རྗེས་དྲན་ཡིད་ཀྱི་རླབས་ཕྲེང་།
མཐོ་མཐོ་བརྒྱ་བྱིན་བཞུགས་པའི་ཁང་བཟང་དང་།།
དམའ་དམའ་ན་རག་དམྱལ་བའི་ལྕགས་མཁར་ཡན།།
གསལ་གསལ་སེམས་ཀྱི་མཐོང་སྣང་མི་གཅིག་ཀྱང་།།
འཇིག་འཇིག་རང་མཚང་སྟོན་ལ་ཁྱད་པར་ཅི།།
ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས།།
ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང་།།
དམར་དམར་སྙིང་ལ་སྐྱོང་པའི་སྤུན་ཟླ་བཅས།།
ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།
ལྷང་ལྷང་སྡུག་པའི་ཆོ་ངེ་འབར་བའི་ཁྲོད།།
སྐྲག་སྐྲག་ས་སྟེང་ཐོན་པའི་དམྱལ་བ་འདི།།
ཆེ་ཆེ་ཡིད་ཀྱི་ཁྱོན་དུ་ཤོང་དཀའ་ན།།
ཆུང་ཆུང་དབང་པོའི་ཡུལ་དུ་ཇི་ལྟར་བཟོད།།
ཆིལ་ཆིལ་ཆར་བཞིན་འབབ་པའི་བེམ་རོ་དང་།།
ཆོམ་ཆོམ་ཐོག་བཞིན་ལྷུང་བའི་ཁང་པ་གཉིས།།
ཆེམ་ཆེམ་གློག་ལྟར་མྱུར་བའི་བང་འགྲན་ཏེ།།
འཕྱུར་འཕྱུར་ཁྲག་དང་ཐལ་བས་གནམ་ས་བཀང་།།
སྐྱོ་སྐྱོ་བདག་པོས་བོར་བའི་སྒོ་ཁྱི་དང་།།
བྱམས་བྱམས་ཕ་མ་བརླག་པའི་དྭ་ཕྲུག་དང་།།
གཅེས་གཅེས་བུ་ཚ་གྲོངས་པའི་རྒན་རྒོན་དང་།།
མཛའ་མཛའ་སྙིང་སྡུག་བྲལ་བའི་གྲོགས་མེད་མང་།།
ཡོད་ཡོད་ཐམས་ཅད་ཤི་བའི་ནང་མི་ཞིག །
རྒྱང་རྒྱང་ས་མཐའ་འདི་ནས་གཅིག་པུར་ལུས།།
དུང་དུང་ཡིད་ཀྱི་གདུང་བ་ཐལ་དྲགས་པས།།
ཆད་ཆད་ངུ་བའི་འཕྲོ་ལ་གད་མོ་ཤོར།།
ཧུ་ཧུ་ཁྲི་ཕྲག་སྟོང་གི་སྐྱེ་བོ་རྣམས།།
རིག་རིག་བཞིན་དུ་སྲོག་གི་རྒྱུ་བ་བཅོམ།།
མྱུར་མྱུར་ཡུད་ཙམ་ཞིག་གི་འཇིགས་པ་དེས།།
ཡང་ཡང་བསྐལ་བརྒྱར་གདུང་བའི་རྨ་སྲོལ་གཏོད།།
ཀྱེ་ཀྱེ་གངས་ཅན་མགོན་པོ་སྤྱན་རས་གཟིགས།།
དཀར་དཀར་གངས་ཀྱི་ལྷུན་པོ་ལྟ་བུའི་སྐུ།།
བརྩེ་བརྩེ་ཡེ་ཤེས་སྤྱན་གྱིས་ཆེར་གཟིགས་ཏེ།།
དམན་དམན་བོད་འབངས་འདི་དག་བསྐྱབ་ཏུ་གསོལ།།
གསོན་གསོན་ཚེ་འདིའི་བྱ་བ་འཕྲོར་བཞག་སྟེ།།
འུར་འུར་བར་དོའི་འཕྲང་ལ་འཚང་གྱུར་ཀྱང་།།
ཚེ་ཚེ་ཕྱི་མར་ཕན་པའི་གྲབས་མེད་པོ།།
མཁྱེན་མཁྱེན་ཐུགས་རྗེའི་ནུས་པས་བསྐྱབ་ཏུ་གསོལ།།
རིང་རིང་སྙིང་དུ་ཕངས་པའི་མཛའ་བཤེས་རྣམས།།
འཕྲལ་འཕྲལ་བདུད་ཀྱི་ཕྱགས་མས་དེད་ཤུལ་དུ།།
ཅེར་ཅེར་འཕྲེང་བའི་མིག་གིས་ལྟ་བཞིན་པ།།
ཤུལ་ཤུལ་ལྷག་ལུས་འདི་དག་བསྐྱབ་ཏུ་གསོལ།།
ཤ་རུས་ཐ་དད་མེད་པའི་རིགས་རྒྱུད་ལས།།
ལས་དང་དམ་ཚིག་གཅིག་པའི་བོད་འབངས་རྣམས།།
གངས་ལྗོངས་ཆོས་ཀྱི་ཞིང་སར་ལྷན་འཛོམས་ཏེ།།
གཞིས་བྱེས་རེ་བ་ཡོངས་སུ་རྫོགས་པར་སྨོན།།
ཡ་ང་འཇིག་རྟེན་ཕྱི་མའི་རླུང་སྒྲ་ཡིས་བསུས་པའི།།
མ་འགྲིས་གྲོགས་ཀྱི་ངུ་ངག་དབྱངས་རྟ་ཡིས་བསྐུལ་ཏེ།།
