༄༅། །༧ཀུན་གཟིགས་སྣང་བ་མཐའ་ཡས་གཆོག་གི་ནང་ཐུགས་ཀྱི་སྲས་གཙང་ལྗོངས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་ཆེན་འདུལ་བ་འཛིན་པ་༧རྗེ་བཙུན་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནས།
༈ བློ༵་བཟ༵ང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །
གཞན་ཕན་འཕྲི༵ན་ལ༵ས་འོད་སྣང་འབུམ་འཕྲོ་བ། །
སྤངས་རྟོགས་ཡོན་ཏན་ལྷུན༵་གྲུབ༵་ག་བུར་དབང་། །
སྐྱབས་གཅིག་ཆོ༵ས་ཀྱི༵་རྒྱལ༵་མཚ༵ན་སྙིང་ནས་དྲན། །
ལྟོས་ཞིག་ཀུན་གཟིགས་སྣང་མཐའི་མགོན་པོ་ཡི། །
མཐུ་སྟོབས་འོ་མའི་རིན་ཆེན་འབྱུང་གནས་ལས། །
གཞན་ཕན་རླབས་ཕྲེང་འཕྱུར་བའི་ཟློས་གར་ལ། །
དམུས་ལོང་མིན་ན་ལྟ་བྱེད་དོན་ལྡན་གྱིས། །
སོམས་ཤིག་འཇིགས་མེད་འོད་མཚན་མཐའ་ཡས་པས། །
གངས་ཅན་རིག་པའི་སྐད་ཡིག་ཡུལ་གོམས་སོགས། །
ཉམས་མེད་ལག་བསྟར་དགོས་པའི་གསུང་དབྱངས་ནོར། །
སེམས་ལྡན་ཡིན་ན་ཡང་ཡང་རྗེས་དྲན་བྱོས། །ཞེས་གསུངས།
བོད་ཟླ་༡༡པའི་ཚེས་༢༡ཉིན་ནི་གངས་ཅན་བོད་མིའི་སྐྱབས་མགོན། ། འཛམ་གླིང་ཞི་བདེའི་དེད་དཔོན། །ཡང་དར་བསྟན་པའི་གསལ་བྱེད། །ཆོས་དད་སྐྱེས་འགྲོ་ཀུན་གྱི། །སྐྱབས་ཀྱིས་སྒྲོལ་མེ་གཅིག་པུ། ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་གྲུབ་པ་རྡོ་རྗེ་འཆང་ཆེན་པོ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བགྲང་བྱ་སོ་གསུམ་འཁོར་བའི་དུས་མཆོད་དོ། །མངྒ་ལཾ།། །།
༈ བློ་བཟང་རྒྱལ་བའི་དབང་པོ་ཙོང་ཁ་པས། །
རྣམ་དཀར་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྗེ། །
མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །
སྐྱབས་མཆོག་དམ་པའི་ཞབས་ལ་གསོལ་བ་འདེབས། །
མཚན་སྔགས། ཨོཾ་ཨ་གུ་རུ་བཛྲ་དྷ་ར་སུ་མ་ཏི་ཀརྨ་ནི་ར་བྷོ་ག་དྷརྨ་དྷྭ་ཛ་ཤྲི་བྷ་དྲ་སརྦ་སིདྡྷཱི་ཧཱུཾ་ཧཱུཾ། །
༈ བླ་མ་དྲན་པའི་ཕན་ཡོན།
འདས་པའི་ལོ་ཟླ་ཚེས་གྲངས་ལ། །
མ་ནོར་བ་ནི་བརྩིས་བྱས་ནས། །
མཆོད་པའི་རྣམ་པ་སུས་བྱས་པ། །
ཚོགས་གཉིས་རབ་ཏུ་རྫོགས་པར་འགྱུར། །ཞེས་དང་།
༡ དུས་འཁོར་རྩ་རྒྱུད་ལས།
བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །
ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །
བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས། །
ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །
༢ རྒྱུད་ལས།
ལྷ་སྐུ་འབུམ་ཕྲག་སྒོམ་པ་ལས། །
བླ་མ་སྐད་ཅིག་དྲན་པ་མཆོག །
བཟླས་བརྗོད་ས་ཡ་བྱེ་བ་ལས། །
བླ་མའི་གསོལ་འདེབས་ལན་གཅིག་མཆོག །
༣ མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་།
གལ་ཏེ་ཁྱོད་ཀྱིས་བླ་མ་དྲན་ནས་མིག་ཆུ་ཞིག་ཤོར་བ་ན། མིག་ཆུ་དེ་ནི་དགེ་བ་ཐམས་ཅད་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་བའི་དགེ་བ་དེའོ། ཞེས་གསུངས་སོ།
ཇི་སྐད་དུ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་གྱི་བུམ་བཟང་ལས། འགྲོ་སྤྱིར་སྨན་པའི་དགེ་མཚན་ཡོད་ན་ནི། །དགའ་སྤྲོས་བཞུགས་ཏེ་ལས་དོན་རླབས་ཆེན་དེའི། །གྲུབ་འབྲས་ནམ་ཐོབ་བར་ལ་དཀའ་ངལ་སོགས། །རྐྱེན་ངན་གང་བྱུང་ཕྱི་བཤོལ་མི་བྱེད་པར། །འབད་བརྩོན་དྲག་པོས་དཀའ་ཐུབ་དང་ལེན་གྱིས། །ཞེས་ཚིག་བཅད་ཀྱི་མདུན་བསུས་ནས་གུས་གནས་ཟླ་བ་རང་ཉིད་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གྱི་དབེན་པའི་བདག་ཉིད་ཞིག་ཡིན་ཡང་དཔལ་ལྡན་བླ་མ་དམ་པ་གང་ཉིད་ལ་དད་པས་ཉམ་ཆུང་མགོན་པོ་གང་གི་སློབ་བུའི་གྲལ་མཐའ་ནས་མ་འབུད་ཙམ་ཞིག་ཡིན་ཡང་། ཅི་སྐད་དུ་༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་གྱི་བུམ་བཟང་ལས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་དམན་ན་ས་དང་ལམ་ཡང་དམན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཞེས་གང་གསུངས་པ་ལྟར་གུས་པས་ཀྱང་གཞན་ཕན་གྱི་བསམ་པ་བཅོས་མ་མ་ཡིན་པས་རྒྱུད་བསྐུལ་ནས་ཆོས་མིན་ཕྱོགས་ཀྱི་ཆོས་ལ་རྒོལ་མཁན་དང་དེས་མ་ཟད་ཆོས་པའི་ཕྱོགས་ནས་ཆོས་ལ་རྒོལ་མཁན་ནས་གཙོས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་ཆེད་དུ་སྤྱི་སྟེགས་འདི་ནས་༧མཁན་ཆེན་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་ཆོས་གང་ཐུབ་ཀྱི་འཕུལ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ། །
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་གནང་དང་དྲྭ་ངོས་ནས་བསུབ་ངེས་ཡིན། །
版权为原著所有,若有侵犯到您的权益,请您与我们联系,我们将立即删除
གསལ་འདེབས།
འབྲེལ་གཏུག་གནང་ས། གནས་ཟླ་བ།
སྐད་འཕྲིན། ༡༩༣༧༦༠༩༩༦༥
ཡིག་ཟམ། 1937609965@qq.com
འོག་གི་“阅读原文”ཞེས་པ་མནན་ན་ནང་དོན་གོང་མ་རྣམས་ལ་གཟིགས་ཐུབ།