གུང་གསེང་རྗེས་ཀྱི་ལུས་སེམས་ཀྱི་གནད་དོན་སེལ་ཐབས།

政务   2025-02-06 11:16   青海  

དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་སྒྲིལ་ལ་ཉེ་བས། ཁྱེད་ལ་ལས་ཀར་འགྲོ་མི་འདོད་པ་དང་སློབ་གྲྭར་འགྲོ་མི་འདོད་པ། མལ་ལས་ལངས་མི་འདོད་པ་སོགས་ཀྱི་སྣང་བ་སྟེར་གྱི་འདུག་གམ། གུང་གསེང་གི་རྣམ་པ་ནས་ལས་ཀའི་རྣམ་པར་བསྒྱུར་སྐབས་མི་གོམས་པའི་ཚོར་བ་འདུག་གམ། ཇི་ལྟར་སྙོམས་སྒྲིག་བྱ་དགོས་སམ།  གཤམ་གྱི་མཛུབ་སྟོན་འདིར་གཟིགས་རོགས།      

ཅི་ཞིག་ལ་གུང་གསེང་རྗེས་ཀྱི་ལུས་སེམས་ཀྱི་གནད་དོན་ཟེར་རམ། 

གུང་གསེང་རྗེས་གཉིད་མི་ཁུག་པ་དང་། ཐང་ཆད་པ། རྣམ་རིག་སྒྲིམ་མི་ཐུབ་པ། སེམས་ཁམས་མི་སྐྱིད་པ་སོགས་ཀྱི་སྣང་ཚུལ་ཐོན་པ་དང་། ཐ་ན་མི་ལ་ལར་སེམས་འཚབ་པ་དང་ཡིད་མུག་པའི་ཚོར་སྣང་བྱུང་ནས་ལས་ཀ་དང་འཚོ་བར་ཤུགས་རྐྱེན་ཐེབས་བཞིན་པ་དེ་ནི་གུང་གསེང་རྗེས་ཀྱི་ལུས་སེམས་ཀྱི་གནད་དོན་ཞེས་པ་དེ་རེད། རྒྱུ་རྐྱེན་གང་དག་གིས་གུང་གསེང་རྗེས་ཀྱི་ལུས་སེམས་ཀྱི་གནད་དོན་སློང་སྲིད་དམ། 

ཆེད་མཁས་པས་དྲན་སྐུལ་གནང་བར།  གལ་ཏེ་ཁྱེད་ལ་གཤམ་གསལ་གྱི་རྟགས་མཚན་འདི་རིགས་བྱུང་ན་དོ་སྣང་གནང་རོགས། 

གཉིད་འཁྲུག་པ་དང་། ཁ་པར་ལ་གཡེང་བ།  ངལ་དུབ་སྐྱེ་བ། སེམས་ཁྲལ་ཆེ་བ། ཕོ་རྒྱུའི་ནུས་པ་འཁྲུག་པ་སོགས་ཀྱི་རྟགས་མཚན་ཐོན་རིགས་ཡིན། 

གུང་གསེང་རྗེས་ཀྱི་ལུས་སེམས་ཀྱི་གནད་དོན་ཇི་ལྟར་སྙོམས་སྒྲིག་བྱ་དགོས་སམ།  

གུང་གསེང་གི་མཇུག་སྒྲིལ་ལ་ཉེ་བས། མི་རྣམས་ལ་ཡིད་གདུངས་པའི་སྣང་བ་སྟེར་སྲིད། གསོ་རིག་གི་སྟེང་ནས་བཤད་ན་གུང་གསེང་རྗེས་ཀྱི་ལུས་སེམས་ཀྱི་གནད་དོན་ནི་དོན་ངོ་མར་ནད་རྟགས་མིན། ཇི་ལྟར་སྙོམས་སྒྲིག་བྱས་ན་ལུས་སྟོབས་དང་ལྡན་པའི་སྒོ་ནས་གུང་གསེང་རྗེས་ཀྱི་ལས་ཀའི་ནང་ཞུགས་ཐུབ་བམ། 

གཉིད་ཉལ་བའི་དུས་ཚོད་སྙོམས་སྒྲིག་བྱེད་པ། པེ་ཅིང་ཨན་ཀྲེང་སྨན་ཁང་གཉིད་ཉལ་གསོ་རིག་ལྟེ་གནས་ཀྱི་ཀྲུའུ་རིན་སྨན་པ་ཤའེ་ཅང་གིས། གུང་གསེང་མཇུག་སྒྲིལ་ལ་ཉེ་བས་གཉིད་ཉལ་བའི་དུས་ཚོད་ཀྱི་ཚོད་འཛིན་བྱས་ཏེ། གཉིད་ཉལ་བའི་དུས་ཚོད་རིང་དྲགས་སུ་འཇུག་མི་རུང་ཞེས་གསུངས་པ་རེད། 

གུང་གསེང་རྗེས་ལས་ཀར་འགྲོ་སྐབས་རྣམ་རིག་སྒྲིམ་མ་ཐུབ་ན་ཇི་ལྟར་བྱ་དགོས་སམ། 

རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཨན་ཏིང་སྨན་ཁང་ནད་ཐོག་སེམས་ཁམས་ནད་ཁུལ་གྱི་ཀྲུའུ་རིན་ལིའུ་ཅིང་གིས་ངོ་སྤྲོད་གནང་བར། གུང་གསེང་རྗེས་སུ་ལས་ཀར་བསྐྱོད་མ་ཐག ཡིད་སྡུག་སེམས་གཡེང་ངམ་རྣམ་རིག་སྒྲིམ་དཀའ་བ། དྲན་ཤེས་འགྲིབ་པ། ལས་ཀའི་ལས་ཕྱོད་དམའ་བ་སོགས་ཀྱི་སྣང་ཚུལ་ཐོན་སླ་པོ་ཡོད། སྐབས་དེར་ལྷོད་གཡེང་དང་སྒོམ་རྒྱག་པ། སྤོས་དྲིར་སྣོམ་པ། དེ་མིན་རྩལ་སྦྱོང་བཅས་ལ་བརྟེན་ནས་གནས་ཚུལ་སྙོམས་སྒྲིག་བྱེད་ཆོག 