གཟན་ཤམ་དམར་པོའི་འོག་གི་སྐྱོ་གདུང་གི་ར་མདའ།།
མི་མངོན་དབྱིངས་ན་བཞུགས་པའི་མཆོག་གསུམ་ལ་སྦྲན་ཡོད།།
ཀྱེ་མ་དབང་མེད་འཇིག་རྟེན་འདིར་སྣང་ལས་བརྒལ་བའི།།
ལས་རླུང་རྗེས་འགྲོ་ཉམ་ཆུང་མགོན་མེད་ཀྱི་བུ་ལ།།
བྱམས་ཆེན་མགོན་གྱི་ཐུགས་རྗེའི་ཕྱག་རིང་ཞིག་བརྐྱངས་ནས།།
འཇིགས་རུང་དུཿ ཁའི་གནས་ལས་ད་ལྟ་རང་སྐྱོབས་ཤིག།
གངས་འདབས་དབེན་པའི་རི་ནས་བསྲིངས་པ་ཡི་ཡིག་ཆུང་།།
བར་དོའི་མུན་ནག་འཐིབས་པའི་གསལ་སྒྲོན་དུ་གྱུར་ཏེ།།
ཐར་ལམ་སྣང་བ་དཀར་པོའི་འཇའ་ཟམ་གྱི་སྟེང་ནས།།
བདེ་ཅན་ཡིད་དགའ་ཆོས་འཛིན་ཞིང་མཆོག་དེར་སྐྱོལ་ཅིག།
སྣང་བ་སྲབ་མོ་འདི་ཡི་ཕར་ངོགས་ཀྱི་ལྗོངས་དེའི།།
སྟོང་པ་ཁས་ལེན་ཀུན་བྲལ་བློ་འདས་ཀྱི་རྫོང་ཆེན།།
ཟུང་འཇུག་ཀ་ནས་དག་པའི་ལྷུན་གྲུབ་ཀྱི་རྒྱལ་ས།།
ཡེ་རྫོགས་གཞི་གྲོལ་ཆེན་པོའི་བདེ་ཀློང་དུ་ཨ་ཨ།།
--- ལ་སྟོད་དིང་རིིའི་ཕྱོགས་ལ་མྱ་ངན་ཞུ།
སེམས་པ་ཡང་སེམས་པས་སྐྱོར་མི་ཐུབ་དུས་ཤིག་ཡོང་རྒྱུ་འདུག
ན་ཟུག་དང་སྐྱོ་སྡུག་ལ་ཡང་སྙིང་བོས་མི་ཁྱོགས་རྒྱུ་ཞིག་ཡོང་རྒྱུ་འདུག
ཡོད་ཚད་གངས་རི་ལྟར་དཀར་ཡང་དེ་ཙམ་གྱིས་ཀྱང་མི་ནུས་རྒྱུ་ཞིག་ཡོང་རྒྱུ་འདུག
སྐད་ཆ་མང་པོ་ངག་ལས་ཁྲོལ་ཡང་སེམས་ཀྱི་ཁ་ཞེང་སྦྲེལ་མི་ཐུབ་རྒྱུ་ཞིག་ཡོང་རྒྱུ་འདུག
ཚེ་སྲོག་གི་གཏིང་ལ་ཤིན་ཏུ་འཁྱག་པའི་དགུན་ཟླ་ཟེར་བ་ཞིག་ཡོང་རྒྱུ་འདུག
ཤ་རུས་དང་རྣམ་ཤེས་ལ་ཡང་འཁྱག་ཐག་ཆོད་པ་ཞིག་ཡོང་རྒྱུ་འདུག
སྐྱིད་སྡུག་གི་ཉིན་སྲིབ་སེམས་ཀྱིས་མི་ཁོར་རྒྱུ་ཞིག་ཡོང་རྒྱུ་འདུག
འདི་ཕྱིའི་ཁ་ཐག་ཆོས་ཀྱིས་ཀྱང་མི་ཟིན་རྒྱུ་ཞིག་ཡོང་རྒྱུ་འདུག
ང་ཚོ་རྩྭ་སྐྱ་བཞིན་གང་སར་ཁུར་འགྲོ་བ་ཞིག་ཡོང་རྒྱུ་འདུག
ང་ཚོ་ཁ་བ་བཞིན་ལྷན་དུ་བབས་ཡོང་བ་ཞིག་ཀྱང་ཡོང་རྒྱུ་འདུག
ཆགས་སྡང་མི་གཅིག་ཀྱང་སྙིང་རྗེ་གཅིག་པ་ཞིག་ཡོང་རྒྱུ་འདུག
མིག་ཟུང་མི་གཅིག་ཀྱང་མཆི་མ་གཅིག་པ་ཞིག་ཡོང་རྒྱུ་འདུག
“གཏན་གྱི་སྐྱིད་སྡུག་གཅིག་ཡིན”ཟེར་དུས་སྙིང་ཁམས་ཚ་ལམ་ལམ་ཞིག་བྱུང
“རྒྱབ་ཏུ་ང་ཅག་འགྲེངས་ཡོད”ལབ་དུས་སེམས་རྩ་དྲོད་ལྷུག་ལྷུག་ཅིག་བྱུང
འབྱུང་བཞིའི་གོད་ཆགས་བྱུང་བས་གྲང་ཤ་བརྒྱབ་མོད
གཅིག་རྒྱབ་གཅིག་ལ་གཏད་པས་རྣམ་ཤེས་དྲོས་བྱུང
དིང་རིའི་ཕྱོགས་སུ་གཟིགས་པས་འཁྱག་པ་རྙེད་བྱུང
དིང་རི་བརྒྱ་རྩ་བཏོན་པས་དྲོད་ཅིག་ཟིན་སོང
2025.01.07ལ་མྱ་ངན་དང་བཅས་སྦྱར།
འོ་མ་དཀར་མོའི་ཐིག་ལེ་ཞིག།
ཁྲག་གི་རྒྱ་མཚོར་ལྷུང་བ་ན།།
བདེ་སྡུག་གྱོན་པའི་ཚོར་སྣང་ཞིག།
གྱང་གོག་གསེང་ནས་འཚུབ་མས་བདས།།
འདབ་ལོ་སེར་པོའི་ཆ་ཤས་ཤིག།
