༄༅། །གས་ལྔ་ཡི་དབུས་མ་གཙོ་ཐང་།
གཉིས་པ་ས་ངོར་ཚར་གསུམ་གྱི་བྲིས་ཐང་ཤིན་ཏུ་སྒྲོས་ལེགས་དཔེར་འོས་པ་ཞིག་བཞེངས་རྒྱུར།
གསུམ་པ་ཇོ་འབྲོམ་རྔོག་གསུམ་གྱི་ཞལ་ཐང་ལ།
བཞི་པ་བཀའ་བརྒྱུད་ཞལ་ཐང་གཙོ་བོ་རྗེ་བཙུན་མར་པ་ཉི་ལྡེམ་སྐུ་ཚད་ཇོ་བོ་རྗེ་ལྟར།
བཀའ་བརྒྱུད་ཞལ་ཐང་གཙོ་བོ་རྗེ་བཙུན་མར་པ་ཉི་ལྡེམ་སྐུ་ཚད་ཇོ་བོ་རྗེ་ལྟར། ནང་གོས་དཀར་འཇམ་གསེར་གྱི་མེ་ཏོག་ཟླུམ་འཇིང་། སྐུ་ཆིངས་དམར་སྨུག་བེར་དམར་སྨུག་མོན་ཁ། ཞབས་རྗེན་གདན་འབོལ་ཁྲི་བཅས། སྐུ་ཤ་དཀར་མདངས། དེའི་གཡས་སུ་མི་ལ་ན་བཟའ་རས་གོས་རྐྱང་པ། སྒོམ་ཐག་དམར་པོ་རྩ་འཁོར་རི་མོ་ཅན།ཕྱག་གཡས་པུས་མོ་སྟེང་དུ་བརྐྱང་། གཡོན་གདན་ལ་བརྟེན། ཞབས་གཡས་བརྐྱང་རོལ། རི་དྭགས་པགས་པའི་གདན། སྐུ་ཤ་དཀར་མདངས། གཡོན་དུ་དྭགས་པོ་རིན་པོ་ཆེ་ཆོས་གོས་རྣམ་གསུམ་མཚལ་ཁ། བེར་གསེར་མདངས། ཕྱག་མཉམ་བཞག །དྭགས་ཞུ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། གདན་འབོལ་ཁྲི། གཉིས་ཀ་སྐུ་ཚད་འབྲོམ་རྔོག་གཉིས་དང་འདྲ། གཞན་སྐུའི་ཉམས། ཤ་མདངས། གཟིགས་སྟངས། ཕྱག་སྟབས། བཞུགས་སྟངས། ན་བཟའ་གདན་ཁྲི་སོགས་ཀར་ཕྱོགས་ཀྱི་ཟུང་འཇུག་བརྒྱུད་རིམ་བྲིས་རྒྱུན་ཁུངས་དག་ལྟར་ལ། དམིགས་གསལ་མར་པ་ལ་སེང་ཁྲི་དར་འབོལ། པད་གདན། མདུན་དུ་རྡོར་དྲིལ། ཌཱ་རུ། ནང་མཆོད། ཞལ་དཀར་ཆང་གིས་བཀང་བ། ཚོགས་རྫས་ཉ་ཤ་དང་ལ་ཕུག་སོགས་ཡོད་པའི་པད་གཞོང་བཅས། མི་ལ་ལ་འབོལ་གདན་ལྗང་གུའི་སྟེང་རི་དྭགས་པགས་པ་དང་། དྭགས་པོ་ལ་འབོལ་གདན་དམར་པོའི་སྟེང་གདིང་བ་བཏིང་བ། སྟེང་གི་དབུས་སུ་རྡོ་རྗེ་འཆང་སྤྱི་ལྟར། གཡས་སུ་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སྐུ་མདོག་དམར་པོ། ལོངས་སྤྱོད་རྫོགས་སྐུའི་ཆས་སྤྱི་འགྲེལ། ཕྱག་མཉམ་གཞག་གི་སྟེང་གསེར་གྱི་བུམ་པ་དཔག་བསམ་ཤིང་ལོ་མ་དང་མེ་ཏོག་རབ་ཏུ་རྒྱས་པའི་ཁ་རྒྱན་ཅན་བསྣམས་པ། ཞབས་རྡོར་སྐྱིལ། གདན་པད་ཟླ་སོགས་སྤྱི་ལྟར། འཇའ་སྤྲིན་དང་བདུད་རྩིའི་ཆར