ལོ་སར་ཤིས་ཚིག
ལོ་སར་ཤིས་ཚིག་ཆེད་སྒྲིག
ཡོན་ཏན་ཀུན་གྱི་གཞིར་གྱུར་བླ་མ་དང་།།
དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ་ཚོགས་དང་།།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ།།
རྟག་ཏུ་བསྟེན་ནོ་འདོད་དོན་ཀུན་འགྲུབ་མཛོད།།
སྣོད་ཀྱི་འཇིག་རྟེན་བཀྲ་ཤིས་འབྱུང་བའི་གཞི།།
བཅུད་ཀྱི་སེམས་ཅན་མི་ཡི་སྤྱོད་བཟང་སྟེ།།
ཕྱི་ཡི་སྤྱོད་པའང་ནང་གི་ཀུན་སློང་དང་།།
འབྲེལ་བས་མི་ཡི་སེམས་འདི་གཙང་བར་ཤོག།
ཉིན་ཞག་ཟད་པས་ཟླ་དང་ཟླ་བ་འདི།།
ཟད་པས་ལོ་ཡི་འཁོར་ཚུལ་གཅིག་ན་ཡང་།།
ལོ་དང་ལོ་འདི་ལེགས་དང་མི་ལེགས་པ།།
སྣ་ཚོགས་འབྱུང་བའང་གཏུགས་ན་རང་ལ་རག།
རང་ཉིད་དུལ་དང་མ་དུལ་སེམས་ལ་རག།
སེམས་གཤིས་བཟང་མིན་དམ་པའི་ཆོས་ལ་ཐུག།
ཆོས་དང་སེམས་རྒྱུད་འདྲེས་མིན་སྒོམ་དང་འབྲེལ།།
སྒོམ་ལ་ཚུལ་བཞིན་སློབ་པའི་བཀྲ་ཤིས་ཤོག།
སྒོམ་པ་ཡང་དག་ཚུལ་བཞིན་བསམ་ལ་ཐུག།
བསམ་པ་ཡང་དག་ཚུལ་བཞིན་ཐོས་ལ་རག།
ཐོས་པ་རྣམ་དག་མཚན་ལྡན་བཤེས་དང་འབྲེལ།།
བཤེས་གཉེན་ཚུལ་བཞིན་བསྟེན་པའི་བཀྲ་ཤིས་ཤོག།
བཤེས་ལ་དད་ཀྱང་གདམས་དོན་མ་བསྒྲུབས་ན།།
དད་པའི་དོན་ཆུང་བཀའ་བཞིན་སྒྲུབ་པ་ཡིས།།
ལམ་ལ་རིམ་བཞིན་སློབ་ཅིང་བསླབ་པའི་མཐུས།།
ཕྱི་ནང་སྣོད་བཅུད་ཤིས་པས་གང་བར་ཤོག།
ཉི་ཟླ་སྐར་གསུམ་དབང་འདོད་འཁྲུལ་སེམས་དང་།།
རི་ཀླུང་ཐང་གསུམ་འཛིན་འདོད་ཧམ་སེམས་དང་།།
ཤར་ནུབ་དབུས་གསུམ་དཀྲིགས་འདོད་ངན་སེམས་ཀུན།།
ཞི་ཞིང་ཤིས་པའི་རྒྱུ་ལ་འབད་པར་ཤོག།
དུས་ནི་མི་འགྱུར་མི་རྣམས་འགྱུར་བ་རུ།།
གསུངས་པའི་གནད་དེ་གསལ་བར་ངོས་ཟིན་ནས།།
འབྱུང་འགྱུར་སྦྲུལ་གྱི་ལོ་འདི་བཀྲ་ཤིས་ཀྱི།།
ལོ་རུ་བསྒྱུར་བའི་ལས་ལ་འབད་པར་ཤོག།
བདེ་སྐྱིད་རྩ་བ་སེམས་ནས་འཚོལ་དགོས་ཤིང་།།
སེམས་ལ་ཆོས་ཀྱི་བདུད་རྩིའི་རླན་དགོས་པའི།།
གནས་ལུགས་ཤེས་ཤིང་སྒྲུབ་པའི་ལག་ལེན་གྱིས།།
ཡངས་པའི་རྒྱལ་ཁམས་བདེ་ཞིང་སྐྱིད་པར་ཤོག།
བླ་མ་ཡི་དམ་སྐྱབས་གནས་མཆོག་གསུམ་དང་།།
