སྤྱི་ཚོགས་གླེང་བརྗོད།
གླེང་གཞི།
མགོ་རྩོམ་ས།
འཕེལ་རྒྱས།
མཐོ་རླབས།
ཞོགས་ལྗང་གིས།
ཕྱོགས་གཅིག་ནས་གླུ་ལེན་པ་དང་། ཕྱོགས་གཅིག་ནས་རོགས་བྱེད་དགོས་ཟེར་བ་དེ་མི་གཞིའི་ནང་འགལ་ཤ་སྟག་རེད། མི་གཞི་མི་ཤེས་པ་དག་གིས་དེ་ཡང་རླབས་ཆེན་དུ་བསྒྲག་སྲིད་མོད། བོང་རྫིའི་སྐད་ལྟར་ན“རྩ་མི་ཚང་བ”དེ་དག་ལ་བྱ་ཐབས་ཡེ་མེད་པས། ང་ཚོས“བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། འགྲོ་མིའི་ཚེ་སྲོག་རླབས་ཆེན”ཡིན་པ་ངོས་ཟིན་དགོས། སྙིང་ཉེ། ཁྱོད་ལ་གླུ་ལེན་སྙིང་ཞིག་ཇི་ལྟར་སྐྱེས་སམ།
གངས་ཀྱིས།
མྱི་ཁྱི་སྐྱག་འདྲ་བ་དག་དྲ་རྩེད་མཁན་གཟའ་རོ་ཚོའི་ནང་ན་ཡོད། དབུས་གཙང་ཆོས་ཀྱི་ཆོལ་ཁ་ལ་སྡུག་བྱུང་། གོད་ཆག་གནམ་ནས་ལྷུང་ནའང་། ཨ་མདོ་བ་ཚོས་གླུ་ལེན་བྲོ་རྡུང་བྱེད། རྡུང་ལེན་འགྲན་སྡུར་བྱེད། འདི་ལ་མགོ་བསྡུ་བྱེད་མཁན་ཚོ་དྲ་དཔོན་མ་རེད།“དྲ་ཇག”རེད། དཔྱད་འདེམ་པ་དང་འགྲན་ཞུགས་པ་ཚོ་གླུ་གར་རིག་གནས་ཀྱི་གདན་ཐོག་ཏུ་ཡོད་པ་མ་རེད། དྲ་ཇག་ཚོའི་ཨམ་ཕྲག་ནང་ན་ཡོད་པ་རེད། ཁེ་ཚོང་གི་ལག་ཆ་རེད། སྔ་མ་ནི་ཁྲ་མ་དང་ཇག་པ་གཏེ་བོའི་རིགས་རེད། ཕྱི་མ་དག་ཀླད་སྟོང་དང་ལག་སྟོང་གི་རིགས་རེད།
འབྲོོག་སྐྱ་བོས།
ཟེར་ན་མི་འདོད་མོད། ཁ་ནས་ཤོར་སོང་། བླ་མ་དང་རྡུང་ལེན་པ་དག་གིས་སེམས་བསད་པ་ལ་ཁ་གྲངས་མེད་དེ། རོགས་དང་རམ་པ་ནི་མ་ཐིང་ན་མ་ཐིང་མོད། སྟོད་ལ་སྡུག་བྱུང་ན་སྨད་ནས་གཞས་བཏང་སྟེ་འགྲན་སྡུར་སོགས་སྤེལ་བ་ནི་ཤིན་ཏུ་མི་འོས་པ་ཞིག་རེད། ངོ་གནོང་བ་ཞིག་རེད། ཁོག་ན་སེམས་མེད་པ་འདི་དག་ཁ་ཆེའི་ཤན་པ་ཞིག་ལ་ཡང་མི་དོའོ།།
ཐེའུ་རང་གིས།
བཀྲ་བྷ་སོགས་དམར་འདུག ངག་དབང་སོགས་ལ་སྡིག་གི་འདུག ཁོས་མུ་མཐུད་དུ་ཚོང་བརྒྱབ། གླུ་བླངས་ནས་སྒོར་མོ་བཙལ་ཏེ། དིང་རི་བར་དམར་ལེབ་མས་རོགས་བཅའ་དགོས་ཟེར། ཕན་ཐོགས་ཤག་ཤག་དེ་རེད་ཟེར། “ཧྥིན་སི”ཚོས་དེ་བདེན་ཀི། ཁྱོད་ཧྲ་ཀི་སྟོབས་ཀི་ཞེས་མཐེ་བོང་སྟོན། བདེན་བདེན་འདྲ་བའི་གནས་ལུགས་རྫུན་མ་དེས། མི་རིགས་ཤིག་གི་སེམས་ཁམས་སྣོག་གི་འདུག རིག་གནས་སྣོག་གི་འདུག ཀུན་སྤྱོད་སྣོག་གི་འདུག སྙིང་སྟོབས་སྣོག་གི་འདུག སྐྱིད་སྡུག་མཉམ་མྱོང་ཞེས་པ་སྒོར་མོས་ཉོ་ཐུབ་པ་ཞིག་མ་རེད། སྒོར་མོ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་མ་རེད། མི་མངོན་པའི་སྟོབས་ཤུགས་དེ་སྒོར་མོས་ཉོ་ཐུབ་ན། ནམ་ཞིག སྒོར་མོ་མང་པོ་མང་པོ་ཡོད་པའི་སྟོབས་ལྡན་དག་གིས་རྨེག་མེད་བཟོས་མི་འགྲོའམ། “ཧྥིན་སི”དག་ལ་ཅི་ཁག