་ཁ་དོག་ལྔ་ལྡན་ཕྱག་གི་བུམ་པ་ལས་འཕྱུར་བའི་ཚུལ་གྱིས་འབེབས་པ། གཡོན་དུ་གྲུབ་ཆེན་ས་ར་ཧ་བྲམ་ཟེའི་གཟུགས་མདའ་འཛིན་པ་སོགས་སྤྱི་ལྟར་ལ། མར་པའི་མནལ་ལམ་ལྟར་ན། ཤིང་པཀྴིའི་ལྗོན་པ་ལ་སྐུ་རྒྱབ་བརྟེན་པ། དུར་ཁྲོད་ཀྱི་ཆས་དང་། རོ་གདན་ཅན་ཞེས་གསུངས་པ་བྲི་སྟབས་བདེ་ན་དེ་ལྟར་བྲི་ཞིང་། དུར་ཁྲོད་ཀྱི་ཆས་རྫོགས་པར་བྲི་སྟབས་མ་བདེ་ན་སྤྱི་ལྟར་རུས་རྒྱན་དྲུག་དང་སྟག་ཤམ་ཙམ་བྲིས་པས་འཐུས། གང་ལྟར་ཡང་འཇའ་སྤྲིན་གྱི་དབུས་ན་བཞུགས་པ། ཞབས་ཕྱེད་སྐྱིལ། མེ་ཏོག་གི་ཆར་འབེབས་པ། འཇའ་ཟེར་མར་པའི་ཐུགས་ཀར་ཟུག་པ་བྲི། འཁོར་མི་དགོས། རྡོ་རྗེ་འཆང་གི་འོག་གཡས་སུ་ཏེ་ལོ། གཡོན་དུ་ནཱ་རོ། ཟུང་འཇུག་བརྒྱུད་རིམ་བྲིས་རྒྱུན་སྤྱི་ལྟར་གང་ལེགས། མི་ལའི་དབུ་གཙུག་སྟེང་ཐད་ནམ་མཁར་བདེ་མཆོག་ལྷན་སྐྱེས། དྭགས་པོའི་དབུ་གཙུག་ནམ་མཁར་ཕག་མོ་དམར་མོ་གཉིས་ཀར་ཐུགས་ཀྱི་སྒྲུབ་ཐབས་དང་མཐུན་པའི་བྲིས་རྒྱུན་སྤྱི་ལྟར། སོ་སོའི་ཐུགས་ཀ་ནས་སོ་སོར་འཇའ་ཟེར་གྱིས་སྦྲེལ་བ་སོགས་སྔ་མ་རྣམས་ལྟར། མི་ལའི་སྟེང་མར་པའི་གཡས་ཟུར་དུ་གྲོ་བོ་ལུང་གི་རི་ཁྲོད་དང་། སྲས་མཁར་དགུ་ཐོག་གི་ཕོ་བྲང་གཉིས་བྲིས་དཔེ་ལྟར་བཀོད་པ་གང་ལེགས་དང་། དེ་གཉིས་སུ་སྔགས་འཆང་རྡོ་རྗེ་འཛིན་པའི་ཚོགས་ཀྱིས་འཆད་པ་དང་། རྩོམ་པའི་བཀོད་པ་གང་མཛེས། མར་པའི་སྐུའི་གཡོན་དྭགས་པོའི་ཐད་དྭགས་ལྷ་སྒམ་པོ་བྲིས་དཔེ་ལྟར་དང་། དེར་རབ་བྱུང་གི་ཚོགས་ཀྱིས་འཆད་རྩོམ་མཛད་ཚུལ། རི་ཁྲོད་དུ་རབ་བྱུང་རྣམས་ཀྱིས་བསྒོམ་མཛད་ཚུལ། དེའི་སྟེང་ཟུར་གང་བདེར་ལ་ཕྱི་གངས་ཀྱི་རྭ་བ་བྲིས་དཔེ་ལྟར་ལ། དཀྱིལ་དུ་གངས་ཁྲོད་དང་གཤམ་དུ་བྲག་ཕུག་ཏུ་རས་པའི་ཚོགས་སྒྲུབ་པ་ལ་གཞོལ་བའི་ཚུལ། མར་པའི་མདུན་དུ་འཇམ་མགོན་བློ་གྲོས་མཐའ་ཡས་བྲིས་རྒྱུན་དཀྱུས་ལྟར་ལ། དབུ་ཞྭ་དྭགས་ཞུ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་རྒྱས་ཨུཏྤལ་བསྣམས་པའི་གཡས་སྙན་ཐད་གླེགས་རལ་དང་། གཡོན་ཚེ་བུམ་གྱིས་མཚན་