ཅག་ངའི་རིས་གདུང་སེམས་མཉམ་བསྐྱེད་དིང་རི་བ༎
ཟག་བཅས་བྱས་པ་མིག་སྟོང་སྒྱུ་མའི་གྲོང་ཁྱེར་ལ།།
སྐྱེན་པ་གློ་བུར་ས་འགུལ་བདུད་པོས་བཅོམ་བྱས་ལ༎
བདག་ཅག་རིགས་མཐུན་ཕུ་ནུ་མིང་སྲིང་དུ་མའི་ཚོགས༎
ལྷན་ཅིག་གདུང་སེམས་མཉམ་བསྐྱེད་བྱེད་དོ་དིང་རི་བ༎
འབྱུང་ཁམས་མཐར་གྱིས་འཁྲིགས་པའི་དུས་ཀྱི་སྙིགས་མ་ལ༎
བསྐལ་པས་རྐྱེན་པས་མི་འདོད་སྡུག་བསྔལ་ཐོག་ཏུ་བབ༎
འདུས་བྱས་མི་རྟག་གློག་གི་གར་ལྟ་གདོང་དམར་བོད༎
ཞེ་མཐུན་སྤུན་ཟླས་གདུང་སེམས་མཉམ་བསྐྱེད་དིང་རི་བ༎
གང་ཞིག་སྐྱབས་སོང་སྲིད་ཞིའི་གདུང་བ་ཀུན་སེལ་ཞིང་༎
འགྲོ་དྲུག་རིས་མེད་ཕན་བདེ་སྩོལ་མཁས་བདག་ཉིད་ཅན༎
མཆོག་གསུམ་ཀུན་འདུས་བསླུ་མེད་དྲིན་ཅན་བླ་མ་ལས༎
གཞན་ཞིག་ཡོད་མིན་གདོད་ནས་གསོལ་འདེབས་དིང་རི་བ༎
མདོར་ན་ཤ་རུས་གཅིག་མཐུན་དད་ལྡན་བོད་འབངས་རྣམས༎
ཡ་མཚར་ཁྱད་འཕགས་འཇིག་རྟེན་དབང་ཕྱུག་སྙིང་རྗེ་ལྷས༎
བྱིན་གྱིས་བརླབས་པའི་ཟོལ་མེད་དག་པའི་ཞིང་ཁམས་ནས༎
སྨོན་ལམ་བདེན་ཁས་གདུང་སེམས་མཉམ་བསྐྱེད་དིང་རི་བ༎
༢༠༢༥ལོའི་ཟླ་༡པོའི་ཚེས་༩ཉིན།
ད་ལྟ། མཛོད་དགེ་ཞེས་པའི་མདོ་སྨད་ལྷོ་རྒྱུད་ཀྱི་རྫོང་མཁར་འདི་ན་ཁ་བ་འབབ་ཀྱིན་འདུག མཐོ་སྒང་གི་གྲང་ལྷགས་ལ་བཟོད་ཚུགས་པའི་ཡུལ་མི་རྣམས་ཁྲོམ་སྲང་ན་བྲེལ་བས་འདུར། ཚོགས་ཆེན་གཉིས་ཀྱི་སྐེ་ལུང་བཏགས་པའི་ལས་བྱེེད་ཚོའི་གདོང་ལ་དེ་རིང་གི་གནམ་གཤིས་ལྟ་བུའི་གཟབ་ནན་གྱི་རྣམ་འགྱུར་ཁྱད་མཚར་བ་ཞིག་འཐིབ་འདུག ང་རང་སྐྱིད་ཤོད་ནས་སྒོར་བུད་དེ། ཉེ་ལོགས་ཀྱི་ཁོ་ཧྥེ་ཁང་གསར་པ་ཞིག་ཏུ་ཕྱིན། ཕྱི་རོལ་གྱི་ལྷགས་པས་ངོ་གདོང་དྲག་ཏུ་གཙེས་ནའང་། སྲང་ཤར་གཅིག་གི་ཕ་རོལ་བརྒལ་རྗེས། དྲོད་ལམ་ལམ་གྱི་ཁོ་ཧྥེ་ཁང་དུ་བསླེབ་སྲིད་པས། ལུས་སུ་ལྡིང་བའི་ལྷགས་རླུང་ལ་སེམས་ཁུར་གནང་དོན་མི་འདུག དེ་ལྟ་ནའང་། ཁ་སང་སྔ་མོར་བྱུང་བའི་ནང་སེམས་ཀྱི་གྲང་ངར་དེ་ད་རུང་ཡང་ཡལ་ཐབས་མི་འདུག