ཁ་མཁས་དྲྭ་དཔོན་ཚོས་བཤད་པའི“གནས་ལུགས་གཡར་མ”ཞིག་གི་བསླུ་བྲིད་དུ་ཚུད་འདུག ཡ་ང་བ་ཞིག་ལ་སྨོན་ལམ་སོགས་ཀྱིས་ཀྱང་བདེན་ཁ་སྟེར་གི་འདུག ཅི་ཁག་སྟེ། སྨོན་ལམ་ནི་སྔར་ནས་དེ་དག་གི་རྒྱབ་དཔུང་མ་ཡིན་ནམ། ཕངས་པ་ཞིག་ལ་ཐར་ཆེན་ལགས་ཀྱིས་ཀྱང་རྒྱུ་མཚན་དཔེ་ལུང་མང་པོ་དྲངས་ནས་རྒྱབ་སྐྱོར་བྱེད་ཀི་འདུག དེ་དག་གི་གནས་ལུགས་ནི་འདི་ལྟ་སྟེ། ཕུ་བོ་ཚེ་ལས་འདས་ཉིན། ནུ་བོས་ངས་གཉེན་སྟོན་བྱ་དགོས། གཉེན་སྟོན་གྱི་ཡོང་སྒོ་ཡོད་ཚད་ཤ་ཉེའི་དགེ་རྩར་བསྔོ་རྒྱུ་ཡིན། དེ་ཕན་ཐོགས་ཤག་ཤག་རེད། ཅེས་དགའ་སྟོན་རོལ། མེས་པོ་ཚོས་དེ་ལ“རོ་ཐོག་རྟ་རྒྱུག”ཟེར། བཀྲ་བྷ་སོགས་ཀྱིས་དེ་ལ་སྐྱིད་སྡུག་མཉམ་མྱོང་ཟེར། སྨོན་ལམ་སོགས་ཀྱིས་བདེན་ཁ་སྟེར་སའི་སྐྱིད་སྡུག་མཉམ་མྱོང་ཡང་དེ་རེད།
ཐར་ལོས།
ཀུན་སློང་གཙང་མ་ལ་ཡི་རང་ཡོད་མོད། གླུ་བླངས་ནས་ཁ་གསོ་རྒྱབ་འགེབས་བྱ་མཁན་ཅིག་ལ་མཚོན་ན་རང་བྱུང་འཇིགས་པ་ལ་དམིགས་ནས་གླུ་མི་ལེན་ཟེར་ན་རང་ལམ་རང་གིས་བཅད་པ་མ་རེད་དམ། གཙོ་བོ་ང་ཚོ་སྔར་བཞིན་སྤྱི་ཚོགས་ལས་བགོས་ནས་ཐར་མེད་པའི་སྣང་ཚུལ་འདི་ག་ས་གང་དུ་མཐོང་དུ་ཡོད་དེ། ད་ལྟ་ནི་རང་རེ་ཡང་སྲོལ་རྒྱུན་གྱི་སྤྱི་ཚོགས་རྙིང་བ་ལས་བརྒལ་སྟེ་ཁྲོམ་རའི་དཔལ་འབྱོར་གྱི་སྤྱི་ཚོགས་སུ་སླེབས་པ་མ་ཡིན་ནམ། དེང་རབས་སྤྱི་ཚོགས་སུ་ལས་བགོས་གསལ་བོ་ཡོད་རེད། དཔེར་ན泰坦尼克号ཆུར་ནུབས་སྐབས་སུ་གླུ་བ་དང་རོལ་མོ་མཁན་དག་གིས་སྔར་བཞིན་གླུ་ལེན་པ་དང་རོལ་མོ་དཀྲོལ་ཏེ་ཉམ་ཐག་ལ་སེམས་གསོ་གནང་གིན་པ་མ་ཡིན་ནམ། དེ་ནི་ལས་རིགས་ལ་བརྩི་བཀུར་དང་ལས་རིགས་སོ་སོས་རང་གིས་བསྒྲུབ་དགོས་པའི་འགན་ཁུར་དེ་སྒྲུབ་ཀྱིན་པ་རེད་སྙམ།
བཤད་འདོད་པ་སྟབས་བདེར་གསལ་བོར་བཤད་ཡོད། ཧ་མ་གོ་ཚེ་བཀོད་པ་མེད་གི། ཐེའུ་རང་གི་སྐད་ཆ་སྔ་མོ་ནས་རིག་ཡོད། ད་ནངས་གྲོགས་པོའི་སྐད་ཆ་ཅིག་ཀྱང་འདིར་སྤེལ་ཡོད། སྤེལ་བ་ལས་ཡོངས་སུ་འཐད་པ་མི་མཚོན། འདོད་གི་སྐོར་ལོག་བཤད་པ་མིན་མོད་ང་ཚོས་ཕྱོགས་སྣ་མང་ནས་བསམ་བློ་གཏང་ན་ཆོག་པས་རང་གི་བསམ་ཚུལ་ཙམ་བཤད་པ་ཡིན།
མི་སྐྱོན་པའི་ངེས་པ་མེད། གོ་སྐབས་དང་གར་སྟེགས་དམ་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེ། ལྷག་པར་སྒྱུ་རྩལ་ལས་རིགས་གཉེར་མཁན་ཅིག་ལ་མཚོན་ན། གླུ་བ་གྲགས་ཅན་གང་མང་ནི་གླུ་རེ་གཉིས་དང་གར་སྟེགས་རེ་གཉིས་ལས་མིང་དུ་གྲགས་པ་མངོན་གསལ་རེད། ཡང་ཅིག་བཤད་ན་དེས་ལས་རིགས་ཀྱི་ལྟ་སྟངས་མཚོན་ཐུབ། ང་ཚོ་ཡང་འདོད་དང་མི་འདོད་བཞིན་དུ་དེང་རབས་སྤྱི་ཚོགས་སུ་ཐོན་པ་མ་ཡིན་ནམ། དེ་ན་ལས་རིགས་སྣ་ཚོགས་དར་ཞིང་ལས་རིགས་ལ་བརྩི་འཇོག་དང་ལས་བགོས་གསལ་དགོས་པ་ནི་མ་མཐའི་འགྲོ་སྟངས་མ་ཡིན་ནམ།
