ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།
ཟླ10པའི་ཚེས29ཉིན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འཚོགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་གིས་འཛིན་གྲྭ་འཚོགས་པའི་མཛད་སྒོར་མགོ་འཛིན་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་དང་། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞིས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་མཛད་སྒོར་ཞུགས།
ཟླ10པའི་ཚེས29ཉིན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས། ལིས་ཆང་དང་ཀྲའོ་ལི་ཅི། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞིས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་མཛད་སྒོར་ཞུགས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པ་ཇུས་འགོད་བྱས་པ་དང་། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་རྐྱང་ཞིག་གསར་གཏོད་བྱས་པར་དུས་རབས་འབྱེད་པའི་དོན་སྙིང་ལྡན། དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་ལག་ལེན་གྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བརྗིད་ཆེའི་ལེའུ་ཞིག་ཡིན་ལ། དེས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། “ངོ་མཚར་ཆེན་པོ་གཉིས”མུ་མཐུད་དུ་བསྐྲུན་རྒྱུར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་ལ། སྐྱོད་ལམ་གསར་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་རྨང་གཞི་བརྟན་པོ་དང་རྩ་ཆེའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བདེན་སྲུང་གསར་གཏོད་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་པ་དང་། ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན་ལ། ང་ཚོའི་བཅོས་སྒྱུར་ནི་ཁ་ཕྱོགས་དང་རྩ་དོན་ལྡན་པ་ཞིག་ཡིན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། མི་དམངས་ཀྱི་བདེ་སྐྱིད་ཇེ་བཟང་དུ་གཏོང་རྒྱུ་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩི་བ་དེ་དག་ཚང་མ་རྩ་བ་དང་། ཁ་ཕྱོགས། ཡུན་རིང་བཅས་ལ་གོ་ཆོད་པ་ཡིན་ཞིང་། ཏང་གི་ངོ་བོ་དང་དམིགས་ཡུལ་མཚོན་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བཅོས་སྒྱུར་གྱི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱིའི་དམིགས་འབེན་གྱིས་མཛུབ་ཁྲིད་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཤིང་། བཅོས་སྒྱུར་བྱེད་དགོས་པའི་རིགས་མཐའ་གཅིག་ཏུ་བཅོས་སྒྱུར་བྱེད་པ་དང་། བཅོས་སྒྱུར་བྱེད་མི་དགོས་པའི་རིགས་བཅོས་སྒྱུར་མི་བྱེད་པ། དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྟུན་ནས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། ཕྱོགས་སོ་སོའི་བཅོས་སྒྱུར་ཕྱོགས་ཡོངས་ནས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་མིན་ཕྱོགས་གཞན་དག་གི་གསར་གཏོད་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བཅོས་སྒྱུར་ནི་མ་ལག་བཟོ་སྐྲུན་ཞིག་ཡིན་པས་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་མཐོང་ཆེན་བྱེད་པ་དང་ཕྱོགས་སོ་སོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། བཅོས་སྒྱུར་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་གྱི་ནུས་པར་བརྟེན་ནས་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་བཅོས་སྒྱུར་གྱི་འགོག་རྐྱེན་སེལ་བ་དང་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཁྲོད་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་མཁས་པོ་བྱས་ནས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། བཅོས་སྒྱུར་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་སྤྱི་དམངས་དང་ཁྲིམས་མི་ཡོངས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་དགོས། གཏོར་བ་དང་འཛུགས་པའི་རྩོད་སྒྲུབ་གཅིག་གྱུར་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། གཏོར་བ་དང་འཛུགས་པ་གཉིས་མཉམ་དུ་སྤེལ་བ་དང་། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ། འཛུགས་དགོས་རིགས་རང་འགུལ་ངང་ཧུར་ཐག་གིས་འཛུགས་པ་དང་། གཏོར་དགོས་རིགས་འཛུགས་པའི་རྨང་གཞིའི་སྟེང་དུས་ཐོག་ཏུ་གཏོར་བ། གཏོར་བ་དང་འཛུགས་པ་གཅིག་གྱུར་བྱེད་པའི་ཁྲོད་དུ་བཅོས་སྒྱུར་གྱི་གོམ་སྟབས་མགྱོགས་ཤིང་བརྟན་པོ་ཡོང་བ་མངོན་འགྱུར་བྱེད་དགོས། བཅོས་སྒྱུར་དང་སྒོ་འབྱེད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཕྱི་ཕྱོགས་ཚོང་དོན་དང་། ཕྱི་རྒྱལ་ཚོང་པའི་མ་དངུལ་གཏོང་བ། ཕྱི་ཕྱོགས་དངུལ་གཏོང་བཅས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། བཅོས་སྒྱུར་གྱི་ཇུས་གཞིའི་འཆར་འགོད་བྱེད་པར་ངེས་པར་དུ་ཕྱི་རོལ་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་ཀྱི་མཐུན་སྦྱོར་བྱེད་སྟངས་ལ་དོ་སྣང་བྱེད་པ། བཅོས་སྒྱུར་བྱེད་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་གཏོང་བ། འགན་འཁྲི་གསལ་བོ་དང་ཕྲེང་འབྲེལ་ཆ་ཚང་བ། གཅིག་ལ་གཅིག་རྟེན་གྱི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྗེས་སྙེག་ཕན་འདྲི་བྱ་བ་ཤུགས་དྲག་ཏུ་བཏང་ནས། བཅོས་སྒྱུར་བྱེད་ཐབས་དངོས་འབེབ་ཞིབ་མོ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་རིམ་པ་མཐོ་བའི་ལས་བྱེད་པས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གཙོ་བོ་ཁུར་ཡོད་པས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་བཏང་སྟེ། དཀའ་ངལ་ཁྱད་བསད་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས། འགལ་ཟླའི་གནད་དོན་ལ་ཐད་ཀར་གདོང་གཏོད་པ་ལས་ཕྱི་སྣུར་མི་བྱེད་པ་དང་། བཅོས་དཀའི་གཅོང་ནད་རྩ་བ་ནས་སེལ་བར་འགོར་འགྱངས་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ཕྱིར་བཤོལ་མི་བྱེད་པ། ནུས་ཤུགས་ཡོད་རྒུས་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། ཚན་རིག་དང་མཐུན་པའི་བྱེད་ཐབས་བཀོལ་མཁས་པོ་བྱས་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། མ་ལག་ལྡན་པའི་བཀོད་སྒྲིག་དང་འཆར་གཞི་བཀོད་རྗེས་འགུལ་སྐྱོད་སྤེལ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་ཁྱབ་སྒོས་ཐུན་མོང་ངོས་འཛིན་གཅིག་སྡུད་དང་བཟང་ཕྱོགས་ཀྱི་རྒྱུ་རྐྱེན་མཐའ་དག་ལ་སྐུལ་སློང་གང་ལེགས་བྱ་རྒྱུ་དེ་བཅོས་སྒྱུར་བདེ་བླག་ངང་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན། བཅོས་སྒྱུར་གྱི་གླེང་ཕྱོགས་ཁྲིད་སྟོན་བྱ་བ་དངོས་གནས་ཡག་པོར་སྒྲུབ་ཏེ། དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་གཙོ་དོན་དར་སྤེལ་གཏོང་བ། དྲང་ནུས་རྒྱུད་སྒྲོག་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལས་བཏོན་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་སྐོར་ཞིག་ལ་ཞིབ་འཇུག་དང་གསལ་འགྲེལ་བྱེད་པར་ཤུགས་སྣོན་དགོས་ལ། ལྷག་པར་དུ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་ནས་དྲིལ་སྒྲོག་དང་འགྲེལ་ཀློག་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་དོགས་གཞི་སེལ་བ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སྤྲོད་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་སྒོས་གཅིག་སྡུད་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་བཅོས་སྒྱུར་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱོན་ཡོངས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་ཁྲོད་ཀྱི་ཁེ་ཕན་འབྲེལ་བའི་སྙོམས་སྒྲིག་དང་མི་སྒེར་གྱི་ཁེ་ཕན་དང་གྱོང་གུད་ལ་ལྟ་སྟངས་ཡང་དག་འཛིན་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལས་གཏན་འཁེལ་བྱས་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ནན་ཏན་སྒོས་ལག་བསྟར་དངོས་འབེབ་བྱས་ཏེ། གསོག་གྲངས་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྡེབ་སྒྲིག་བྱེད་ཐབས་ལེགས་པོ་སྤྱད་དེ། མཇུག་མཐའི་ཟླ་གཉིས་རིང་གི་བྱ་བ་སྣ་ཚོགས་ནན་འཛིན་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་འབད་བརྩོན་སྒོས་མངོན་འགྱུར་བྱེད་དགོས།
ལིས་ཆང་གིས་འཛིན་གྲྭ་འཚོགས་པའི་མཛད་སྒོར་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། རྒྱས་བཤད་གནད་ལ་འཁེལ་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས་ཆབ་སྲིད་རང་བཞིན་དང་། གཞུང་ལུགས་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན། དེས་ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན། ཚན་རིག་དང་མཐུན་པའི་བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱས་ཏེ། བཅོས་སྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བཅོས་སྒྱུར་གྱི་ཁ་ཕྱོགས་ཡང་དག་འཛིན་པ། བཅོས་སྒྱུར་གྱི་འགན་འཁྲི་ཤུགས་ཆེར་གཏོང་བ། བཅོས་སྒྱུར་གྱི་མཉམ་ཤུགས་གཅིག་སྡུད་བཅས་བྱས་ཏེ། བཅོས་སྒྱུར་གྱི་བྱ་ཐབས་སྣ་ཚོགས་གནད་འཁེལ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། འོས་འགན་དང་འགན་འཁྲི་སེམས་སུ་བཅངས་ནས་སློབ་སྦྱོང་བྱེད་པ་དང་། གནད་དོན་སེམས་ལ་བཟུང་ནས་སློབ་སྦྱོང་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ཉིང་བཅུད་བླང་བྱ། ལག་ལེན་གྱི་བླང་བྱ་བཅས་རྒྱུས་ལོན་ཟབ་མོ་དང་ཁོང་དུ་ཆུད་པར་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་བཅོས་སྒྱུར་ལས་འགན་དངོས་འབེབ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་བཅས་དང་དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་འཛིན་གྲྭ་འཚོགས་པའི་མཛད་སྒོར་ཞུགས།
ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་། ཁེ་ལས། མཐོ་སློབ། བཅིངས་འགྲོལ་དམག་གི་ལས་ཁུངས་སོ་སོ་དང་དྲག་ཆས་ཉེན་རྟོག་རུ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བགྲོ་གླེང་འཛིན་གྲྭར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དེ་མིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་འཛིན་གྲྭ་འཚོགས་པའི་མགོ་རྩོམ་མཛད་སྒོར་ཞུགས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་པ། གཡང་མོ་སྐྱིད།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ། རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།