[སྙན་ངག] རྐང་ཐང་བའི་ཉེ་བྲིས་སྙན་ངག་བདམས་བཀོད།

教育   2024-12-21 10:49   甘肃  





སྙན་ངག་བདམས་བཀོད།





01 བྱིས་པ་གཉིད་རྗེས།

བྱིས་པ་གཉིད་རྗེས

ངས་གྲིབ་རིས་སྣ་ཚོགས་ཀྱིས་སྡོམ་རྒྱ་བཟོས
སྡོམ་རྒྱའི་ངོས་སུ  ལོ་མ་སེར་པོ་འབུས་ལ
བར་སྣང་ནས་ཆར་བ་ནག་པོ་འབབ

བྱིས་པ་གཉིད་རྗེས
ངས་སྐད་བརྡ་རུ་སྙིང་སྨན་བླུགས
མཚན་མོའི་ལྕགས་གཟོང་ལ
རང་ཉིད་བཏགས་པས  རྩིག་པ
སེར་ཁ་གས་ཡོང

བྱིས་པ་གཉིད་རྗེས
རྒྱ་ཆེ་བའི་འཇིག་རྟེན  ཨུ་ཁུང་ཞིག་ཏུ་གྱུར
ངས་ཨུ་ཁུང་དེའི་ནང་ནས
ཐར་བའི་སྒོ་ལམ་སྙེག

བྱིས་པ་གཉིད་རྗེས
ང་གཅེར་བུ་རེད  ངའི་ཤ་སྐྱིའི་ནང་ན
ང་མི་འདུག  རླུང་སྐྱ་བོས་གང་འདུག
      