ལམ་གྱི་ལེའུས།
བཀྲ་བྷ་སོགས་དྲ་དཔོན་དུ་འབོད་པ་དག་ལ་རྒྱུས་ལོན་མེད་ལ་རྒྱབ་སྐྱོར་བྱ་དགོས་དོན་དེ་ལས་ཀྱང་མེད། སྤྱིར་སྔོན་ཆད་སྡེ་བ་གཅིག་གི་ནང་དུ་མི་འདས་པ་སོགས་ཀྱི་རྐྱེན་ངན་ཞིག་བྱུང་ན། གཉེན་ཉེ་དུ་སྔོན་ནས་བསྡད། སྡེ་བ་གཅིག་པའི་ཁྱིམ་ཚང་གཞན་དག་རྗེས་སུ་མཐུད་ནས། ཞེ་དགུ་ཚང་རག་བར་དུ་གཉེན་སྟོན་སོགས་གླུ་གར་རྩེད་མོ་ཡི་དགའ་སྟོན་སྤེལ་སྲོལ་མེད་ལ་སྤེལ་འཆར་ཡོད་ཀྱང་རྗེས་སུ་ནུར་ངེས།
འོན་ཀྱང་། ངག་རྒྱུན་ལྟར་དུས་ནི་མི་འགྱུར་མི་ནི་འགྱུར་བ་རེད་དམ། ཡང་ན། དུས་འགྱུར་བ་དང་བསྟུན་ནས་མི་ཡང་འགྱུར་བ་རེད། གང་ལྟར། དཔལ་འབྱོར་ཟེར་བའི་རླུང་ནག་འཚུབ་མ་ཞིག་གིས་ཡོད་ཚད་བསམ་ཁོམ་དྲན་ཁོམ་མེད་པར་འཁུར་ནས་འགྲོ་བའི་དུས་འདིར། རང་རེའི་ཡུལ་དུ་ཡང་སྔར་གྱི་ལུགས་སྲོལ་དང་མི་མཐུན་པའི་གཉེན་སྟོན་དང་གྱ་སྟོན་དང་མགོ་སྟོན་དར་བར་མ་ཟད། སྔ་ན་མེད་པའི་ཁང་སྟོན་ཡང་ཤུགས་ཆེར་དར་བཞིན་པ་ཡོད་ཚད་ཀྱི་མིག་མཐོང་ལག་ཟིན་རེད། དེ་དང་མཉམ་དུ། མདོ་སྨད་ཨ་མདོའི་ཡུལ། དེང་གི་ཞིང་ཆེན་གསུམ་གྱི་འདྲེས་མདོ་ན།ཁྱིམ་ཚང་གཅིག་ཏུ་རྐྱེན་ངན་བྱུང་ནས་ཤི་བོར་དགེ་སྨོན་སྒྲུབ་སྐབས། སྡེ་བ་གཅིག་པའི་ཁྱིམ་ཚང་གཞན་པ་ཕར་ཞོག ཐ་ན་ཁྱིམ་མཚེས་ཚང་གིས་ཀྱང་གཉེན་སྟོན་གྱི་ཆོ་ག་སྤེལ་བ་སོགས། རོ་ཐོག་རྟ་རྒྱུག་གི་ལུགས་སྲོལ་གསར་པ་མང་པོ་དར་དང་དར་བཞིན་ཡོད་པ་མིག་ཅན་གྱིས་བལྟས་ན་རིག་ཐུབ། རྣ་ཅན་གྱིས་ཉན་ན་ཐོས་ཐུབ། དེ་བས་སྐབས་ཐོག་འདིར་བཀྲ་བྷས་རྡུང་ལེན་འགྲན་བསྡུར་མཚམས་འཇོག་མི་འདོད་པ་ལ་ཧ་ལས་དགོས་དོན་ག་ལ་ཡོད།
གཞན་བཤད་རྒྱུན་ལ། སྐྱིད་ཀྱི་སྐྱིད་གྲོགས་ལས་སྡུག་གི་སྡུག་རོགས་བཟང་ཟེར་བ་ལྟར། གཙང་གི་ཡུལ་ལ་གློ་བུར་དུ་ཆག་སྒོ་འདི་འདྲ་བྱུང་བར། ལས་ཐུབ་པ་རྣམས་ཀྱིས་ཚེགས་ཕུད། འབྱོར་བ་དང་ལྡན་པ་དག་གིས་རྒྱུ་ཕུད། གཞན་དེ་ལ་ཕན་པའི་རོགས་མ་ཐུབ་ཀྱང་། མགོ་ནག་བོད་ཀྱི་སྔ་མོའི་ལུགས་སྲོལ་ལྟར། གདུང་སེམས་མཉམ་བསྐྱེད་ཐུབ་ན་ཡང་རབ་ཡིན་པས། བཀྲ་བྷས་དཀའ་མོའི་ཚེགས་མ་ཕུད་ཀྱང་། དཀོན་མོའི་རྒྱུ་ཕུད་པས་མ་གཞི་ནས་རབ་ཡིན་ལ། འགྲན་བསྡུར་གྱི་མཚམས་བཞག་ན་མཆོག་ཡིན་མོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