པ། ཞབས་རྡོར་སྐྱིལ། དེའི་མདུན་དུ་ཉེ་བའི་རིན་ཆེན་བདུན། ཁང་༡བཟང་བཀོད་པ་གང་ལེགས་ཀྱི་དབུས་སུ་རལ་གྲི་སྔོན་༡པོ་འོད་ཟེར་སྔོན་པོ་འཕྲོ་བ། ལྤགས་༣པ་གསེར་གྱི་སྤུ་རིས་ཅན། སྐྱེད་མོས་ཚལ༤། གོས་ཕུ་དུང་ཅན་༥། རིན་པོ་ཆེའི་༦མཆིལ་ལྷྭམ། གཟིམ་ཁྲི་མལ་༧ཆ་གཟན་ལྟ་བུ་བཅས། བཀྲ་ཤིས་རྫས་བརྒྱད་ཀྱི་རི་མོ་བཅས་བཀོད་པ་གང་མཛེས་དང་། གཞན་ཡང་མཆོད་པའི་རྣམ་གྲངས་དུ་མ། དེའི་གཡས་སུ་མགོན་པོ་ཕྱག་བཞི་པ། གདན་པད་ཉི་བམ་རོ་བསྣོལ་བའི་སྟེང་། མགོན་པོ་སྐུ་མདོག་མཐིང་ནག །དམར་ཟླུམ་སྤྱན་གསུམ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། ལྗགས་བསྐྱོད་པ། དབུ་སྐྲ་སྨར་སྨིན་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་དང་པོའི་བེ་ཏའི་འབྲས་བུ་དབྱིབས་སྙིང་འདྲ་བ་ཐུགས་ཀའི་སྟེང་དང་། གཡོན་ཐོད་ཁྲག་འོག་ཏུ་འཛིན་པ། གཡས་འོག་མས་རྡོ་རྗེ་རལ་གྲི་འདེབས་ཚུལ། གཡོན་འོག་མས་ཁ་ཊྭཱྃ་རྩེ་གསུམ་དར་དཔྱངས་ཅན་འཕྱར་ཐབས། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ། དར་དང་། རིན་པོ་ཆེ་དང་། སྦྲུལ་དང་། དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ། སྟག་ལྤགས་གསར་པ་ཁྲག་དང་བཅས་པའི་ཤམ་ཐབས་ཅན། སྐུ་ལས་སྐྱེས་པའི་མེ་འབར་བའི་ཀློང་དུ་ཞབས་དཔའ་བོ་རོལ་པའི་བཞུགས་སྟངས་ཅན་ནོ། །གཡོན་དུ་བཀྲ་ཤིས་ཚེ་རིང་མ་གཙོ་མོ་སྐུ་ཚད་ཆེ་བ། འཁོར་བཞི་ཛམ་དཀར་གྱི་ལྷ་མོ་བཞི་ལྟ་བུའི་ཆུང་ངུ་། གངས་མཐོན་མཐིང་རྒྱལ་མོའི་བཀོད་པ་སོགས་ཀར་ལུགས་བྲིས་རྒྱུན་སྤྱི་ལྟར་ཤིན་ཏུ་ལེགས་པ། གཞན་གནམ་ས་བར་གསུམ་གྱི་ཡུལ་སྣང་། འཇའ་སྤྲིན། རིན་པོ་ཆེ་དང་མེ་ཏོག་གི་ཆར། གངས་རི། སེང་གེ། བྲག་རི། སྤང་རི། དཔག་བསམ་ལྗོན་ཤིང་། སྐྱེད་ཚལ། ཁྲུས་རྫིང་། རིན་པོ་ཆེའི་རི། མ་རྨོས་ལོ། འདོད་འཇོའི་བ། གཏེར་བུམ། གླང་ཆེན། བྱ་རི་དྭགས། རྨ་བྱ། མེ་ཏོག་གི་བུམ་པ། ནེ་ཙོ་མི་སྐད་སྨྲ་བ་ཟུང་སོགས་སྔ་མ་རྣམས་ལྟར་བཀོད་པ་རྒྱས་མཛེས་སུ་བྲི་ཞིང་། རྒྱབ་ཏུ་གཙོ་བོའི་སྐུ་རྒྱབ་ཁྲི་རྒྱབ་ཡོལ་བར་གྱི་ཚད་དང་མཉམ་པའི་ལྷ་བབས་མཆོད་རྟེན་ཐིག་རྩ་ལྡན་པ། བུམ་སྒོ་ཐུགས་ཀའི་ཐད་དུ་ཡོད་པ་ཞིག་བྲིའོ། མངྒལཾ། །