ལམ་གྱི་མཐའ་ཁར་སྤུར་བ་ན།།
པདྨོར་དད་པའི་རྒྱ་སེར་ཞིག།
བྲག་རིའི་སྐྱིབས་སུ་ལྕགས་ཀྱིས་བསྣུན།།
ཁྲག་གིས་བརླན་པའི་ལོ་མ་ཞིག།
ན་བུན་ཀློང་དུ་ཐིམ་པ་ན།།
ཟུག་རྔུས་མནར་བའི་སྡུག་ཉམས་ཤིག།
མིག་གི་འཇིག་རྟེན་ཁམས་སུ་བསྐྱུར།།
ལོ་འདབ་རྙིད་པའི་ཟེའུ་འབྲུ་ཞིག།
འཚུབ་མའི་ཀློང་དུ་ཁྱེར་བ་ན།།
ལུས་ཕུང་བྲལ་བའི་རྣམ་ཤེས་ཤིག།
ལམ་འཕྲང་དྲུག་གི་མདོ་རུ་བསྐྲད།།
ཁྲག་གིས་སྦགས་པའི་ལོ་མ་ཞིག།
ན་ཟུག་དྲག་པོས་གདུང་བ་ན།།
ཚོར་བ་དཀར་པོའི་འཇིག་རྟེན་ཞིག།
མུན་པ་ནག་པོས་བཏུམས་པར་བྱས།།
དུང་གིས་གྲུབ་པའི་སྒྲ་དབྱངས་ཤིག།
སེར་པོའི་འོད་ལ་བསྐུར་བ་ན།།
དཀར་པོ་འོད་ཀྱི་སྣང་བ་ཞིག།
ཕ་རོལ་ལམ་ནས་རྙེད་པར་ཤོག།
ཇོ་མོ་གླང་མའི་གངས་འདབ་ཀྱི།།
ཕུ་ནུ་མིང་སྲིང་ཁྱིམ་གཞིས་ཤིག།
བཀྲ་མི་ཤིས་པའི་ས་ཡོམ་གྱིས།།
སྡུག་གི་མཚོ་མོ་གླིང་འདིར་ཁྱབ།།
འབྱུང་བ་ས་འདི་འགུལ་ཐེངས་ཀྱིས།།
བརྩེ་བའི་ཤི་གསོན་ཁ་བྲལ་བྱས།།
འདི་འདྲའི་མི་རྟག་མཐོང་ཐོས་ཀྱིས།།
ད་གཟོད་ཆོས་ཀྱི་གོ་རྟོགས་ལགས།།
ད་ནི་གདུང་སེམས་མཉམ་སྐྱོང་གིས།།
འཆི་བའི་ཚེ་འདས་བདེ་ཐོབ་ཤོག།
གསོན་པའི་ཤུལ་ལུས་དཀའ་སེལ་ཤོག།
སྤོབས་སེམས་མ་ཆུང་དིང་རི་རྫོང་།།
ད་ནི་མ་འདུག་ཆོས་སྡེ་ཚོས།།
འཆི་བའི་ལས་རྣམས་བསྔོ་སྨོན་རེ།།
གསོན་པའི་ཤུལ་འདིར་སྐྱབས་འཇུག་རེ།།
ཐུགས་དང་དགོངས་པས་སྙིང་རྗེ་མཛོད།།
ད་ནི་མ་འགོར་འབྱོར་ཆེན་རིགས།།
ཁ་ཡི་ཟས་དང་རྒྱབ་ཀྱི་གོས།།
ཤིན་ཏུ་དཀའ་སྡུག་འདི་འདྲའི་ལ།།
བྱམས་དང་བརྩེ་བས་རོགས་རམ་མཛོད།།
ད་ནི་ང་འདྲའི་ནུས་མེད་རིགས།།
རྐྱེན་ངན་འདི་འདྲའི་མགོ་ཐོན་དུས།།
སྐྱོ་གདུང་མིག་ཆུའི་གཏམ་རྒྱུད་ཅིག།
ཡིག་འབྲི་འདི་ལས་ཅི་ཞིག་བྱ།།
སྡུག་བསྔལ་ཆེ་བའི་ཉིན་མོ་འདིར།།
ཡིད་ཐང་ཆད་པའི་དུས་ཚོད་འདིར།།
གངས་འདབ་རིགས་གཅིག་སྤུན་ཟླའི་སྡེ།།
འུ་ཚོ་ནམ་ཡང་མཉམ་དུ་ཡོད།།
གཏམ་ངན་རྣ་བས་ཐོས་པ་མང་གྲགས་ཀྱང་།།
དབུས་ཀྱི་གཞིས་རྩེ་དིང་རི་གནས་དེ་རུ།།
ས་ཡོམ་རྐྱེན་ངན་བྱུང་ཞེས་ཐོས་མ་ཐག །
སྙིང་ནས་སྐྱོ་བས་མ་བཟོད་ཚིག་འབྲི་འགའ།།
མདོ་ཁམས་སྒ་ཡུལ་མདོ་ནས་ཕུལ་དགོས་བྱུང་།།
ལོ་མང་བཅུ་ཕྲག་སོང་བ་སྔ་རོལ་ན།།
ང་ཡང་ཁྱོད་ཚོ་འདྲ་བར་ས་ཡོམ་ལས།།
ནང་མི་སྤུན་ཟླ་གྲངས་མང་གྲོངས་པ་ཡི།།
སྡུག་བསྔལ་གང་འདྲ་བྱུང་བ་ཚོར་བཞིན་པས།།
མིག་མཐའ་མཆི་མས་བརླན་བྱུང་དིང་རི་བ།།
གྱེས་བྲལ་འཇིག་རྟེན་ལུགས་དང་མཐུན་ཟེར་ཀྱང་།།
སྐད་ཅིག་ཙམ་ལ་ཆ་མེད་གྱུར་བའི་འཇིགས་སྐྲག་དེར།།
རེ་སྒུག་མེད་པ་མཚན་གྱི་སྨག་རུམ་བཞིན།།
གསལ་བ་མི་ནུས་ང་ཡིས་སྙིང་གཏམ་འདི།།
གདུང་སེམས་མཉམ་བསྐྱེད་ཡིན་ད་དིང་རི་བ།།
གདུག་རྩུབ་ཅན་ལ་མགོ་བོ་མི་སྒུར་བ།།
དཔའ་ངར་ལས་ལ་བརྩོན་པ་རིགས་ཀྱི་རྒྱུད།།
ལག་ཟུང་དམ་པོ་བསྐྱངས་ནས་འགྲོ་དགོས་པས།།
ང་དང་རིགས་མཐུན་སྤུན་ཟླ་མཉམ་གཅིག་པོ།།
གདུང་སེམས་མཉམ་བསྐྱེད་ཡིན་ད་དིང་རི་བ།།
འབྱུང་བཞིའི་གནོད་འཚེ་བཟློག་པར་མ་ནུས་ཀྱང་།།
སེམས་པ་གཅིག་དང་གཅིག་གི་འབྲེལ་བ་ཡི།།
ལས་དང་སྨོན་ལམ་ཚོགས་ཀྱིས་བསགས་པ་ཡིས།།
ཚེ་འདི་མ་རྫོགས་སྐྱེ་བ་ཕྱི་མར་ཡང་།།
གདུང་སེམས་མཉམ་བསྐྱེད་ཡིན་ད་དིང་རི་བ།།
ས་བདག་བྲེད་དེ་དངངས་འདར་ཅི་ལ་བྱས།།
སེམས་བཟང་ཅན་ལ་གོད་ཆག་བཀང་དོན་ཅི།།
སྡུག་གི་མུན་པ་དད་སྟོབས་ཤུགས་ཀྱིས་སེལ།།
ས་ཆུ་འབྱུང་བོའི་གནོད་པ་དཔག་དཀའ་ཡང་།།
རིགས་མཐུན་ཕུ་ནུའི་བརྩེ་བ་འགྱུར་དོགས་མེད།།
གངས་དཀར་གཤིས་ལ་འགྱུར་བ་མེད་དོ་ཀྱེ།།
ནང་གི་གདུང་བ་སེལ་ལོ་སྐྱབས་དེ་གསོལ།།
ཕྱི་ཡི་ཁང་ཁྱིམ་སྐྱོར་ཡོང་གཏོང་ཕོད་ཆེ།།
མི་རྟག་མི་རྟག་དིང་རི་བརྒྱ་རྩ་སོམས།།
ས་སྒང་འདར་ཀྱང་སྙིང་རུས་བསྐྱེད་ཅིག་ཨང་།།
བློ་ཕམ་བྱུང་ཡང་ཆོས་ཉིད་ཡིན་ནོ་ཨང་།།
རང་རིགས་སྤུན་ཟླས་མགོ་འཕང་བཏེགས་ཤིག་ཨང་།།
ཕྱོགས་བཞིའི་སྤུན་ཟླས་མྱ་ངན་སྨྲེ་ངག་འདོན།།
མཚམས་བཞིའི་བརྩེ་བས་དགུན་གཞུང་དྲོ་བར་བྱས།།
སྟེང་འོག་སྐྱབས་ཀྱིས་བསྔོ་སྨོན་མཚམས་སུ་སྦྱར།།
འདས་སོང་མི་རྟག་ཆོས་ཉིད་སྒོམ་རྒྱུ་བྱོས།།
ད་ལྟ་རང་ལ་ཕན་ཚུན་གཅེས་བཞིན་འགྲོ།
མ་འོངས་སང་གི་སྐྱ་རེངས་བསུ་ལ་ཕྱོགས།།
༢༠༢༥.༡.༧ཉིན་གྱི་ཞོགས་པར་གཏམ་ངན་དེ་
ཐོས་འཕྲལ་ཅི་འདི་མེད་པར་བྲིས་སོ།།
༡
སྐྱེ་འཆིའི་ཆུ་རིས་གཅིག་ནས་གཅིག་བརྒྱུད་པས།།
བར་མེད་མནར་བའི་སྡུག་བསྔལ་རྦ་རླབས་དབུས།།
ཉམ་ངའི་ཆག་སྒོ་མཐོང་ཚེ་འཆི་མའི་རླབས།།
ཡར་ཀླུང་དལ་འབབ་སྔོན་མོར་སིབ་ཀྱིས་ཐིམ།།
༢
ལྷག་པར་ལས་ཀྱིས་བསྡུས་པའི་ཁ་བའི་སྤུན།།
ནོར་འཛིན་དཔལ་མོའི་འདར་ཁྱོམ་ལན་གཅིག་གིས།།
འཇིགས་རུང་གཤིན་རྗེའི་གཡུལ་སར་ཁྲིད་མཐོང་ཚེ།།
སྐྱོ་བའི་སྙན་ངག་མདོ་ཁམས་ཡུལ་ནས་སྤུར།།
༣
ངོ་མཚར་སྟོང་འབར་ས་འཛིན་དཀར་པོའི་དབུས།།
གཤིས་བཟང་གངས་རིའི་མིང་སྲིང་གཞིས་ཁྱིམ་ལ།།
འབྱུང་བའི་གོད་ཆགས་བློ་ཡིས་དཔག་དཀའ་བར།།
བསམ་ཞིང་བསམ་ན་སྐྱོ་བའི་སྨྲེང་གླུ་ཤོར།།
༤
འོན་ཀྱང་སེམས་མེད་འབྱུང་བཞིའི་གནོད་པ་འདི།།
འུ་ཚོ་གཅིག་པུར་ཕོག་པའི་གཏད་མདའ་མིན།།
གླིང་ལྔ་མཚོ་བཞིར་འདི་ཡི་གནོད་པས་ཁྱབ།།
ཐུགས་སྐྱོ་མ་གནང་ཧི་མ་ལ་ཡའི་སྲས།།
༥