༢༠༢༤.༡༡.༤


02 ཆུ་སྦུག‍‍

ཆུ་སྦུག་གི་ཁ་འབྱེེད་ཐེངས་རེར

རྐུབ་སྟེགས་རྒྱབ་བསྙེས་མའི་ཛ་ཛོར་གྱི་སྐད་སྒྲ་བཞུར་ཡོང

གན་རྒྱར་སྐུང་བའི་འཁོས་ཆུང་གི་རྩིས་གཞི་བཞུར་ཡོང

སླུངས་ཚང་རེ་རེར་རྒྱུ་བའི་སྐྱ་དམག་གི་རྡུལ་འཚུབ་བཞུར་ཡོང

སྙན་ངག་གི་སྤང་ལེབ་སེར་པོ་འདྲུད་པའི་སེང་གེ་བཞུར་ཡོང

ཁང་བའི་བུ་ལོན་གྱི་ལྕི་ཚད་བཞུར་ཡོང

སྒལ་བར་དུ་སྐྱེས་པའི་འོ་དོད་ཀྱི་ཟེར་མ་བཞུར་ཡོང

འོད་ལམ་ལམ་གྱི་མིག་ཟུང་གི་རྒྱབ་ལྗོངས་སྔོན་པོ་བཞུར་ཡོང

ཞག་གཅིག་ཏུ་མེ་ལོང་རྒས་པའི་གཉེར་མ་རིང་མོ་བཞུར་ཡོང

ཅ་ཧྲ་ས་ཁུལ་གྱི་བཀྲེས་སྐོམ་གྱི་མདེའུ་བཞུར་ཡོང


ཆུ་སྦུག་གི་ཁ་འབྱེད་ཐེངས་རེར

ངའི་ལག་པ་ཚ་བེར་བེར་བྱེད  

༢༠༢༤.༡༢.༥


03 བརྡ་ཐོ།

སྒེའུ་ཤེལ་གྱི་ངོས་ན

ཚེར་མགོ་རུ་གཡེང་བའི་སྐྲ་ལོ་ཇི་བཞིན

ཁ་སྦུབས་ཀྱིས་ངུ་བའི་བྱིས་པ་ཇི་བཞིན

སྦྱར་ཤོག་ཁྱོད་ཀྱིས  ང་ལ་སྒུག་འདུག


སྒོར་མོ་ཉིས་བརྒྱ

ངའི་སྙིང་གི་ཟིལ་བ      


༢༠༢༤.༨.༢༣


04 ཆར་བ་ལགས།

ཆར་བ་ལགས

ཁྱོད་ཀྱིས་འཛེམ་དོགས་མ་གནང

ཡལ་འདབ་ཀྱི་ས་རྡུལ་དེ  ང་ཡི་སྡུག་བསྔལ་ཡིན

རྡོ་འོག་གི་མྱུ་གུ་དེ  ང་ཡི་ལས་དབང་ཡིན

སྙིང་ཉེ་བའི་ཆར་བ

ཁྱོད་རང་སྟོབས་ཀྱིས་བོབས་ཤིག


ཆར་བ་ལགས

ཁྱེད་ཀྱིས་འཛེམ་དོགས་མ་གནང

ཆུ་རྒྱུན་རལ་གྲིས་གཅོད་པ  ང་ཡི་སེམས་གཅོང་རེད

གླེགས་བམ་མེ་ཡིས་འགམ་པ  ང་ཡི་གནས་བབས་རེད

སྙིང་ཉེ་བའི་ཆར་བ

ཁྱོད་རང་དྲག་ཏུ་བོབས་ཤིག


05 མིང་མེད།

སྒྲ་ནི་སྨུག་པའོ

གཟུགས་ནི་འདམ་བག་གོ

དུས་ལ་བསླེབས་ཚེ   ཁུང་དུ་ཡིབས་ནས

ས་ནག་ཕྱི་ལ་འཕོ


དཀར་པོ  དཀར་པོར་ཁས་མི་འཆེས

རང་ཉིད་ཀྱི་གྲིབ་རིས

ལྟེ་བར་རློམ་ནས  མཐའ་གྲུ་ཀུན་ལ་ཐིག་སྐུད་འཐེན


སྤྲིན་དཀར་གྱི་ལུ་གུ

གམ་གྱི་ཕུར་བར་བཏགས་ཏེ

དབྱར་གྱི་མཚན་མོ་སྐྱེལ


རེའུ་མིག་གི་ཚོགས་ལས

ཕྱིར་འབུད་པའི་དུས་སུ  སྒོ་ཁ་ནི་མྱང་ངམ་ཐང་ངོ

གོམ་གང་སྤོས་ན  སྨྱོ་ནད་སྨན་ཁང་ཡིན

ད་དུང་གོམ་གང་སྤོས་ན  ཉིན་སྲིབ་གཉིས་ཀྱི་མཚམས་ཡིན


བདག་གིས

གྱང་ངོས་སུ་ཟླ་བ་ནག་པོ་ཤར་བ་དེ

བརྗེད་མི་སྲིད  མ་ཎིའི་སྣུམ་ཁུ

ཁྱོད་ཀྱི་དུར་བྱང་དུ་ལྡུག་ངེས      


༢༠༢༤.༧.༢༨ 


06 གཞི་རིམ་པ།

ཟླ་ལྔ་བ  སྒེའུ་ཁུང་གི་ཕྱི་རོལ་ན་རྒྱུ

ཐེན་ཅིན  མཚོ་རླུང་གི་སོར་མོ་རུ་རྒྱུ
ཁྱོད་རང  ཤོག་ངོས་ཀྱི་ཉིན་སྲིབ་ཏུ་རྒྱུ

ལམ་ནས་ལམ
གྲོང་ནས་གྲོང
ང་འཁེན་སའི་གད་པ་མ་རེད
ཁྱོད་འབབ་སའི་ཡལ་ག་མ་རེད

ཁྱོད་ཀྱིས་རི་དཀར་པོ་ལ་རྣ་ལུང་བཏགས
ཁྱོད་རང་དུས་རབས་ཤིག་གི་མག་རོགས་ཡིན
ཁྱོད་ཀྱི་མིག་མདངས་ལས
ངས་མུ་ཏིག་ལྗང་ཁུ་འཐོར་ཡོང་བ་རིག

རླབས་ཀྱི་རྐང་བ
བྲག་རྡོ་ལས་བརྒལ་མི་ཐུབ
ངས་བརྒལ་ཏུའང་འཇུག་མི་སྲིད
སྙིང་ཉེ་བའི་མཚམས་སྤྲིན་སེར་པོ་ལགས

ཞེན་ཆགས་མ་མཛད་རོགས


༢༠༢༥.༥.༣༠ཐེན་ཅིན་ནས་དྲན་གདུང་ཞིག་གིས་བྲིས།


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།




རྐང་ཐང་བ།

     རྩོམ་རིག་རབ་འབྱམས་པ། མིང་དངོས་ལ་གནམ་ལྷ་བཀྲ་ཤིས་ཟེར། དགུ་བཅུའི་སྟོད་ལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་སྐྱེས། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་དང་རྨ་ལྷོ་ཁུལ་མཛེས་རྩལ་པ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་དུ་འགྲིམས་ནས། བོད་སྐད་ཡིག་རྩོམ་རིག་ལ་སློབ་གཉེར་བགྱིས་པ་དང་། དེ་དང་ཆབས་ཅིག སྙན་ངག་དང་ལྷུག་རྩོམ། ལྷུག་མའི་སྙན་ངག བརྩམས་སྒྲུང་། བསྒྱུར་རྩོམ། འཁྲབ་གཞུང་། བྱིས་པའི་སྙན་ངག བྱིས་སྒྲུང་། ཕྲན་བཤད། བཅར་འདྲི་སོགས་རྩོམ་ལུས་མི་ཉུང་བ་ཞིག་ལ་ཚོད་ལྟ་བྱས་ཤིང་། དེ་དག་ལས་སྐོར་ཞིག«གངས་རྒྱན་མེ་ཏོག»དང«ཟླ་ཟེར» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «རང་གྲོལ» «སྦྲང་ཆར»སོགས་སུ་སྤེལ། སློབ་མཐར་ཕྱིན་རྗེས་ཐད་ཀར་རི་མོ་འབྲི་མགོ་བརྩམས་པ་དང་། ༢༠༢༣ལོར་མི་སྒེར་རི་མོ་འགྲེམ་སྟོན་བྱས། གློག་བརྙན་ཐུང་གྲས་ལ«ཆུ་དམར་པོ» «སྒེའུ་ཁུང»ཞེས་པ་ཡོད། ཞོར་དུ་ཚོང་རྟགས་ཇུས་འགོད་དང་བརྙན་ལེན་སྒྲིག་སྦྱོར་བྱེད་ཀྱིན་ཡོད།






གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章