བསམ་ཞིང་བསམས་ན། སྔར་ལས་ཀྱང་དྲག་ཏུ་མཆེད། གཏམ་ངན་ལྕགས་རྡོ་གནམ་ལྷུང་དེ་རྣ་བའི་བུ་གར་མ་ཤོང་བར། མུ་མེད་སྙིང་གི་གཞོངས་སུ་ལྷུང་བ་ཡིན་ནམ་ཅི། སྙིང་ནི་མཚམས་མེད་པར་ན་ཞིང་། སྡོད་མི་ཚུགས་པར་གྱུར། འོ་ན། སྡོད་མི་ཚུགས་པར་གང་དུ་འགྲོའམ། སྡོད་མི་ཚུགས་པར་ན་བའི་ཡུལ་དུ་འགྲོ། སྡོད་མི་ཚུགས་པར་ས་རྡོ་དང་གྱང་ཆག་དག་གི་བར་ལ་འགྲོ། སྡོད་མི་ཚུགས་པར་ཕ་མེད་མ་མེད། བུ་མེད་གཞིས་མེད་དག་གི་གམ་དུ་འགྲོ། སྡོད་མི་ཚུགས་པར་ཁུར་པོ་འཁུར་བའི་དཔུང་རྡང་ཉམས་དགའ་བ་དེ་དག་གི་གྲས་སུ་འགྲོ། ང་རང་སེམས་འགྲོ་བ་ལས་ཅི་བྱ་སྙམ་ན་ལྷག་ཏུ་སྐྱོ། སེམས་སོང་བས། ཕན་ཅི་ཞིག་ཐོགས་སམ་བསམས་ན། ཞེ་ཡང་ཁྲེལ་ལོ།།
སྐྱིད་སྡུག་གི་མདུན་དུ། དཔུང་རོགས་ངོ་མ་ནི་གམ་དུ་ཡོད་པ་དེ་དག་མིན་ན་སུ། དེ་དག་འོ་བརྒྱལ་ཆེ་བ་ལ། དེ་དག་གིས་བགྲེས་སོང་དག་བསྐྱོར། བྱིས་པ་ཚོ་འཁུར། གྲང་འཁྱག་མྱོང་བ་དག་ལ་གོས་བསྐོན། བཀྲེས་སྐོམ་མྱོང་བ་རྣམས་ལ་བྲོ་བྱིན། ས་རྡོ་དང་གྱང་ཆག་རེ་རེ་ཡར་བཀྱགས། དེ་དག་གིས་ཡར་བཀྱགས་པ་ནི་ས་རྡོ་དང་གྱང་ཆག་ཙམ་ག་ལ་ཡིན་ཏེ། དེ་དག་གིས་ཡར་བཀྱགས་པ་ནི། ཁྱིམ་དང་གཞིས་དང་འཁོར་བའི་གདུང་མ་རེ་རེའོ།། ཕ་མ་བུ་ཕྲུག་དང་སྤུན་ཟླའི་ཚེ་སྲོག་རེ་རེའོ།། བརྩེ་བ་དང་རེ་བ་དང་སྤོབས་པའི་རྣམ་ཤེས་རེ་རེའོ།། ཁོ་པ་ཚོ་དཀའ་ལས་སྐུ་ཚེགས་ཆེ་ནའང་། དོན་ངོ་མར། ཁོ་པ་ཚོ་ལས་དང་བསོད་ནམས་བཟང་བ་ལ། ཉམ་ང་ཆག་འཇིག་ཁྲོད་ཀྱི་སྤུན་ཟླ་རེ་རེ་གཅེས་ཤིང་སྐྱོང་བའི་ལས་ཀྱི་བགོ་སྐལ་འདི་དང་། ཚེ་ཡི་བསགས་པ་འདི་ལས་ཡག་པ་གང་། སྐྱིད་སྡུག་མཉམ་མྱོང་ཞེས་པ་འདི་ལས་གང་དུ་འཚོལ། གང་དུ་སྨྲ་ཞིང་གང་དུ་བསྒྲུབ། སྐད་ཅིག་སྐད་ཅིག་ལ། ང་ཡི་སྙིང་རིའི་འཕྲང་དུ། ཆག་འཇིག་ཁྲོད་ཀྱི་དིང་རི་བའི་ན་ཚ་ཤྭ་འོད་ལྟར་བརྡོལ་ཞིང་། རྦབ་རྡོ་བཞིན་འགྲིལ་བ་ལས་གཞན། དིང་རི་བ་དང་མཉམ་དུ་གནས་པའི་སྤུན་ཟླ་དག་གི་ལས་སྐལ་ལ་སྨོན་པའི་སེམས་བྱུང་མེ་སྟག་བཞིན་མཆེད་ཅིང་། ཁྲག་རྒོད་བཞིན་གདུ།