། གཅིག་ནས་ཁོའི་རྡུང་ལེན་འགྲན་བསྡུར་འདི་ཁ་སང་སྤེལ་མགོ་བརྩམས་པ་ཙམ་མ་ཡིན་པར། ཉིན་འགའི་སྔོན་ནས་སྤེལ་བཞིན་པའི་མཚམས་ཡིན་པ་དང་།གཉིས་ནས་ཁོས་བཤད་པ་ལྟར་བྱ་དགའི་རླངས་འཁོར་ཚང་མ་ངོ་མ་ཉོས་ཟིན་པ་ཡིན་ན། འགྲན་བསྡུར་མཚམས་འཇོག་མི་ཐུབ་པར་ཁག་ཅི་ཡོད་དེ། དེང་གི་དུས་འདིར་རང་གི་ཁེ་ཕན་ཡོད་ཚད་བློས་བཏང་ཐུབ་པའི་བྱང་ཆུབ་སེམས་དཔའ་ཞིག་མཐོང་དཀའ་བས་སོ།།
ཡང་མི་ཡི་ནང་ན། རང་གིས་ཅི་ཡང་མི་ཐུབ་གང་ཡང་མི་ནུས་པར། གཞན་ཞིག་ནི་ས་བཅུ་པ་ཐོབ་པའི་སངས་རྒྱས་ཡིན་དགོས་པའི་བླང་བྱ་འདོན་མཁན་ཡང་ཉུང་ཉུང་མ་རེད། གང་ལྟར། རང་དཔེ་གཞན་ལ་བླངས། གཞན་དཔེ་རང་ལ་བླངས་ཏེ། བསམ་བློ་ཕྱོགས་མང་པོར་བཏང་ན་ལེགས་སྙམ།
གོང་དུ་གྲོགས་འགས་འདིའི་སྐོར་གླེང་ན། བསམ་ཚུལ་ཙམ་སྨྲས་པ་ཡིན། ཚང་མར་བགོངས་འགལ་མེད་པར་ཞུ།
ཞོར་དུ་ཀུ་རེ་ཞིག་རྩེད་ན། བཀྲ་བྷས་རྡུང་ལེན་འགྲན་མཚམས་འཇོག་མ་འདོད་པ་ནི། ནག་པོ་སོལ་བ་ལྟ་བུ་ཡིན་ན། དེ་རིང་གཞི་ནས་མགོ་བརྩམས་པའི་རྨ་ཆུའི་གདན་ཞུའི་སྤོ་ལོ་འགྲན་བསྡུར་དེ་ཡང་ཉིན་གཉིས་གསུམ་ལ་རྩེད་མཚམས་ཞོགས་ཟེར། གླུ་བླངས་ནས་གསོན་པོའི་སེམས་གསོ་སྲོལ་ཞིག་སྔོན་ན་ཡོད་དམ། མེད་ན་གངས་ཅན་པ་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་གཞས་དེ་ཡང་གསུབ་ཟེར། ཨ་ལ་ཕྱོགས་མང་པོར་འདང་རྒྱབ་ན་དཀའ་མོ་འདྲ་ཟིག ད་དེ་ཡིན།
བླ་སྔོན་སྐྱ་མདའ་ཡིས།
སྣ་ཚོགས་གཏམ་གྱི་རོལ་མོ་གང་བྱུང་དུ་དཀྲོལ་ནས་འུ་གསོད་གསོད་བལྟ་བ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། དེ་ན་ང་ཚོའི་བོད་ཁུལ་གྱི་ནང་མ་སྤྲོ་སྐྱིད་ཁང་ཚང་མའི་སྒོ་རྒྱབ་ཡོད་དམ། མེད་དེ་ད་དུང་ཐད་གཏོང་དུ་གང་བྱུང་དུ་བཙལ་ནའང་མང་པོ་ཐོན་གྱི་འདུག རོགས་དངུལ་དང་དངོས་པོ་མང་པོ་བསྐུར་བ་འདིའང་སྤྱིར་བཏང་མི་ཞིག་གིས་འཇོན་པ་ཞིག་ག་ལ་ཡིན། དེ་རིང་འུར་འུར་ཟིང་ཟིང་དུ་སོང་བའི་དྲ་འབུ་ཚོའི་ནང་ན་སྒོར་མོ་བརྒྱ་ཡན་གྱི་རོགས་དངུལ་སྟེར་མྱོང་མཁན་སུ་སུ་ཡོད། ཡང་ན་དེ་རིང་ཉིན་གང་བོར་འུར་ཟིང་འདིའི་ཆེད་དུ་ཡར་འདུར་མར་འདུར་བྱེད་པ་ལས་དོན་དུ་དགེ་རྩ་ཁོ་ན་ཞིག་དང་གདུང་སེམས་མཉམ་བསྐྱེད་བྱེད་མཁན་ག་ཚོད་ཡོད། མཚོ་སྔོན་བཀྲ་བྷས་ཀྱང་ཁོ་རང་གི་ནུས་ཚོད་ཀྱི་རོགས་ར་མདའ་ཚགས་རྗེས་སྔར་བཞིན་རང་ཉིད་ཀྱི་ཁ་གསོ་རྒྱབ་འགེབས་སམ་ཅི་ཞིག་སྒྲུབ་བཞིན་པ་དེ་རྒྱུན་ལྡན་ལྟར་དུ་བསྒྲུབས་པ་ལས་གཞན་གང་ཡང་མིན། སྤྱིར་བཏང་དྲ་དཔོན་ཁོས