མི་སླུའི་སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ།།
གཙུག་ཏུ་བརྟེན་བཞིན་ལས་འབྲས་བསམ་ཤེས་པའི།།
འུ་ཚོར་བཟོད་དཀའི་ཆག་སྒོ་ཅི་བྱུང་ཡང་།།
གཞན་ལས་ལྷག་པའི་གུ་ཡངས་ཁྱད་ཆོས་ཡོད།།
༦
ཆག་སྒོ་འབྲིང་ཚད་ཙམ་ལའང་མི་བཟོད་པར།།
མཐོན་པོའི་ཐོག་ཁང་རྩེ་ནས་མཆོང་བ་སོགས།།
རང་སྲོག་གཅོད་པའི་གུ་དོག་བྱ་བ་ནི།།
གཞན་དང་གཞན་ནས་མཐོང་བ་མང་ན་ཡང་།།
༧
བྱམས་དང་སྙིང་རྗེ་གཙིགས་སུ་འཛིན་པ་ཡི།།
འཛམ་བུའི་གླིང་སྣེ་གསུམ་པའི་རིགས་ཀྱི་བུར།།
ཚད་མཐོའི་རྐྱེ་ངན་མགོ་ལ་ལྷུང་ན་ཡང་།།
སྦྱོར་ངན་སྤོང་བའི་དཀྱེལ་ཆེའི་སྙིང་སྟོབས་ཡོད།།
༨
དེ་ལྟར་སྐྱོ་བའི་སྙན་ཚིག་བྱ་མ་རྟ།།
གདུང་སེམས་མཉམ་དུ་སྐྱེད་པའི་ཁུད་པ་ཅན།།
ལ་སྟོད་རིགས་མཐུན་སྐྱེ་བོའི་འདུན་ས་ན།།
གློག་གི་འགྲོས་ལས་མྱུར་བའི་ཤུགས་ཀྱིས་སོང་།།
༢༠༢༥—བོད་ཟླ༡༡—བོད་ཚེས༨ཉིན།
ལྷ་ས་ལྷ་ཡི་གྲོང་ཁྱེར།
ཁྱེད་ཀྱི་ཉེ་འཁོར་ནས།
གློ་བུར་བའི་རྐྱེན་ངན་འདི།
ཇི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་།
དིང་རི་བ།
རང་བྱུང་གི་གནོད་འཚེ་འདིར།
བཟློག་མེད་ཀྱི་འཇིག་པ་ཞིག
ང་ཚོས་བསྔོ་སྨོན་རེ་བཅོལ་ནས་ཡོད།
དིང་རི་བ།
སེམས་མ་ཕམ།
ཡིད་མ་སྐྱོ།
ང་ཚོ་དང་མཉམ་དུ་ཡོད།
རྡོ་ཨར་འདམ་གྱི་མཛེས་རིས་རྡུལ་དུ་གཡོགས་ཏེ།།
གནས་དིང་རི་ཡི་ས་གཞིར་མིག་ཆུ་འཐོར་ཚེ།།
གནའ་དེང་མ་ཡི་ཕ་ཤུལ་སྟོང་བར་གྱུར་པས།།
ང་འཇིགས་སྐྲག་གིས་ཟིན་ཞིང་ངུ་སྙིང་སྐྱེ་འོང་།།
དགུན་ཙག་རླུང་གིས་ཇོ་ཇོའི་སྐྲ་ལོ་རེ་བསེད་ནས།།
ཐང་ས་རྡུལ་ཁྲོད་སྦྲ་གུར་མགོ་ཐོག་ལ་ཕུབས་ན།།
སེམས་ཡིད་ངོགས་ནས་མི་འདུག་འགྱེལ་ལ་ཁད་བྱེད་པའི།།
སྡེ་ཁུ་སིམ་འདིའི་སྲང་ལམ་སྐྱོ་ངག་གིས་གང་འདུག།
སྡེ་མི་ཚོགས་ཀྱིས་མིག་ཟུང་དིང་རི་ལ་ཕྱོགས་དུས།།
ངག་མགྲིན་པ་ཡིས་མ་ཎི་མགུར་དབྱངས་ལ་འཐེན་དུས།།
གནས་དབེན་པ་འདིའི་ནམ་མཁའ་དུད་སྨུག་གིས་གང་ལ།།
ཆུང་བྱིས་པ་ཚོའང་ངུས་ནས་ཅི་བྱེད་རང་མི་འདུག།
དགྲ་ངེས་མེད་ཀྱིས་ཚེ་སྲོག་གློ་བུར་འཕྲོགས་ན།།
བྱ་ཚང་ནང་ནས་མི་སྡོད་ནམ་མཁའ་ནས་འཕུར་འདྲ།།
རྒན་བགྲེས་སོང་ཚོའི་དཔྲལ་བ་ཐལ་རྡུལ་གྱིས་གཡོགས་ཚེ།།
ཡིད་བྲང་གཞུང་འདི་སྨྲེང་བའི་སྐྱོ་གདུང་གིས་གཙེས་འོང་།།
མི་འདོད་འཇིགས་སྐྲག་ཐོག་ལ་བབས་ན་ཡང་།།
གངས་རི་ཤེལ་དཀར་འདྲ་མོ་མཐོང་མ་ཐག།
སེམས་སུ་ཉི་འོད་འཕྲོས་པའི་དཔང་མཐོ་དགོས།།
ཉི་འོད་རིས་སུ་མེད་པའི་དཔང་མཐོ་དགོས།།
མི་འདོད་གཉེན་ཉེ་ཁ་བྲལ་གཏོང་ན་ཡང་།།
མཆོད་རྟེན་བྱིན་རླབས་ཅན་པོ་མཐོང་མ་ཐག།
སེམས་སུ་ཡིད་ཆེས་རྙེད་པའི་དཔའ་སྐྱེད་ཅིག།
ཡིད་ཆེས་འགྱུར་བ་མེད་པའི་དཔའ་སྐྱེད་ཅིག།
མི་འདོད་ཁྱིམ་གཞིས་ཕངས་མེད་བརླག་ན་ཡང་།།
བླ་མ་ཉི་མ་འདྲ་བོ་མཐོང་མ་ཐག།
སེམས་སུ་མི་རྟག་སྒོམ་པའི་གདེང་རྙེད་ཅིག།
མི་རྟག་འཁོར་བ་མི་རྟག་གདེང་རྙེད་ཅིག།
མི་འདོད་བསགས་ནོར་ས་རུ་ཟགས་ན་ཡང་།།
སྤུན་ཟླ་སྐར་ཚོགས་འདྲ་བོ་མཐོང་མ་ཐག།
སེམས་སུ་གདུང་བ་མཉམ་པའི་དཔང་མཐོ་དགོས།།
གདུང་བ་མཉམ་དུ་བསྐྱེད་པའི་དཔང་མཐོ་དགོས།།
2025|01|08ཉིན།
--- ལ་སྟོད་ལྷོ་ཡི་དིང་རི་བ་ལ་གདུང་སེམས་མཉམ་བསྐྱེད་དུ།
གངས་འདབས་ཀྱི་རི་སྡེ་ཕྲ་མོ།
ལྷ་ཚོགས་ཀྱིས་བསྲུངས་པའི་སྐར་ཕྲན་དེ་དག
ལྷིང་འཇགས་ཀྱི་སྐྱ་རེངས་ཁྲོད་ལམ་ལམ་འཚེར།
ས་ཆེན་གྱི་ཁྲོ་གཉེར་ཐེངས་ཤིག་གིས།
ཡོད་ཚད་རྨང་ནས་དཀྲོགས་པར་བྱེད།
ཞོགས་པའི་ཉི་ཟེར་གངས་ལ་ཕོག་པའི་ཚེ།
ངུ་ངག་དང་འོ་དོད་ཐམས་ཅད་འཇགས་པར་གྱུར།
སེམས་ཀྱིས་རི་རབ་ཐེག་པའི་རྣམ་ཤེས་དག
སྐར་ཕྲན་རེ་རེ་བཞིན་སྔར་ལས་འོད་དུ་འཚེར།
རུས་ལ་ཟུག་པའི་ཆོས་ཀྱི་བག་ཆགས་དེས།
གོད་ཆག་ཡོད་ཚད་རྒྱབ་ལ་འཁུར་ཏེ།
མུ་མཐུད་དུ་མདུན་ལ་བསྐྱོད།
ཨམ་གཙིགས་བསྡམས་ཏེ།
སྐྱེ་འཆིའི་རང་བཞིན་ཤེས་པའི་སྐར་ཕྲན་དེ་དག
སྐར་མདའ་རེ་གཉིས་ཀྱིས་གང་ནས་ཐུབ།
ཕན་ཚུན་ཚིག་གིས་གསོ་བའི་སྐར་ཕྲན་དེད་དག
ཉི་འོད་ཁོ་ནར་སེམས་པ་ཕྱོགས།
འོན་ཏེ།
སུས་ཀྱང་དཀྲོགས་མི་ཐུབ་པའི་སྐར་ཕྲན་དེ་དག
སུ་ལའང་འདྲོགས་མི་སྲིད་དེ།
སེམས་ཀྱི་དད་པ་ལ་གཡོ་བ་མེད་པས་སོ།།
༢༠༢༥/༠༡/༠༨ཕྱི་དྲོར་གདུང་སེམས་དྲག་པོས་འཕྲལ་མར་སྦྱར་བའོ།།
ད་ལོ
ཆེས་སྤྱིར་བཏང་མ་ཡིན་པའི
མདོ་དབུས་གཉིས་འཇམ་འཇགས་གེར
བདེ་ཞིང་སྐྱིད་པར་གནས་འདུག་ཡོད་བསམས་སོང
ཁོར་ཡུག་རེ་རེ་ནས་བྱ་བཞག་གང་ཞིག
སྒྲུབ་བཞིན་སྒྲུབ་བཞིན་བསྒྲུབ་མ་ཚར་བར
མགོ་ལ་ཆག་སྒོ་ལྷུང་བ་འདི་ཡང
ཁྱེད་ཅག་དང་འུ་ཅག་གིས
ནམ་ཡང་དང་ལེན་བྱེད་དཀའ་པའི
ལས་ཀའི་གོམས་གཤིས་ཤིག
མྱུར་མྱུར་ངང་མི་རྟག་པའི་གསལ་འདེབས་བྱེད་པ་འདྲ
དགུན་རླུང་གི་ངར་ཁ་བཙན་པོའི་ཁྲོད
འདི་ལྟར་ཚེ་སྲོག་གི་དབུགས་རྒྱུན་ཞིག་འགག་པར་སྒྲོག
མཐོ་སྒང་གི་མཚན་མོའི་སྨག་རུམ་ནས
གྲང་ཟུག་གི་ཤུར་སྒྲའི་སེམས་པ་ཡང་ཡང་གཙེས
དིང་རི དིང་རི་རྫོང
ཁྱེད་ཅག་དབུས་གཙང་ནས་སྐྱེས་ཤིང
སླར་ཡང་དབུས་གཙང་ལ་འཐིམ་པར་སྐྱོ་སྣང་མེད་པར
སྔ་བཞུད་གནང་བའི་སྐྱེ་འགྲོ་རྣམས་ཕངས་སེམས་ཚད་མེད་བྱུང
ད་ནི
ཁྱེད་ཅག་དགའ་བའི་དབུས་གཙང་དང
ཁྱེད་ཅག་འཁྲེང་བའི་ཤུལ་བཞག་གི་ཡོད་ཚད
ཁྱེད་ཅག་གི་བསམ་པའི་སྨོན་པ་བཞིན
བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས
༢༠༢༥.༡.༨
གཡུ་ཡི་མེ་ལོང་ལྟ་བུའི་རྒྱང་རིང་གི་དིང་རི
སྐད་ཅིག་ཉིད་ལ་ཤེལ་སྒོ་ཆག་པ་བཞིན་སིལ་བུར་བཏང
རྡོ་བ་དང་གྱང་ཆག་གི་སོ་བར་དུ
གྱེས་བྲལ་དང་ན་ཟུག་གི་གདུང་བ་འཕྱུར
ཤི་གསོན་གཉིས་ཀྱི་བར་མཚམས་སུ
བརྩེ་དུང་གི་ལྗོན་པ་བརྟན་ཀྱུག་གེར་འགྲེང་ཡོད
དུས་ཚོད་དང་མཁའ་དབུགས་ཁེགས་སོང
ངའི་མགྲིན་པ་བརྣངས་པར་གྱུར
མུ་ཏིག་འདྲ་བའི་མཆི་མ་ཁ་ཤས
འཁྱགས་སིབ་སིབ་ཀྱིས་ཁ་རོག་གེར་སེམས་སུ་བཞུར
གདུག་རྩུབ་ཀྱི་མཚན་སྨག་འདི་ཕར་ལ་བསྐྱལ་རྗེས
མཛེས་སྡུག་དང་དྲོད་ཁོལ་གྱི་སྐྱ་རེངས་གཞན་ཞིག་འཆར་སྲིད
2025.1.8
༡
བསླུ་མེད་བླ་མ་དཀོན་མཆོག་རྣམ་གསུམ་ལ།།
དུས་གསུམ་གཡེལ་མེད་མི་འགྱུར་དད་གྱུར་ཅིག།
མི་འདོད་སྡུག་བསྔལ་ཆུ་གཏེར་ཆེན་མོ་ལས།།
འགྲོ་དྲུག་ཐུགས་རྗེའི་ལྕགས་ཀྱུས་འདྲེན་པར་མཛོད།།
༢
སྐྱོ་སྐྱོ་མ་གནངས་དིང་རིའི་ཡུལ་མི་དག།
འབྱུང་བཞིའི་རྐྱེན་ལ་བཟློག་ཐབས་ཅི་མཆིས་ཏེ།།
བཤུམས་བཤུམས་མ་གནངས་དིང་རིའི་ཡུལ་མི་ཚོ།།
སྐྱེ་འཆིའི་བདག་པོས་སུ་ཡང་བྲན་དུ་བཀོལ།།
༣
སྐྱོ་སྐྱོ་མ་གནངས་དིང་རིའི་ཡུལ་མི་ཚོ།།
མཆོག་གསུམ་བླ་མས་ཐུགས་རྗེས་གཟིགས་པར་ངེས།།
བཤུམས་བཤུམས་མ་གནང་དིང་རིའི་ཡུལ་མི་ཚོ།།
ཡུལ་མི་ས་ཡ་དྲུག་གིས་བསྲུང་ནས་ཡོད།།
༢༠༢༥.༡.༨ཉིན་དིང་རིའི་ཡུལ་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱིས་བྲིས་པའོ།།
ང་ཚོར་སྐྱེ་འཆི་སྐྱེ་འཆིར་ཤེས་པའི་གཞུང་ལུགས་ཀྱི་རྒྱབ་རྩ་ཡོད།
ང་ཚོར་བདེ་སྡུག་བདེ་སྡུག་ཏུ་རྟོགས་པའི་འདུ་ཤེས་ཀྱི་ས་བོན་ཡོད།
ང་ཚོར་མི་རྟག་པ་མི་རྟག་པར་ཚོར་བའི་ཤོངས་ཡངས་པའི་བསམ་བློ་ཡོད།
འདི་དག་ཁྲག་གི་གསེང་ན་ཡོད།
རུས་པའི་ངོས་ན་ཡོད།
འདུ་ཤེེས་ཀྱི་གཏིང་ན་ཡོད།
གངས་རིའི་འདབས་ཀྱི་ཁྱེད་ཚོར།
ད་ལྟ་འདི་དག་གིས་ཅིས་ཀྱང་ཕན་ཐོགས་ངེས་ཨང་།
དིང་རི་བ།
ཐམས་ཅད་ཁྱེད་ཚོར་ཕྱོགས་ཤིང་།
ཐམས་ཅད་ཀྱིས་ཁྱེད་ཚོ་གླེང་བཞིན་པས་སླར་ཡང་གངས་དཀར་པོའི་རྩེ་ལ་ཉི་མ་འཆར་ངེས།
གཞིས་ཀ་རྩེ་བརྒྱུད་ནས་དིང་རི་ལ་འགྲོ་དུས།
སེར་འོད་ལམ་ལམ་འཕྲོ་བའི་རྒྱ་ཕིབས་དེ་མཐོང་བྱུང་།
རྒྱ་ཕིབས་ལྟ་བུའི་བླ་མའང་དྲན་བྱུང་།
དིང་རི་ལ་འགྲོ་བའི་ལམ་དུ་ལྷ་རྩེ་ལ་བརྒྱུད་བྱུང་།
སྟོད་གཞས་ཞེས་པའི་གཞས་དེ་ཡང་ཡང་གསན་དུས།
བླ་མ་དྲན་པའི་སྐྱོ་གདུང་གཞས་ལ་བཅོལ།
ལྷ་རྩེ་བརྒྱུད་ནས་དིང་རི་ལ་ལོག་དུས།
ས་སྲོད་ཀྱི་ཉི་འོད་ལམ་ལམ་འཕྲོ།
ངའི་མིག་ཀོང་བརྒྱུད་ནས་ཉི་འོད་རྒྱང་དུ་ནུབ།
དིང་རི་ནས་ཕྱིར་ལ་ལོག་དུས།