ང་ནི་མ་གཞི་ནས་ཡུལ་པོ་བྱུང་བའི་རིགས་རྒྱུད་ཅིག་གི་ཕྲུ་གུ་ཡིན་པས་ཡིན་ནམ་ཅི། ནམ་རྒྱུན། རིགས་གཅིག་སྤུན་ཟླ་མང་པོ་མཉམ་དུ་འཛོམས་ནས་ངུ་ངག་འདོན་པ་དང་། དགའ་སྟོན་རོལ་བའི་སྐྱིད་སྡུག་གི་འདུ་འཛོམས་ཆེན་མོ་གང་ཞིག་མཇལ་བའི་མོད་ལ། སེམས་པ་ངུ་ཞིང་མགྲིན་པ་རྣོང་བར་བྱེད། སྟོབས་ཤུགས་དེས། ང་ལ་རྨི་ལམ་དང་སྤོབས་པ་རྫོགས་མེད་གནང་འོང་། བརྩེ་བ་དང་སྐྱོ་བ་མཐའ་ཡས་པ་འཁྱེར་འོང་། ད་རེས་ཀྱང་། རིགས་གཅིག་སྤུན་ཟླ་མང་པོ་མི་གཅིག་སེམས་གཅིག རྟ་གཅིག་སྒ་གཅིག་གི་ཚུལ་གྱིས། གངས་རི་ཚར་དུ་དངར་བའི་ཡུལ་དེར་བཙན་པོའི་རུ་དམག་བཞིན་བསྐྱོད་པའི་ངང་ཚུལ་མཐོང་ཚེ། ཁོང་དུ་ཆུད་པའི་སྙིང་ནི་ཡར་ཡར་འཕག་ཅིང་། ཕྱོགས་སུ་བྲལ་བའི་ལུས་པོར་ལྕུག་འདར་རྒྱག
ཀྱེ་ཀྱེ། ངོ་མི་ཤེས་པའི་སྤུན་ཟླ། ངོ་མི་ཤེས་པའི་དིང་རི་བ། དྲོ་སར་བསྡད་དེ་ཡི་གེ་ཙམ་བྲིས་པར་སྙིང་པོ་ཅི་ཡང་མེད་པ་ཤེས་ནའང་། ཤ་རུས་ཀྱི་མེ་ཏོག་སྙིང་རྗེ་འདི་བརྩེ་གདུང་གི་གཏིང་ནས་སྐྱེ་ཚུལ་དག་ཅིང་ནོངས་པ་མེད། ང་ནི་ཕོ་བྲང་གི་རྡོ་ཐེམ་ལ་རྡོག་པ་རྒྱག་ཐབས་བྲལ་ཞིང་། ཇོ་མདུན་དུ་ལྷ་དར་འཐེན་སྐལ་མེད་པའི་ལས་ངན་ནང་གི་ལས་ངན་ཞིག་ཡིན། ང་ནི་དབུས་གཙང་རི་བཞི་མཇལ་འདོད་ཀྱི་རྟ་ཁ་སྲབ་ཀྱིས་བསྒག་ཅིང་། མངའ་རིས་བསྐོར་གསུམ་འགྲིམ་འདོད་ཀྱི་གོམ་ལག་སྒྲོག་ལ་ཚུད་བསྡད་ཡོད་པའི་ཉམ་ཆུང་ནང་གི་ཉམ་ཆུང་ཞིག་ཡིན། ངས་ཁྱོད་ཅག་གནས་སའི་བཙན་གཉན་རྒོད་གསུམ་གྱི་རི་བྲག་མ་མཐོང་ལ། བཙན་ཡེར་ཆེ་བའི་ཡུལ་ཁམས་དེས་བསྐྱངས་པའི་ཁྱེད་ཅག་གི་ཁ་རུ་ངོ་མདངས་ཀྱང་མ་མཐོང་། དེ་ལྟ་ནའང་། དེ་རིང་། ངས་ཁྱེད་ཚོའི་ནང་སེམས་ཀྱི་སྐྱོ་གདུང་དང་། སྐྱོ་གདུང་དེ་ཁུར་ཐེག་པའི་བྲང་ཁོག་གི་དཔའ་སྤོབས་ཚོར་འོང་། གཟིགས་དང་། གངས་རི་གནམ་གྱི་རྒྱལ་མཚན་དཀར་གཟེངས་ངེ་བ་དེ་ཡུལ་ཁམས་འདིའི་བླ་རི་མ་ཡིན་ནམ། ཁྱེད་ཅག་མགོ་འཕང་ས་ལ་ལྷུང་དཔེ་མེད་དོ།། བྱམས་བརྩེ་ཉི་མའི་དཀྱིལ་འཁོར་འོད་ལམ་མེ་བ་དེ། རིགས་རྒྱུད་འདིའི་བྲང་ཁོག་མ་ཡིན་ནམ། ཁྱེད་ཅག་གདུང་སེམས་ཁོག་ནས་རུལ་དཔེ་མེད་དོ། །