་ཀྱང་ཁ་སང་ནས་ཉིན་གཅིག་གཉིས་ཤིག་ལ་ངལ་གསོ་ཐུབ་ན་རབ་ཀྱི་མཆོག་ཡིན་མོད། ཁོ་རང་གི་ཚོང་བྱ་དང་དོན་དག་མང་པོའི་ཆེད་དུ་མཚམས་མ་བཞག་ཀྱང་དེ་འདྲའི་གླེང་གཞི་ཆེན་པོ་ཞིག་དང་མི་དཔེ་བ་ཞིག་ཏུ་བརྩི་སྲོལ་མེད་སྙམ། དེ་ན་གདུང་སེམས་མཉམ་བསྐྱེད་ཡིན་ན་བོད་ཁུལ་གྱི་ནང་མ་སྤྲོ་སྐྱིད་ཁང་ཡོད་ཚད་སྒོ་རྒྱག་དགོས་ལ། རོལ་རྩེད་ཀྱི་རྣམ་པས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་ཀྱང་ཚང་མ་སྒོ་གཏད་དགོས་པ་རེད་དམ། རང་ཉིད་ཀྱི་ཐག་ཉེ་རིང་ཀུན་ལ་ལྟོས་དང་མང་པོ་འདུགཁ་སྟོང་ནང་གི་ཚིག་སྟོང་ལབ་སའི་ཇ་ཁང་ཆང་ཁང་ཚང་མས་ཀྱང་སྒོ་གཏད་དགོས་རེད་དམ། གཞི་དེ་ལ་འདང་རྒྱབ་ན་དྲ་ཐོག་དང་དངོས་ཡོད་སྤྱི་ཚོགས་ཙམ་ལས་གཞན་མི་དཔེ་བ་ཞིག་གང་ཡང་མ་རེད།
རྐང་ཐང་བས།
སྟོད་ལ་སྡུག་བྱུང་ན། སྨད་ཀྱང་སྡུག་དགོས། གཞས་ཀྱི་ལེན་མཚམས་དང་། ལས་ཀའི་ལས་མཚམས་འཇོག་དགོས་ཟེར་བ་ནི། དངོས་གནས་འཇིགས་སུ་རུང་བའི་སྒེར་སྡོམ་གྱི་བསམ་སྤྱོད་ཅིག་རེད། ཕ་བཞུད་ཀྱང་འཚོ་བ་རོལ་དགོས་པ་རེད། ལས་ཀ་ལས་དགོས་པ་རེད། ཟ་དགོས་པ་རེད། འཐུང་དགོས་པ་རེད། གནད་ཀྱི་དམ་པ་དེ། རང་རང་ས་ནས་རྒྱུ་དངོས་ཀྱི་རོགས་རམ་དང་། བསྔོ་བ་སྔོན་ལམ་བྱེད་རྒྱུ་དེ་ཡིན་པ་མ་གཏོགས། རིགས་ཞེན་གྱི་བུ་ག་ལས་གཞན་གྱི་འཚོ་བར་གནོན་ཤུགས་སྤྲོད་པ་དེ། འཇིགས་སྐུལ་མི་སྣའི་གཉེར་བྱ་ཁོ་ནའོ།།
སྐྱེས་བུ་རང་སྒེར་གྱིས་རྒྱུ་དངོས་ཡོད་ཚད་འབུལ་བའམ། ཐ་ན་རང་ལུས་འདོམ་གང་བོའང་ཕུལ་བསམ་ན། དེ་རང་བདག་གི་རང་དབང་རེད། གཞན་ལ་ཐེ་གཏོགས་དང་ཚོད་འཛིན། གནོན་ཤུགས་སྤྲོད་པ་དེ་རྩ་བ་ཉིད་ནས་ཡག་པོ་མཐོང་གིན་མེད།
ཁོ་སྐྱོ་ན། ཁྱོད་ཀྱང་སྐྱོ་རོགས།
ཁོས་ཕྱི་ས་འདོར་ན། ཁྱོས་ཀྱང་ཕྱི་ས་འདོར་རོགས།
ཁོ་ཤི་ན། ཁྱོད་ཀྱང་ཤི་རོགས།
དཀྱེལ་ཡངས་སུ་བཞད་པའི་སྒེར་སྡོམ། ཞེན་ཁོག་གིས་གཅུན་པའི་ས་འགུལ། GTW
མང་རྒྱན་གྱིས།
སྤྱིར་ལྷག་བསམ་གྱི་ཉམས་ལེན་ནི་རང་གིས་བྱེད་ཨེ་ཐུབ་བལྟ་རྒྱུ་ཞིག་ཡིན་མོད། དེ་ལྟར་བྱེད་མཁན་ནི་ཉུང་། ཀུན་སྤྱོད་ཀྱི་རེ་བ་ནི་གཞན་ལ་འདོན་རྒྱུ་ཞིག་མིན་མོད། དེ་ལྟར་བྱེད་མཁན་ནི་མང་། གཞན་དོན་ཁ་ལ་ཁྱེར་ཞིང་སྒེར་དོན་ཞེ་ལ་བཅངས་པའི་དྲ་ལམ་གྱི་འཁྲབ་སྟོན་པ་རེ་ཟུང་ལ་ཁ་རྡུང་རེ་བཏང་ན་ཡང་མི་འོས་པ་མེད་མོད། དེ་མིན། དགུན་འཁྱག་གྲང་ངར་གྱི་ཀློང་ནས་ས་ཡོམ་གྱི་རྒུད་སྐྱོབ་ཀྱི་ལས་ཀ་ཆེ་ཆུང་ཅི་རིགས་ལ་དངོས་སུ་འཇུག་གྱིན་པའི་གཞུང་སྒེར་སྐྱ་སེར་ཕོ་མོ་ཐམས་ཅད་ལ་རྗེས་སུ་ཡི་རངས་ཞུ་འོས། ཡུལ་དུས་མཐུན་རྐྱེན་སོགས་ཀྱི་བསྐལ་བའི་དབང་གིས་ད་རེས་གོ་ཆེན་པོ་མ་ཆོད་པ་དང་ཕན་མ་ཐོགས་པ་ཚོས་ཀྱང་ཕན་ཚུན་ལ་འཁང་ར་དང་ལེ་བདའ་སོགས་སྤངས་ནས། གནོད་ཐེབས་སྤུན་ཟླ་ཚོའི་བདེ་སྡུག་སེམས་ཀྱིས་མྱོང་ཞོར་མ་ཎི་ཆ་རེ་བཏོན་ནས་བསྡད་ན་ཡང་བསམ་ཤེས་བསྒོམ་མི་ཐུབ་པ་ཞིག་ག་ལ་ཡིན། ང་ཚོ་མི་ཕལ་བ་བྱིངས་ཀྱི་གཤིས་ལུགས་ནི་ནམ་རྒྱུན་སོས་དལ་དུས་ཅི་འདྲ་ཞིག་ཡིན་པ་རང་རང་སོ་སོར་གསལ་ཆ་ལོས་ཡོད། གོད་ཆག་གློ་བུར་བ་ཞིག་བྱུང་བས་ཚང་མ་གཞན་དོན་ཁོ་ནར་གཞོལ་ནུས་པའི་བྱང་ཆུབ་སེམས་དཔའ་རུ་ཡང་ག་ལ་འགྱུར། རང་རང་སོ་སོས་ཐུབ་ཚོད་ནུས་ཚོད་ཀྱིས་ལས་ཀ་རེ་བྱེད་ཨེ་ཐུབ་བལྟ་རྒྱུ་འདི་ཁ་ཡོད་ལག་ཡོད་ཀྱི་དོན་དག་ཡིན། ངའི་ཧྥུན་སི་དང་ངའི་ཚོར་བ་སོགས་མང་པོ་བཤད་ཀྱང་དགོས་པ་ཆུང་། ཁོའི་གོད་ཆག་དང་མོའི་ན་ཟུག་ངོ་མ་དེ་ཚོར་བསམ་བློ་ཐོངས། གཞུང་སྒེར་གཉིས་ཀྱི་སྐད་ཅིག་མཚོ་མོ་འཕྱུར་བ་ལྟ་བུའི་རྒུད་སྐྱོབ་ཀྱི་རླབས་ཕྲེང་འདི་འཇགས་རྗེས་གནོད་ཤུལ་བསྐྱར་སྐྲུན་གྱི་གོ་རིམ་རིང་མོའི་ནང་དུ་། མ་རིག་མ་གོ་བར་ལུས་པའི་རྒུད་སྐྱོབ་ཀྱི་དཀའ་ཁག་དང་རོགས་རམ་གྱི་དགོས་མཁོ་ཅི་ཞིག་ལུས་ཡོད་མེད་ལ་ཐུགས་དགོངས་རེ་བཞེས་རོགས། བརྙན་མིག་དང་གློག་མིག་བརྒྱ་སྟོང་གི་མཐོང་ལམ་དུ་མ་མངོན་པའི་རི་ཁུལ་ལུང་གསེང་དག་ན། མགོན་མེད་ཉམ་ཐག་གི་མི་ཁྱིམ་ཐར་ཐོར་རེ་ལུས་ཡོད་མེད་ལ་རྩད་གཅོད་རེ་གནང་རོགས། འདི་ནི་སྲིད་གཞུང་དང་ཁེ་ལས་སོགས་རྩ་འཛུགས་ཆེ་གྲས་ལ་མི་གཏོགས་པའི་འཇོན་ནུས་དང་ལྷག་བསམ་ཅན་གྱི་རོགས་སྐྱོབ་པ་ཚོས་བསྒྲུབ་ནུས་པ་དང་བསྒྲུབ་འོས་པ། བསྒྲུབ་རིན་ཆེ་བ་དེ་ཡིན་ནམ་སྙམ། རང་གིས་ཅི་ཡང་མ་ནུས་ཀྱང་དེ་ཡི་ཆེད་དུ་ཁྱེད་ཅག་ལ་དྲན་སྐུལ་དང་བཀའ་དྲིན་སྙིང་ནས་ཞུ་བཞིན་ཡོད།
——༢༠༢༥/༡/༩མང་རྒྱན།
ཐར་ཆེན་གྱིས།
གུས་པར་ཉེ་ལམ་ཞིག་ནས་དྲྭ་ལམ་རྡུང་ལེན་འགྲན་བསྡུར་ཁྲོད་ཞུགས་ན་ཡར་སྐུལ་གྱི་ནུས་པ་ཕྲན་བུ་རེ་འདོན་ཐུབ་བམ་སྙམ་པའི་ཀུན་སློང་འདི་ཡོད་པ་དང་། ཐེངས་འདིར་གཙོ་སྒྲུབ་པས་ཀྱང་ཡང་དང་བསྐྱར་དུ་རེ་བ་བཏོན་ཞིང་མཐོང་སྤྲད་པ་གཉིས་ཀ་སྟབས་གཅིག་ཏུ་ཁེལ་ནས་རེབ་འདིའི་དཔྱད་འདེམས་ཀྱི་ལས་ལ་གཟབ་ནན་ངང་ཞུགས་པ་ཡིན།