ལྔ་པ་རྗེ་ཡབ་སྲས་གསུམ་གྱི་བྲིས་ཐང་གི་དབུས་སུ་རྗེ་རིན་པོ་ཆེ་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ།
ཨོཾ་སྭ་སྟི། རྗེ་ཡབ་སྲས་གསུམ་གྱི་བྲིས་ཐང་གི་དབུས་སུ་རྗེ་རིན་པོ་ཆེ་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། སྐུ་ཤ་རྒྱས་ཤིང་ཞལ་རས་ཆེ་བ་འགྲེས་ཉམས་སོགས་མེད་པ། ཤངས་ཟླུམ་ཞིང་ཆེ་བ། ཕྱག་ཐུགས་ཀར་ཆོས་འཆད་ལས་གྱེས་པའི་ཨུཏྤལ་གཡས་སུ་སྙན་ཐད་རལ་གྲི། གཡོན་དུ་གླེགས་བམ། དབུ་པཎ་ཞུ་སེར་པོ་ཟབ་ཅན། སྐུ་ཆོས་གོས་རྣམ་གསུམ། ཞབས་རྡོར་སྐྱིལ། གདན་སེང་ཁྲི་པད་ཟླ། བླ་མའི་རྣལ་འབྱོར་ལྟར་ན་སྤྲིན་དཀར་པོ་རྒྱས་པའི་སྟེང་ན་བཞུགས་པ་བྲི་དགོས་ཀྱང་། འདིར་སྟབས་མི་བདེ་བས་རྒྱབ་ཡོལ་གྱི་ཕག་ནས་སྤྲིན་དོན་པའི་རྣམ་པ་ཙམ། གཡས་སུ་རྒྱལ་ཚབ་རྗེ་སྐུ་ཅུང་ཟད་འདུད་པའི་རྣམ་པ། ཕྱག་གཡས་ཆོས་འཆད་ནོར་བུས་མཚན་པའི་པད་དཀར། གཡོན་མཉམ་བཞག་གླེགས་བམ། གཡོན་དུ་མཁས་གྲུབ་རིན་པོ་ཆེ་སྐུ་དར་བབ། སྐུ་ཤ་ཅུང་སྲབ་པ་འགྱིང་བའི་རྣམ་པ་ཅན། གཡས་ཆོས་འཆད་པདྨ་རྡོར་དྲིལ་གྱིས་མཚན་པ། གཡོན་མཉམ་གཞག་གླེགས་བམ།གཉིས་ཀ་དབུ་པཎ་ཞུ་སེར་པོ་ཟེ་བ་མེད་པ། ཆོས་གོས་རྣམ་གསུམ་གསོལ་བ། ཞྭབས་རྡོར་སྐྱིལ་གྱིས་པད་ཟླའི་གདན་ལ་བཞུགས་པ། བླ་མའི་རྣལ་འབྱོར་ལས་སེང་ཁྲི་གསུངས་ཀྱང་བྲིས་ཆ་ལ་གུ་དོག་པའི་སྐྱོན་ཙམ་འབྱུང་བས་མ་བྲིས་ན་ཆོག །དེའང་གཉིས་ཀ་སྐུ་ཤ་དཀར་ལ་དམར་མདངས་ཆགས་པ།རྒྱལ་ཚབ་རྗེ་སྐུ་ཅུང་ཟད་འགྲེས་ཉམས་ཞི་དུལ་གྱི་རྣམ་པ་སྐུ་ཤ་ཚོ་སྐེམས་རན་པ། མཁས་གྲུབ་རྗེ་སྐུ་གྲིམས་ཞིང་ཧུར་བག་གི་རྣམ་པ་ཞིག་བྲི་སྲོལ་སྣང་།མདུན་དུ་དགེ་བཤེས་རྡོ་རྗེ་འཆང་སྐུ་གཟུགས་ཆེ་བ་སྐུ་ཤ་ཚོ་སྐེམ་རན་པ་ཞི་དུལ་གྱི་རྣམ་པ། དབུ་པཎ་ཞྭ་རྣ་ཐུང་སེར་པོ་ལེབ་ཞྭ་མཛད་པ། ཕྱག་གཡས་ཆོས་འཆད། གཡོན་མཉམ་གཞག་གླེགས་བམ། ཆོས་གོས་རྣམ་གསུམ་གསོལ་བ། ཞབས་སེམས་སྐྱིལ་བདེ་ལུགས་ཅན་ལྷོད་ཆགས་པ། གདན་རིན་པོ་ཆེའི་ཁྲི་དང་དར་འབོལ། མདུན་དུ་ལྷུང་བཟེད། སྤྱི་བླུགས། ཤིང་ཏོག་ཙམ། རྗེ་རིན་པོ་ཆེའི་སྐུའི་གཡས་སུ་མཁར་གསིལ་ཞིག་བྲི་སྲོལ་སྣང་བ་སྟབས་བདེ་ན་ལེགས། ལྷུང་བཟེད་འདི་དག་ཞོ་དང་ཤིང་ཏོག་སོགས་ཀྱིས་གང་བ་རེ་བྲི་དགོས། ཐམས་ཅད་ཀྱི་ཆོས་གོས་སྣམ་སྦྱར་སེར། ཤམ་ཐབས་ལེའུ་ཅན། རྗེ་རིན་པོ་ཆེའི་དབུ་གཙུག་ཏུ་བྱམས་པ་བཟང་པོའི་འདུག་སྟངས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་པ། ཕྱག་ཆོས་འཆད། གཡས་ཀླུ་ཤིང་མེ་ཏོག་དམར་སེར་ལོ་མ་ལྗང་གུ་སྤུ་སྐྱ་བོ་ཡོད་པ། ཟེ་འབྲུར་སྤྱི་བླུགས་ཀྱིས་མཚན་པ། གདན་པད་ཟླ། བྱང་ཆུབ་སེམས་དཔའི་ཆ་བྱད་དང་སྤྱི་བོར་བྱང་ཆེན་གྱིས་མཚན་པ་སོགས་སྤྱི་ལྟར། དེའི་གཡས་སུ་ཀླུ་སྒྲུབ། གཡོན་དུ་ཐོགས་མེད་གཉིས་བྱམས་པ་ལས་ཆུང་ཙམ། གཞན་སྐུའི་རྣམ་འགྱུར་སོགས་སྤྱི་འགྲེ་ལྟར། བྱམས་པའི་དབུ་གཙུག་ཏུ་གསང་འདུས་མི་བསྐྱོད་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་སྐུ་དང་རྩ་ཞལ་སྔོ། མཆེ་བ་ཅུང་ཟད་གཙིགས་པ་སོགས་ཁྲོ་ཉམས་སྔོ། གཡས་དཀར་ཞི་ཉམས། གཡོན་དམར་ཆགས་ཉམས། ཕྱག་གཡས་གསུམ་རྡོ་རྗེ། འཁོར་ལོ། པདྨ། གཡོན་གསུམ་དྲིལ་བུ། རིན་པོ་ཆེ།རལ་གྲི། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། སྙན་གོང་ཨུཏྤལའི་གདེངས་ཀ་དར་དཔྱངས་ཅན། རིན་པོ་ཆེའི་མགུལ་རྒྱན། མུ་ཏིག་གི་དོ་ཤལ་ཕྱེད་པ། རིན་པོ་ཆེའི་དོ་ཤལ། ཕྱག་གདུབ།ཞབས་གདུབ། སྐ་རགས། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱི་ག་ཤལ། སྐུ་སྨད་དར་ཤམ། ཡུམ་རང་འདྲ་བས་འཁྱུད་པ། དེའང་ཚོན་མི་འདྲེས་པའི་ཕྱིར་ཡབ་སྔོ་ནག་ཡུམ་སྔོ་སངས། ཡབ་རྡོར་སྐྱིལ། ཡུམ་པད་སྐྱིལ། མཚན་དཔེས་མཛེས་ཤིང་འོད་ཀྱི་དམར་པོའི་བཞིར་གསེར་གྱི་ཟེར་ཐགས་བྲིས་ན་ལེགས། མཆན། དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། གཡས་སུ་གཙུག་ཏོར་རྣམ་རྒྱལ་མ་ཞལ་གསུམ་ཕྱག་བརྒྱད་རྩ་ཞལ་དཀར། གཡས་སེར། གཡོན་སྔོ་ཞིང་ཅུང་ཟད་ཁྲོ་བ། གསུམ་ཀར་སྤྱན་གསུམ་རེ། ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པད་དཀར་གྱི་སྟེང་ན་འོད་དཔག་མེད།གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་དང་པོས་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་མཉམ་གཞག་སྟེང་རིན་པོ་ཆེའི་བུམ་པ།ཞབས་རྡོར་སྐྱིལ། དར་གྱི་སྟོད་གཡོགས་དང་ཤམ་ཐབས། རིན་ཆེན་རྒྱན།འོད་ཟེར་དཀར་པོའི་ཕྲེང་བས་བསྐོར་བ། གདན་སྣ་ཚོགས་པད་ཟླ། འཇའ་སྤྲིན་གྱི་དབུས་ན་བཞུགས་ཤིང་བདུད་རྩིའི་ཆར་ཁ་དོག་ལྔ་ལྡན།འབེབས་པ།གཡོན་དུ་འཇམ་དབྱངས་དམར་སེར་སྤྱི་འགྲེ། འཇའ་སྤྲིན་གྱིས་དབུས་ན་བཞུགས་ཤིང་མེ་ཏོག་གི་ཆར་འབེབས་པ། རྗེའི་ཕྱག་གཡོན་གླེགས་བམ་གྱི་བར་དུ་འཇའ་ཚོན་གྱིས་འབྲེལ་བ། རྒྱལ་ཚབ་རྗེའི་ཕྱག་གཡས་པདྨའི་ནོར་བུ་ལས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་དབུས་སུ་སྤྱན་རས་གཟིགས་ཁ་སཪྤ་ཎི་དཀར་པོ་གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེའི་རྒྱན་དང་རི་དྭགས་པགས་པས་ནུ་གཡོན་བཀབ་པ། རལ་པའི་ཐོར་ཚུགས་ནོར་བུས་མཚན་པ་སོགས་སྤྱི་འགྲེ། གདན་པད་ཟླ། མཁས་གྲུབ་རྗེའི་ཕྱག་གཡས་རྡོ་དྲིལ་ལས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་དབུས་སུ་ཕྱག་རྡོར་ཞི་བ་སྔོ་སངས། གཡས་རྡོ་རྗེ་ཐུགས་ཀགཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེའི་རྒྱན་སོགས་སྤྱི་ལྟར། ཞལ་རས་ཅུང་ཟད་ཁྲོ་ཉམས་ཡོད་པ། གདན་པད་ཟླ།འོག་གཡས་མགོན་པོ་ཕྱག་དྲུག་པ་མཐིང་ནག་ཞལ་གཅིག །སྤྱན་གསུམ།ཕྱག་གཡས་གསུམ་གྲི་གུག །ཐོད་ཕྲེང་། ཐོད་པའི་ཌཱ་མ་རུ་འཁྲོལ་བ། གཡོན་ཐོད་ཁྲག །རྩེ་གསུམ། རྡོ་རྗེའི་ཞགས་པ། དེའང་རྩ་ཕྱག་གཉིས་ཐུགས་ཀར་སྟེང་འོག །ལྷག་མ་གདེང་སྟབས། ཁྲོ་ཉམས་སྤྱི་འགྲེ། སྦྲུལ་དཀར་པོས་སྐྲ་ཅིངས། དམར་པོས་སྙན། ཁྲ་བོས་དཔུང་། དཀར་པོས་མགུལ། སེར་པོས་ཕྱག །ལྗང་གུས་དོ་ཤལ། དཀར་པོས་སྐ་རགས་དང་ཞབས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་དར་ལྗང་གུའི་སྐ་རགས་ཅན། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། གླང་ཀོའི་སྟོད་གཡོགས།ཕྱག་ཞབས་ཐམས་ཅད་དྲིལ་བུ་གཡེར་ཁ་མང་པོས་བརྒྱན་པ། དཔྲལ་བར་སིནྡྷཱུ་རའི་ཐིག་ལེ་ཅན། ལྟོ་བ་འཕྱང་པ། ཡན་ལག་རགས་པ། མེ་འབར་བའི་དབུས་ན་བཞུགས་པ། ཞབས་གཡོན་བརྐྱངས་པའི་སྟབས་ཀྱིས། གདན་པད་ཉི། ཚོགས་བདག་དཀར་པོ་གླང་གདོང་ཐོད་པ་དང་། ལ་ཕུག་འཛིན་པ།མགོ་གཡས་སུ་བསྟན་པ་གན་རྐྱལ་དུ་བསྒྱེལ་བའི་སྟེང་ན་བཞེངས་པ།གཡོན་དུ་དམ་ཅན་ཆོས་རྒྱལ་མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན། སྤྱན་གསུམ། སྐུ་མདོག་མཐིང་ནག །གཡས་རྡོ་རྗེས་མཚན་པའི་ཐོད་དབྱུག་ནག་པོ་འཕྱར་བ། གཡོན་ཞགས་པ་ནག་པོ་བཅས་སྡིགས་འཛུབ་མཛད་པ། སྐྲ་ཁམས་པ་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། གཅེར་བུ་ལིངྒ་བསྒྲེང་བ།རབ་ཏུ་འཇིགས་པའི་ཉམས་ཅན། མེ་རླུང་འཚུབ་མའི་ཀློང་ན་པད་ཉི་དང་མ་ཧེ་ཁྲོས་པའི་གདན་ལ་གཡོན་བརྐྱང་པས་བཞེངས་པ། བརླ་གཡོན་དུ་ཙ་མུཎྜི་སྐྲ་དམར་སེར་སིལ་བུར་གྲོལ་ཞིང་ནུ་མ་འཕྱང་བ། སྲིན་མོ་ཁྲོས་པའི་གདོང་ཅན། བ་ལང་གི་པགས་པ་དང་གོས་ནག་གྱོན་པ། རྩེ་གསུམ་དང་ཐོད་ཁྲག་ཐོགས་ནས་ཡབ་ལ་རྩེ་བ། དེའི་སྤྱི་བོར་ཡི་དམ་འཇིགས་བྱེད་དཔའ་གཅིག་མཐིང་ནག་མ་ཧེའི་གདོང་ཅན་ཆེར་ཁྲོས་པ། སྤྱན་གསུམ་པ།ཕྱག་གཉིས་གྲི་ཐོད་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐོད་སྐམ་དབུ་རྒྱན།རློན་པའི་དོ་ཤལ། སྦྲུལ་ནག་གི་སེ་རལ་ཁ། རུས་པའི་རྒྱན་དྲུག །ཁྲོ་ཉམས་སོགས་སྤྱི་ལྟར། ཞབས་གཡོན་བརྐྱང་། གདན་པད་ཟླ། ཉི་མ། མ་ཧེ་སྔོ་ནག་རུས་པའི་དྲ་བས་གཡོགས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། རྒྱལ་ཚབ་རྗེའི་གཡས་སུ་དགའ་ལྡན་མཚོན་བྱེད་དགོན་པ་གཙུག་ལག་ཁང་གསེར་གྱི་རྒྱ་ཕིབས་ཅན་དམར་པོ། ཁང་ཚན་མཚོན་བྱེད་དཀར་པོ། དབུས་སུ་ཆོས་འཆད་མཁན་སློབ་དཔོན་ཁྲི་ལ་བཞུགས་པ། པཎ་ཞྭ་སེར་པོ་ལེབ་ཞྭ། ཕྱག་ཆོས་འཆད། ཉན་མཁན་གསུམ་ཙམ་མཎྜལ་ཐོགས་ནས་མདུན་དུ་དུལ་བས་འཁོད་པ། ཐམས་ཅད་ཆོས་གོས་གསོལ་ཞིང་གདིང་བ་བཏིང་བ། གཡས་སུ་རྩོད་པའི་མཚོན་བྱེད་དམ་བཅའ་བ་གདིང་བ་ལ་བཞུགས་ཤིང་ཕྱག་གཡས་བརྐྱངས་ནས་སེ་གོལ་ཏོག་པའི་ཉམས། གཡོན་མཉམ་གཞག་ཅན། བགྲོ་གླེངས་མཁན་ལངས་ཏེ་གཟན་བདེ་ཆས་གཤལ་དུ་དཀྲིས། ཕྲེང་སེར་ཅན་རྩོད་པའི་ཐལ་མོ་རྡེབ་ཅིང་བདེ་ཉམས་འཁྱུགས་པ་གཉིས་གསུམ་ཙམ། གཡོན་དུ་རྩོམ་མཁན་སློབ་དཔོན་ཁྲི་ལ་བཞུགས་ཤིང་འདུད་རྒྱ་ཅན། མདུན་དུ་འབྲི་མཁན་གཅིག་གཉིས། མཁས་གྲུབ་རྗེའི་གཡོན་དུ་རི་ཁྲོད་སྤངས་ལྗོངས་བྲག་རི་མེ་ཏོག་དང་ཐང་ཤིང་སོགས་ཤིང་ལྗོན་པ་མཛེས་པ། བྲག་ཕུག་དང་རི་ཁྲོད་དགོན་ཆུང་གི་རྣམ་པ་གཉིས་གསུམ།གཅིག་ཏུ་སྔགས་ཀྱི་སྒྲུབ་པ་དགེ་སློང་ཀྲིཥྞ་ས་རའི་གདན་ལ་ཕྲེང་བ་འདྲེན་ཅིང་མཉམ་པར་བཞག་པའི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་ཌཱ་མ་རུ་ཙམ་བཤམས། གཅིག་ཏུ་མདོའི་ཉམས་ལེན་མཁན་དགེ་སློང་བགྲེས་པོ་རྩྭ་གདན་ལ་བཞུགས་ཤིང་མཉམ་པར་བཞག་པ། མདུན་དུ་ལྷུང་བཟེད་མཁར་བསིལ་གླེགས་བམ་བཅས། གཅིག་ཏུ་བསགས་སྤྱོད་མཁན་གདིང་བ་ལ་བཞུགས་ནས་མཎྜལ་འབུལ་བ་དང་། བརྐྱང་ཕྱག་འཚལ་མཁན་གཅིག་གཉིས།ཐམས་ཅད་ཀྱང་དགེ་སློང་ཆོས་གོས་རྣམ་གསུམ་ཅན་དབང་པོ་དུལ་ཞིང་སྤྱོད་ལམ་ཞི་པོ་ཅན་ཤ་སྟག་བྲི། གཞན་ཡུལ་སྣང་སོགས་མ་གཞི་ས་ངོར་ཚར་གསུམ་གྱི་ཞལ་ཐང་དང་འདྲ་བ་ལ། རྣམ་འགྱུར་མི་འདྲ་བ་ཅི་མཛེས་དང་།མདུན་དུ་བཀྲ་ཤིས་རྫས་བརྒྱད་འཇའ་གུར་དུ་ཡོད་པས་གཙོས་མཆོད་པ་བཀོད་ལེགས་གང་མཛེས་སུ་བྲིའོ། །རྗེའི་སྐུ་རྒྱབ་ཏུ་སྐུ་ཚད་དང་མཉམ་པའི་རྣམ་རྒྱལ་མཆོད་རྟེན་ཐིག་ཚད་དང་ལྡན་པ་བྲི་དགོས་སོ། །མངྒལཾ།། །།༈འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ་ལས་བཤུས་སོ། །