དེ་རིང་། སངས་རྒྱས་ཀྱི་དཔའ་རྟུལ་རྣམས་རླུང་དམར་ཁྲོད་ཀྱི་མེ་ལྕེ་བཞིན་དེ་གར་འཕྱོ། དེ་རིང་། ལས་མཐུན་གྱི་སྤུན་ཟླ་རྣམས་བུ་ཡུག་ཁྲོད་ཀྱི་རི་རབ་བཞིན་དེ་གར་ལྡེམ། དེ་རིང་། ས་རྡུལ་ཁྲོད་ལག་འཁོར་ལོ་དང་། ཁ་མ་ཎི་བྱེད་པའི་ཁྱོད་ཚོ་མཐོང་བ་དང་། ངའི་སེམས་པར་ས་འགུལ་ལྟ་བུའི་སེམས་འགུལ་ཐེབས་སོང་། དེ་རིང་། ལམ་ཁ་ན་ཐལ་མོ་སྙིང་ཁར་སྦྱར་ཏེ། ཕྱག་དང་སྨོན་ལམ་ཞུ་བའི་ཁྱོད་ཚོ་མཐོང་བ་དང་། ངའི་ཆགས་སྡང་གི་གཙང་པོ་གདིང་ནས་འཕྱུར་སོང་། ངའི་ངག་གི་སྦྱོར་བ་ཡོད་ཚད་དང་། སེམས་ཀྱི་དྲན་པ་མཐའ་དག་སྐད་ཅིག་ཉིད་ལ་ནུས་མེད་དུ་གྱུར་སོང་། བརྩེ་གདུང་གི་མདུན་དུ། མི་ཞིག་ནུས་མེད་དུ་གྱུར་ཚེ། རང་སེམས་གསོ་བ་ལས་ཐབས་གཞན་ཡེ་མི་འདུག རང་སེམས་ཀྱི་སྡར་ཞད་དང་འུ་ཐུག་གསོ་བ་ལས་ཐབས་གཞན་ཡེ་མི་འདུག་གོ། ཁྱེད་ཅག་རང་བྱུང་ཁམས་ཆེན་མོའི་ཆག་འཇིག་གི་མདུན་དུ་ནུས་མེད་དུ་གྱུར་བ་ནང་བཞིན། ང་རང་བརྩེ་གདུང་གི་སྟོབས་ཤུགས་མདུན་དུ་དངོས་གནས་ནུས་མེད་དུ་གྱུར་སོང་། ཨ། ཤ་རུས་གཅིག་པའི་སྤུན་ཟླ། ཨ། གངས་ཀྱི་ལྕགས་རི་སྲུང་བའི་དིང་རི་བ།
ཕྱིར་མིག
རྗེས་དྲན།
04 གངས་ལྗོངས་ཁུ་བྱུག་བདུད་བྷེ་རྗེས་སུ་དྲན་པ།
05 རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོ་མཆོག་རྗེས་སུ་དྲན་པ།
06 ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་རྗེས་སུ་དྲན་པ།
07 རྡོ་དགོན་གསང་བདག་རྡོ་རྗེ་མཆོག་རྗེས་སུ་དྲན་པ།
08 མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་རྗེས་སུ་དྲན་པ།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།