མི་རྟག་པའི་ཆོས་ཉིད་ནི་འདི་བཞིན་ལགས་ཏེ། ཁྱོད་ལ་ཡིད་དུ་འོང་བའི་ཕུགས་བསམ་ཡོད་མེད་ལ་མ་ལྟོས་པར་ལམ་ལྷོང་མི་སྟེར་སྙམ་དུས་སྒུལ་དཀྱོགས་གང་ཡང་མེད་ཅིང་བར་ཆད་ཀྱི་གནམ་རྡོ་གར་ལྷུང་མི་ཤེས། ཡིད་རབ་ཏུ་སྐྱོ་བ་ཞིག་ལ། བར་གླགས་དེར་དིང་རིའི་ས་ཡོམ་དང་གོད་ཆག་གི་གཏམ་ངན་གོ་སོང་། དེ་མ་ཐག་གུས་པ་རང་ས་ནས་ཀྱང་ཡར་དཀོན་མཆོག་ལ་སྐྱབས་འཇུག་དང་བསྔོ་སྨོན་ཞུས་ཤིང་། དད་ལྡན་དང་བ་འདྲེན་པའི་ཞིང་ས་རུ་གྱུར་པའི་ཆོས་དགོན་ཁ་ཤས་ལ་མར་མེའི་དཀར་ཐིག་ཞོར་ཚོད་རེའང་འབུལ་ཐུབ་པ་བྱུང་། དེ་མུར་གཙོ་སྒྲུབ་པ་ལགས་ལ་སྐབས་འཕྲལ་དུ་ཆེད་དམིགས་མྱ་ངན་ཞུ་དགོས་ཚུལ་གྱི་རེ་བ་བཏོན་པ་ཡིན། དེའི་འཕྲོར་ཐེངས་འདིའི་རྡུང་ལེན་འགྲན་བསྡུར་གྱི་གཙོ་སྒྲུབ་པ་གཙོར་བྱས་དཔྱད་འདེམས་པ་དང་འགྲན་ཞུགས་པ་དག་གིས་མཉམ་དུ་མ་ཎི་ཁྲི་དྲུག་བརྒྱའི་རྡོ་བརྐོས་ཆེན་མོ་བླུས་ཏེ་ཤི་བོའི་ལམ་སྟོན་དང་གསོན་པོའི་སེམས་གསོ་རུ་ཕུལ་ཡོད། མེས་པོ་ཚོས་དགེ་བ་གསང་དགོས། སྡིག་པ་བསྒྲག་དགོས། ཉེས་པ་བཤག་དགོས་ཟེར་མོད་ཉོན་མོངས་ལ་བྱིངས་ཞིང་འུར་སྐད་ལ་སུའི་མཐོ་བལྟ་བའི་ད་ལྟའི་འཇིག་རྟེན་འདི་ནས་ཉེས་པ་འདི་འདྲའང་གསོག་དགོས་བྱུང་། སྤྱིར་ང་ལ་ནི་ལྷག་བསམ་མི་ཆེ་ཞིང་རྣམ་དཔྱོད་མི་ལྡན་ལ་བྱས་པའང་ཆུང་མོད། བསྐྱར་འགྲན་གྱི་གྲོས་བསྡུར་ནང་ཚུན་ཆད་ལ་ཕྱོགས་ངོས་གཅིག་ཁོ་ནར་ཨུ་ཚུགས་མ་བརྒྱབ་པར་རང་གཞན་ཀུན་ལ་འདང་བརྒྱབ་པའི་ཁུལ་གྱིས་ཉིན་ཞེ་དགུའམ་བདུན་ཞག་གཅིག་ལ་མྱ་ངན་ཞུ་འོས་པའི་རྣམ་འགྱུར་བསྟན་པ་ཡིན། མྱ་ངན་དང་དགེ་ལས་ཀྱི་ངོ་བོའི་སྟེང་ནས་སོང་ན་སྲོལ་གྱི་འདུན་ལ་མི་འགྱུར་ཀྱང་ཕན་པ་ཕྲན་བུ་རེ་ཨེ་ཡོད་སྙམ་པ་ཡང་བྱུང་། གང་ལྟར་འདི་ཉིད་དགའ་སྟོན་མ་ཡིན་ཞིང་ཐོག་མའི་འཆར་གཞི་དང་ཁ་དན་བོར་ན་ཕོ་སྐྱེས་ཤིག་གི་འགྲོ་སྟངས་ཀྱང་མིན་ཕྱིར་དཔྱད་འདེམས་ཀྱི་ལས་ལ་ཡིད་རབ་ཏུ་བསྒྲིམས་ནས་སྲལ་ལེན་བྱས་ནའང་། ཤི་རྨས་ཀྱི་ངོ་གདོང་མང་པོ་ཡིད་ལ་ཡང་ཡང་ཤར་ན་སེམས་པ་འགྲན་བསྡུར་གྱི་གཏིང་ལ་འཁོར་ཐབས་ཤིག་མ་བྱུང་། དེ་མ་ཐག་རེ་ཞིག་མཚམས་འཇོག་དགོས་པའི་རེ་བ་བཏོན་ཞིང་གཙོ་སྒྲུབ་པས་ཀྱང་གུས་པའི་བསམ་འཆར་ལ་བརྩི་བཀུར་མཛད་དེ་མཚམས་འཇོག་གནང་། དེ་བཞིན་མྱ་ངན་མཚོན་ཕྱིར་གདུང་ཤུགས་འཕེལ་བའི་སྙན་ངག་ཆག་པོ་ཞིག་ཀྱང་བློས་བསླངས་བྱས་མོད། སྐབས་འདི་འདྲར་རྨ་ཐོག་ཚྭ་འདེབས་ལྟ་བུར་འགྱུར་ཉེན་ཆེ་བས་ཁྱིམ་ཕུགས་ནས་ཁེར་བུར་ཡང་ཡང་བཀླགས་རྗེས་ས་འགུལ་གྱི་གླུ་ཚིག་གཅིག་བྲིས་ཡོད་པ་དེ་དང་མཉམ་པོར་ཁ་པར་དུ་བསྙལ།