ཚངས་དང་དབང་བོ་འཇིག་རྟེན་སྐྱོང་བའི་ལྷ།།
འབྱུང་བོ་བཅས་པས་ཇི་ལྟར་སྨོན་པའི་དོན།།
དེ་ལྟར་འགྲུབ་པར་འགྱུར་བའི་ཤིས་པ་སྩོལ།།
རྐང་གཉིས་མི་རྣམས་བཀྲ་ཤིས་བདེ་ལེགས་ཤོག།
རྐང་བཞི་ཕྱུགས་རིགས་རྣམས་ཀྱང་བདེ་ལེགས་ཤོག།
བྱེས་སུ་འགྲོ་རྣམས་བཀྲ་ཤིས་བདེ་ལེགས་ཤོག།
ཕྱིར་འོང་དག་ཀྱང་བཀྲ་ཤིས་བདེ་ལེགས་ཤོག།
ཉིན་མོ་བདེ་ལེགས་མཚན་བདེ་ལེགས།།
ཉི་མའི་གུང་ཡང་བདེ་ལེགས་ཤིང༌།།
ཉིན་མཚན་རྟག་ཏུ་བདེ་ལེགས་པའི།།
དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།
ཅེས་པ་འདི་ནི་ཤཱཀྱའི་དགེ་སྦྱོང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་ཤིང་མོ་སྦྲུལ་གྱི་གནམ་ལོ་གསར་ཚེས་ཀྱི་ལོ་སར་ཤིས་ཚིག་ཅིག་གི་དོད་དུ་སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ་༡ཚེས་༢༨དང་ལུགས་རྙིང་ཤིང་ཕོ་འབྲུག་གི་ལོའི་ཆེས་མཐའ་མའི་ཉིན་མོ་སྟེ་ཟླ་༡༢ཚེས་༢༩ཕྱི་དྲོར་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཤར་མར་བྲིས་པའོ།།
ཀ་ཅ་གོན་པ་ཁང་བ་རླངས་འཁོར་རྫིག།
ཁ་ཟས་བཞེས་སྤྲོ་དཀར་དམར་སྡེར་ཁ་ཡག།
ག་སར་འགྲོ་བདེ་ཆ་ཕྲིན་མྱུར་བ་སོགས།།
ང་ཚོའི་དུས་རབས་འདི་ཡི་དགེ་མཚན་ལགས།།
ཅ་ནེ་གསེར་དང་དངུལ་གྱིས་ཤན་པ་དག།
ཆ་འགྲིག་ཚར་དུ་དངར་ནས་བཤམས་པ་རུ།།
ཇ་ཆང་འོ་ཞོ་ལྟེམ་པའི་འཚོ་བ་ལ།།
ཉ་མོ་ལྟ་བུར་ངོམས་མེད་ཅི་དགར་རོལ།།
ཏ་ཐཱ་ག་ཏའི་རྗེས་འཇུག་མཁན་སྤྲུལ་ཚོའང་།།
ཐ་མལ་འདོད་ཡོན་དཀོར་ལ་ཆེར་ཆགས་ན།།
ད་ལྟའི་ཕྱི་ཡི་ཁྲ་རིག་ལོངས་སྤྱོད་ཀྱིས།།
ན་ཆུང་ཡིད་དབང་འཕྲོག་ལ་ཁག་ཅི་ཨང་།།
པ་ཊའི་རིས་མཚུངས་འདི་སྣང་འཚོ་བའི་ལམ།།
ཕ་མཐའ་མི་མངོན་གང་ལ་ཐུག་པའི་སྣེ།།
བ་ནེ་བུན་ནེ་ཞིག་ལས་མི་མཐོང་ཡང་།།
མ་དག་ལས་ཀྱིས་མི་བསྐྱོད་དབང་མ་མཆིས།།
ཙ་ཙིག་ན་བ་ཙམ་མིན་ནད་ཡམས་དང་།།
ཚ་གྲང་འབྱུང་འཁྲུགས་གཡུལ་འགྱེད་དྲག་པོ་དང་།།
ཛ་བརླང་སུན་གཙེར་མུ་གེས་མནར་བ་སོགས།།
ཝ་ལེར་བསམ་ན་འཇིག་རྟེན་འཁོར་བའི་གཤིས།།
ཞ་ལོང་འོན་འཐེང་ཕོ་མོ་རྒན་གཞོན་ཀུན།།