བྱིས་པ་གུང་གསེང་ལས་སྒྲོལ་ནས་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བར་ཞུགས་རོགས་ཇི་ལྟར་བྱ་དགོས་སམ། 

བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་མཚོན་ན་གུང་གསེང་གི་སྐབས་སུ་གློག་རྡུལ་ཐོན་རྫས་བེད་སྤྱོད་པའི་དུས་ཡུན་རིང་དུ་ཕྱིན་པས། གུང་གསེང་རྗེས་ཀྱི“ཕྱོགས་བསྡུས་རྟགས་མཚན” ལྟོས་བཅས་ཀྱིས་མངོན་གསལ་དོད་པོ་ཡོད། 

བྱིས་པ་དང་གཞོན་ནུ་ལོ་ཆུང་གི་གུང་གསེང་རྗེས་ཀྱི་ཕྱོགས་བསྡུས་རྟགས་མཚན་གཙོ་བོ་མགོ་ཡུ་འཁོར་བ་དང་། མགོ་ན་བ། ཡིད་མུག་པ། དབུགས་འཚང་བ། ཞེ་མེར་ལངས་པ། སྐྱུག་པ་སོགས་ཀྱི་སྣང་ཚུལ་དུ་མངོན་གྱི་ཡོད། ད་དུང་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་ལར་གཉིད་མི་ཁུག་པ་དང་ཡིད་མུག་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། 

རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་སེམས་ཁམས་ཚན་ཁག་གི་ཀྲུའུ་རིན་གཞོན་པ་སྨན་པ་ལི་ཡིང་གིས། རྟགས་མཚན་དེ་རིགས་ཀྱི་སྐྱེ་ལྡན་རང་བཞིན་གྱི་རྒྱུ་རྐྱེན་གསལ་པོ་རྙེད་མི་ཐུབ་ཅིང་། མི་སྒེར་བར་གྱི་ཁྱད་པར་ཅུང་ཆེན་པོ་ཡོད་ལ། ཚོགས་སྤྱི་དེའི་ཁྲོད་བྱིས་པ་མང་ཆེ་བས་མགྱོགས་མྱུར་ངང་རང་ཉིད་སྙོམས་སྒྲིག་བྱེད་ཐུབ་མོད། འོན་ཀྱང་བྱིས་པ་ཉུང་ཤས་ལ་དཀའ་ངལ་ཅུང་ཆེ་ཙམ་འཕྲད་སྲིད། 

གུང་གསེང་རྗེས་ཀྱི“ཕྱོགས་བསྡུས་རྟགས་མཚན”ཅུང་ཚབས་ཆེ་བའི་བྱིས་པར་གློག་རྡུལ་ཐོན་རྫས་སྤྱོད་མང་བའི་གནས་ཚུལ་ཡོད། བྱིས་པ་དེ་དག་གི་སེམས་ཁམས་སྙོམས་སྒྲིག་བྱེད་པའི་གོ་རིམ་གཙོ་བོ་ཞིག་ནི་ཁོ་ཚོར་གློག་རྡུལ་ཐོན་རྫས་བེད་སྤྱོད་པའི་དུས་ཡུན་ཇེ་ཐུང་དུ་གཏོང་རོགས་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད། 

ལི་ཡིང་གིས། གློག་རྡུལ་ཐོན་རྫས་བེད་སྤྱོད་ཐད་སེམས་ཁམས་ཀྱི་ཐོག་ནས་སྤྱིར་བཏང་བརྗེ་ཚབ་ཀྱི་ཐབས་ཤེས་སྤྱད་དེ་སྔར་ལས་སྤྲོ་སྣང་དོད་པའི་དུས་ཚོད་བཏོད་དེ། གློག་རྡུལ་ཐོན་རྫས་བེད་སྤྱོད་པའི་དུས་ཚོད་ཚོད་འཛིན་བྱེད་དགོས་པ་ལས་ཤུགས་དྲག་པའི་འགོག་སྡོམ་བྱ་མི་ཉན་ཞེས་གསུངས་པ་རེད།  

ཆེད་མཁས་པས། བྱིས་པར་གློག་རྡུལ་ཐོན་རྫས་བེད་སྤྱོད་པའི་དུས་ཚོད་ཇེ་ཉུང་དུ་གཏོང་རོགས་བྱེད་སྐབས། ངེས་པར་དུ་བབ་བསྟུན་རིམ་འཇུག་བྱ་དགོས། ཐོག་མའི་དུས་སུ་ཁྱིམ་བདག་གིས་བྱིས་པས་བལྟ་རྒྱུར་འཚམ་པའི་དངོས་བྲིས་བཙལ་ནས་བྱིས་པ་དང་མཉམ་དུ་བལྟ་བ། ཉིན་གསུམ་ནས་ལྔའི་བར་སྙོམས་སྒྲིག་བྱས་རྗེས། བྱིས་པ་མང་ཆེ་བས་གུང་གསེང་རྗེས་ཀྱི“ཕྱོགས་བསྡུས་རྟགས་མཚན”བསལ་ནས། ཆོས་ཉིད་ལྡན་པའི་འཚོ་བར་གོམས་སྲིད་ཅེས་ངོ་སྤྲོད་གནང་བ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章