ངས་གངས་རིའི་མདུན་གྱི་གྲོང་ཚོ་མཐོང་བྱུང་།
སེམས་པ་གངས་རིར་བཅོལ་བའི་མེས་པོ་ཚོ་མཐོང་བྱུང་།
དེ་རིང་ཞོགས་པར།
ཉི་འོད་ལམ་ལམ་ཤར་དུས།
ངའི་མིག་ཀོང་ནས་དིང་རི་ལ་ཉི་འོད་ལམ་ལམ་འཕྲོས་མ་བྱུང་།
དེ་རིང་ཞོགས་པར།
ངས་ཁ་པར་ལས་གངས་རི་མཐོང་བྱུང་།
གངས་རིའི་མདུན་གྱི་གྲོང་ཚོའང་མཐོང་བྱུང་།
སྐྱོ་ཉམས་ཆགས་པའི་མེས་པོ་ཚོའི་ངོ་གདོང་མཐོང་དུས།
ངས་ང་ཡི་སྤུན་ཟླར་ཁུ་སིམ་མེར་སྨོན་འདུན་ཞིག་ལས།
ང་ལ་ཅི་ཞིག་ཡོད་ཨང་།
གངས་རིའི་མདུན་གྱི་དིང་རི།
ཙག་དང་རླུང་བའི་ཁྲོད་ཀྱི་དིང་རི།
ངས་སླར་ཡང་ཁུ་སིམ་མེར་སྨོན་འདུན་ཞིག་ཞུ།
ནམ་ཟླ་དགུན་གཞུང་ཞིག་ལ།།
གྲང་རླུང་འུར་འུར་ལྡང་བྱུང་།།
འབྱུང་བཞིའི་ཆོ་འཕྲུལ་ཞིག་གིས།།
འཇིག་རྟེན་འུར་ཟིང་གྱུར་སོང་།།
ས་ཡོམ་འདར་ཐེངས་ཤིག་གིས།།
ཚེ་སྲོག་མང་པོ་བཅོམ་སོང་།།
རླུང་བུ་གཡུགས་ཐེངས་ཤིག་གིས།།
ངུ་ངག་མང་པོ་ཐོས་སོང་།།
དུས་ཚོད་སྐད་ཅིག་ཙམ་ལ།།
ཁང་བརྩེགས་མང་པོ་བརྡིབས་སོང་།།
ཉག་ཕྲའི་ཚེ་སྲོག་མང་པོ།།
སྐད་ཅིག་ཉིད་དུ་ཡལ་སོང་།།
དེང་རབས་ཆ་འཕྲིན་ལམ་ནས།།
རོགས་དངུལ་མང་པོ་འཛོམས་རུང་།།
རྐྱེན་དུ་ཤོར་བའི་ཚེ་སྲོག།
ཕྱིར་ལ་ཡོང་ཐབས་མི་འདུག།
ཧ་བོ་འབྱུང་བཞིའི་གནོད་འཚེ།།
མྱུར་དུ་ལྡོག་པར་གྱུར་ཅིག།
ཚེ་འདས་དགེ་སྨོན་ཆོས་ཀྱིས།།
དག་པའི་ཞིང་དུ་སྐྱེས་ཤོག།
༢༠༢༥ལོའི་ཟླ༡ཚེས༨ཉིན།
དིང་རི་བ
མང་མང་གིས་དེ་རིང་ཁྱེད་རང་ཤེས
མང་མང་གིས་ད་གཟོད་ཁྱེད་རང་གླེང
ས་རྡུལ་དང་རླུང་འཚུབ་ཀྱིས་གཙེས་པའི་དེ་རུ
ང་ཚོས
ཁང་ཁྱིམ་དང་ར་སྐོར་བསྐྱར་དུ་བསྐྲུན་ཆོག
གློག་ཀ་དང་ཟམ་པ་སྔར་བཞིན་ཡོད་ངེས
དཔྱིད་མགོ་སླེབས་ན
གས་ཁ་སོས་ཤིང་ལྗང་སྨྱུག་ཀྱང་སྔར་བཞིན་འབུས་ངེས
ཅིས་ཀྱང་དང་ལེན་དཀའ་བ་ནི
ཚེ་སྲོག་གི་རྒྱུ་བ་འགགས་པའི་རྣམ་ཤེས་ལྡོམ་པོ
འགག་ལ་ཉེ་བའི་མལ་ཁྲི་སྟེང་གི་ཉམ་ཆུང་ནད་པ
ད་དུང
ཉིན་རེ་བཞིན་སྣོན་རྩིས་བྱས་པའི་གྲངས་ཀ་དེ་དག
༢༠༢༥/༡/༨ཉིན།
@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
ཕྱིར་མིག
རྗེས་དྲན།
04 གངས་ལྗོངས་ཁུ་བྱུག་བདུད་བྷེ་རྗེས་སུ་དྲན་པ།
05 རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོ་མཆོག་རྗེས་སུ་དྲན་པ།
06 ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་རྗེས་སུ་དྲན་པ།
07 རྡོ་དགོན་གསང་བདག་རྡོ་རྗེ་མཆོག་རྗེས་སུ་དྲན་པ།
08 མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་རྗེས་སུ་དྲན་པ།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།