ཟ་ཟིའི་སྣང་བ་མ་བརྟགས་ཉམས་དགའི་ཆོས།།
འ་འུར་ཟང་ཟིང་དུས་སྟོན་གླུ་བྲོ་དང་།།
ཡ་མཚན་ཆོ་འཕྲུལ་ལྟད་མོས་ཡིད་སེམས་སྐྱོམ།།
ར་བ་གངས་ཀྱིས་བསྐོར་བའི་ཡུལ་གྲུ་འདིའི།།
ལ་ལུང་ཀུན་ཏུ་རླུང་འཚུབ་ཆེར་གཡོ་ཞིང་།།
ཤ་ཁྲག་ལུས་པོ་གཅུན་པའི་ཙག་ཆེ་ཡང་།།
ས་ཆུ་དྲོས་པའི་ནམ་ཟླ་སུ་ཡིས་ཁོགས།།
ཧ་ལོའི་མེ་ཏོག་བཞད་དུས་སླེབས་ཉེ་བའི།།
ཨ་རེ་དགའ་བའི་དཔྱིད་གསར་བསུ་ཚིག་འགའ།།
ཧ་ཡང་དངུལ་དུ་རློམ་པའི་སྒོམ་མིང་བས།།
ཨ་མདོའི་ཡུལ་ནས་སྨོས་པ་ཤིས་གྱུར་ཅིག།
མརྒད་ལྷུན་པོར་ཉིན་བྱེད་ཟེར་གྱིས་འཁྱུད།།
སྲིད་ཞིའི་འཕྲིན་ལས་གཅིག་བསྡུས་ལྷག་པའི་ལྷ།།
ཨུཏྤལ་གསར་བའི་འཁྲི་ཤིང་ཕྱག་ན་ལྡེམ། །
རྒྱལ་ཡུམ་ཏཱ་རེ་འཕགས་མས་ཤིས་པ་སྒྲུབས།།
ཁོར་ཡུག་ས་འཛིན་ཁ་བའི་མདངས་ཀྱིས་སྒེག །
ནང་བཅུད་བྱམས་དང་བརྩེ་བས་ཀུན་ནས་ཕྱུག།
ཆོས་སྲིད་གཙུག་ལག་གཞན་ལས་གཟེངས་སུ་མཐོ།།
བྷོ་ཊའི་ལྗོངས་སུ་གྲགས་པའི་ཡུལ་གྲུ་འདིའི།།
སུམ་བརྒྱ་དྲུག་ཅུའི་གྲངས་ལ་ལོར་བཏགས་པའི།།
ཉིན་ཞག་རེས་སུ་འཁོར་བའི་མི་རྟག་འཕྲུལ།།
གསར་རྙིང་བརྡ་རུ་བཏགས་པའི་བགྲང་བྱ་གཅིག།
ཀུན་རྟོག་ཁབ་ཏུ་བསུ་བའི་དུས་ཐོག་མར།།
དབྱངས་ཅན་མགྲིན་ལས་འཕོས་པའི་ཤིས་ཚིག་དབྱངས།།
སྡེབ་ལེགས་ཚིག་གི་སྲད་པུར་བརྒྱུས་པའི་དཔྱ།།
གོ་ལའི་ཤར་ནུབ་ཀུན་ན་གནས་འཆའ་བའི།།
གདོང་དམར་རུས་རྒྱུད་རྣམས་ལ་སྐྱེས་སུ་བཏེགས།།
བདག་འཛིན་རྩད་ནས་གཅོད་པའི་ལྟ་བའི་མཚོན།།
བྱང་ཆུབ་སེམས་ཀྱི་གྲོགས་སུ་ཉེར་བསུས་ཏེ།།
མཛད་འཕྲིན་ས་ཆེན་ཁྱབ་པའི་དྲང་སྲོང་ཆེའི།།
ཞབས་ཟུང་རྡོ་རྗེའི་ངོ་བོར་རྟག་བརྟན་ཤོག།
ལི་ཁྲིའི་མདངས་ཀྱིས་སྒེག་པ་ཚངས་སྤྱོད་སྡེའི།།
འཁོར་ལོ་གསུམ་གྱི་ལེགས་མཛད་ཁྱུང་སྔོན་སྐྱེས།།
འཕྲིན་ལས་རྟ་ལྗང་འདྲེན་པའི་ཤིང་རྟ་བ།།
དུས་ཀྱི་མཐར་ཡང་ཉམས་པ་མེད་གྱུར་ཅིག།
ལང་ཚོའི་གང་བུ་གཞོན་པའི་དུས་ནས་ཀྱང་།།
དབྱངས་གསལ་སོ་བཞིའི་བྱིན་རླབས་ཉེར་ཞུགས་ཏེ།།
ཨ་ནུའི་ཐུགས་བསྐྱེད་སྨིན་པའི་ཉེར་ལེན་པ།།