ཀྱེ་མ། ཆག་སྒོ་རེ་རེ་ནི་རང་ཉིད་ཡ་མེད་ཅིག་ཡིན་ཚུལ་བསྒྲག་སའི་འཁྲབ་སྟོན་གྱི་གར་སྟེགས་རེ་རེར་མི་འགྱུར་བར་སྨོན། ཆག་འཇིག་རེ་རེ་ནི་རང་ཉིད་དཔའ་རྒོད་ཅིག་ཡིན་ཚུལ་ངོམ་སའི་གོ་སྐབས་ཀྱི་གཡུལ་ས་རེ་རེར་མི་འགྱུར་བར་སྨོན། ཁ་མཆུ་དང་སྡང་སྡིག འཁོན་འཛིང་སོགས་ལས་ཕྱིར་བུད་དེ་ལག་པ་བྲང་ཐོག་ལ་བཞག་ནས་རང་ཉིད་ལ་བློ་གཟུ་བོས་ཚང་རྩིས་ཤིག་བརྒྱབ་ཚེ་ད་གཟོད་དོན་དམ་གྱི་རང་ཉིད་དེ་རྙེད་ཀྱང་སྲིད་དོ།། རྒྱུ་ཆེན་ཕྱུག་པོ་འགའ་ཞིག་ན་རེ། ང་ཚོས་སྒོར་མོ་འབོར་ཆེན་གྱིས་རོགས་དན་གནད་སྨིན་གནང་ཡོད། འོ་ན་ཅང་མེད་ཁྱོད་ཚོས་ང་ཚོ་ནང་བཞིན་མི་འཁྱོང་བར་གདུང་སེམས་མཉམ་བསྐྱེད་ཙམ་གྱིས་ཅི་ལ་ཕན་ཟེར་བ་དང་། ཡང་ཁ་ཅིག་ན་རེ། ཕྱུག་པོ་ཁྱོད་ཚོས་ང་ཚོ་ནང་བཞིན་སེམས་པ་གཙང་མ་དག་མས་གདུང་སེམས་མཉམ་བསྐྱེད་བྱས་ཏེ་ཁུ་སིམ་པོར་མི་སྡོད་པར་སྒོར་མོ་མང་པོ་བྱིན་ཏེ་འུར་བརྒྱབ་པས་ཅི་ལ་ཕན་ཟེར་བ་གཉིས་ཀ་ཕྱོགས་སུ་ལྷུང་བའི་ཉོན་མོངས་ཀྱི་གཏམ་དུ་འདོད། འུ་ཐུག་ཅིང་ཉམ་ཐག་པའི་སྐབས་འདི་འདྲ་ལ་རྒྱུ་ནོར་གྱི་རོགས་རམ་མཁོ་ཆེ་ཞིང་གདུང་སེམས་ཀྱི་དཔུང་རོགས་ཀྱང་གལ་ཆེའོ།། ཀུན་ཀྱང་ཕན་ཚུན་དཔུང་གདང་བརྟན་པོ་དང་ཁ་འཆམ་ཁོག་མཐུན། གུ་ཡངས་སྒམ་དཀྱེལ་ངང་གནོད་ཐེབས་ས་ཁུལ་གྱི་དཔུང་གཉེན་དུ་འགྱུར་རེ་ཅི་བས་ཆེ་ཨང་།
དྲྭ་ལམ་ན། སོ་སོའི་འཚོ་ཚིས་ཙམ་ལའང་རང་མགོ་ཆེར་མི་ཐོན་ཞིང་གཞན་གྱི་ཕུན་ཚོགས་ལ་རབ་ཏུ་མི་བཟོད་པ་དག་ནི་རྟག་པར་གཞན་སྐྱོན་སྤུར་ཐབས་ལ་བརྟེན་ནས་རང་གི་རླུང་རྟ་ཨེ་རྒྱུག་བལྟ་རྒྱུར་གོམས་ལོབས་སུ་སོང་ཡོད་ཕྱིར། དེ་དག་གིས་ཇི་ལྟ་བུའི་ཁ་སྨྲས་བཏང་ཞིང་འཕྱས་གདགས་ནའང་མི་འཇིགས་མོད། མེས་པོ་དམ་པའི་ཐབ་ཤུལ་ན་བདག་དང་རིགས་ཞེན་གྱི་དཔུང་གདང་སྦྲེལ་ཞིང་ལས་ལམ་གྱི་བསྐོས་ཐང་གཅིག་པའི་ལྷག་བསམ་ཅན་དང་རྣམ་དཔྱོད་ཅན། ཚུགས་ཐུབ་ཅན་གྱི་སྤུན་ཟླ་དག་ནི་ང་རང་འཆི་གསོན་གང་ལ་ཐུག་ཀྱང་སེམས་པ་དམར་དམར་འདི་བརྟེན་ས་དང་རེ་བ་དཀར་དཀར་འདི་བཅོལ་ས་ཡིན་ཕྱིར། གསལ་བཤད་ལྟ་བུའི་གླེན་གཏམ་འགའ་ཞུ་དགོས་བྱུང་། མཐར་ས་རྡོའི་འོག་ཏུ་ཤོར་བའི་རིགས་མཐུན་གྱི་རྣམ་ཤེས་བརྒྱ་ཕྲག་དང་འདས་པོའི་ཤུལ་དུ་ལུས་པའི་སེམས་མཐུན་གྱི་ལྕམ་སྲིང་སྟོང་ཕྲག་ལ་དམ་པའི་ཆོས་ཀྱི་སྐྱེལ་མ་དང་གདུང་བའི་སེམས་ཀྱི་མྱ་ངན། རེ་བའི་ལམ་གྱི་སྐྱོར་མ་ཡང་ཡང་ཞུའོ།།
—2025.1.10ཉིན་བྲིས་པ་དགེའོ།།
མཇུག་འབྲས།
ཕྱིར་མིག
འཕྲིན་གསར།
3 ༢༠༢༠ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།
4 ཨེ་ཉི་མ་ཚེ་རིང་གི་དེབ་གསར་འགྲེམ་སྤེལ་མཛད་སྒོ།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།