རིགས་ཀྱི་མྱུ་གུས་ས་ཆེན་གང་བར་སྨོན།།
རྐང་བཞིའི་འཕེལ་ཁ་དར་བ་སྨུག་པོའི་འབྲོག
འབྲུ་དྲུག་ལོ་ལེགས་རྒྱས་པ་སྐྱ་བོའི་རོང་།།
དཔལ་འབྱོར་འདུ་ལོང་རྒོད་པའི་གདོང་དམར་བོད།།
ཕ་སྲོལ་འཛིན་པའི་རི་མོ་མ་ནོག་ཅིག།
ཕུགས་ན་བློ་སྒོ་འབྱེད་པའི་དྲན་དབང་མང་།།
བར་ན་རྣམ་དཔྱོད་མྱུར་བའི་གཞོན་པ་མང་།།
མཐའ་ན་ཐོས་བརྩོན་གཉིས་ལྡན་ལོ་ཆུང་མང་།།
ཁ་བ་ཅན་གྱི་དབང་ཐང་འཛད་པ་མེད།།
དམུ་རྒོད་སྤྱོད་པ་རྩིང་བའི་སྦྱིན་སྐྱེས་མགོ།
གཅོད་པའི་བརྟུལ་ཞུགས་རྫོགས་པའི་གཞིག་བྲལ་མཚོན།།
ཐབས་ཤེས་ཟུང་དུ་འབྲེལ་བའི་ཞོ་འཐུང་རུས།།
སྙིང་སྟོབས་གྲོགས་སུ་ཁུག་པའི་ཤིས་པ་སྩོལ།།
སར་གནས་འཕགས་ཆེན་དམ་པའི་སྐུ་ཚེ་བརྟན།།
ས་ཆེན་རིག་པས་སྐོར་བར་རྣམ་དཔྱོད་རྒྱས།།
ས་སྟེང་ཡ་རབས་སྤྱོད་བཟང་ཉམས་པ་མེད།།
ས་འདི་དགེ་ལེགས་ཤིས་པས་སྐྱོང་གྱུར་ཅིག།
ཡངས་པའི་འཇིག་རྟེན་བདེ་སྐྱིད་དཔལ་གྱིས་འཚོ།།
སྣོད་བཅུད་གཉིས་ལ་ཕྱྭ་གཡང་ཀུན་ནས་ཆགས།།
འཐབ་རྩོད་འཁྲུག་ལོང་མིང་གི་ལྷག་མར་གྱུར།།
རྫོགས་ལྡན་དཔལ་ལ་ཉམས་པ་མེད་གྱུར་ཅིག།
ཀུན་རྟོག་འོ་མའི་མཚོ་ཆེན་འཕྱུར་བའི་རླབས།།
མ་ཁོག་ཕྱི་རུ་ལུད་པའི་སྡེབ་ལེགས་མགུར།།
མངོན་དུ་འགྱུར་ལ་བླ་མ་ལྷག་པའི་ལྷས།།
ཐུགས་རྗེ་མཐུན་འགྱུར་མི་མངོན་དབྱིངས་ནས་མཛོད།།
ཅེས་རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་མཛེས་མཚར་མེ་ཏོག་གི་ཆུན་པོ་ཞེས་བྱ་བ་འདི་ནི། བོད་ཁ་བ་ཅན་གཙོར་བྱས་འཛམ་གླིང་ཧྲིལ་བོར་བདེ་སྐྱིད་དང་དུས་བདེ་ལོ་ལེགས་འོང་བའི་རྟེན་འབྲེལ་ཞིག་གི་དོད་དུ། དངུལ་རྭའི་བཟོད་པར་འབོད་པའི་གྱི་ན་བ་གང་དེས་ལུགས་རྙིང་གནམ་ལོ་གསར་བའི་ཉི་གཞོན་གྱི་འོད་མདངས་རང་ཤག་ཏུ་ཐོག་མར་འཕྲོས་པའི་དུས་ཚེས་ཁྱད་པར་ཅན༢༠༢༥ལོའི་དཔྱིད་ཟླ་དང་པོ་སྟག་ཟླ་བའི་ཚེས༡ཏེ་སྟག་གི་ཉིན་གྱི་དུས་ཚོད་ཉི་ཤར་འབྲུག་གིས་དུས་ཆུ་ཚོད་༩་བར་གང་དྲན་སུག་ལས་སུ་བཏབ་པ་དགེའོ། །།
བླ་མ་མཆོག་དང་བསླུ་མེད་དཀོན་མཆོག་གསུམ།།
མི་འབྲལ་སྤྱི་བོར་རྒྱུན་དུ་བསྟེན་པའི་མཐུས།།
དེང་འདིར་གང་སྨོས་འགྲུབ་པའི་བྱིན་རླབས་མཆོག།
བདག་མགྲིན་པདྨའི་ཚལ་དུ་འཁྱིལ་བར་ཤོག།
དེ་ཡང་འདི་ཕྱི་བདེ་ཞིང་རང་གཞན་ཀུན།།
འཕྲལ་ཕུགས་ལེགས་པའི་གཞི་མ་བསོད་ནམས་ཞེས།།
རྒྱལ་ཀུན་རྟག་པའི་བཀའ་ལ་ཡིད་ཆེས་ནས།།
གནམ་ལོ་གསར་བར་བསོད་ནམས་གསོག་པར་ཤོག།
གཏན་བདེའི་རྩ་བ་རྒྱལ་བའི་བསྟན་པ་དང་།།
དེ་ཉིད་འཛིན་སྐྱོང་སྤེལ་བའི་དགེ་འདུན་སྡེ།།
རྒྱུ་སྦྱོར་ཚུལ་བཞིན་སྒྲུབ་པའི་སྦྱིན་བདག་རྣམས།།
བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།
མཚན་ལྡན་བླ་མའི་ཞབས་པད་ཡུན་དུ་བརྟན།།
གཟུར་གནས་སློབ་མའི་དད་དམ་ཤེལ་ལྟར་གཙང་།།
འཆད་ཉན་འཁོར་ལོ་རྨ་ཀློང་དཔལ་ལ་འགྲན།།
འགྲོ་ཀུན་བསམ་དོན་རྫོགས་པའི་བཀྲ་ཤིས་ཤོག།
འཛམ་གླིང་ཁྱོན་ལ་ནད་མུག་འཐད་རྩོད་ཞི།།
གངས་རིའི་ཞིང་དུ་བདེ་དགེ་ལེགས་ཚོགས་འཕེལ།།
སེར་སྐྱ་ཀུན་ལ་ནད་མེད་ཆོས་དོན་འགྲུབ།།
གནམ་ལོ་གསར་བ་དགེ་ལེགས་དཔལ་གྱིས་ཚེས།།
དེ་བཞིན་གངས་ལྗོངས་ཤེས་རིག་ནོར་བུ་གང་།།
ཡུན་གནས་ཆེད་དུ་བཞེངས་པའི་གླིང་མཆོག་དེ།།
ཟླ་བ་སྤྲིན་བྲལ་ལྟ་བུར་རབ་རྒྱས་ཤིང་།།
དགེ་སློབ་ལེགས་ཚོགས་དཔལ་གྱིས་འཛོམས་པར་ཤོག།
མདོར་ན་བདག་ཅག་བསོད་ནམས་ལྷུན་པོའི་སྤོར།།
ཆོས་འབྱོར་ཉི་ཟླའི་རྣ་ཆ་འཛུམ་དང་ལྷན།།
བླ་སློབ་ཞལ་དཀར་སྤྲོ་བའི་དགའ་སྟོན་གྱིས།།
རབ་གནས་ཤིང་སྦྲུལ་ཤིང་ལྟར་རྒྱས་པར་ཤོག།
ཅེས་རང་གི་བླ་མ་རྣམ་པ་ལ་མཆོད་པ་དང་། སློབ་མ་ཚོར་སེམས་གཏམ། ཉེ་འབྲེལ་མཛའ་བཤེས་ཀུན་ལ་ལེགས་བཟང་གི་དོད་དུ་ཐ་སྙད་རིག་གནས་སྨྲ་བ་དགེ་སློང་གྱི་ལིང་འཇིགས་མེད་དུ་འབོད་པས་རབ་གནས་ཤིང་འབྲུག་གི་ལོ་མཇུག་རྫོགས་ལ་ཉེ་བའི་སྐབས་ཏེ། སྤྱི་ལོ་༢༠༢༥ལོའི་ཟླ་༡ཚེས་༢༨ལ་གྱི་ལིང་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཤར་མར་བྲིས་ཏེ་སྤེལ་ཏོ།།
ཕྱིར་མིག
ཆེད་སྒྲིག
01 ཆེད་སྒྲིག་ལེ་ཚན་སྤེལ་ཐེངས་བརྒྱ་པ།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།