༄༅། །༧རྗེ་བཙུན་བླ་མ་མཆོག་ལ་བསྟོད་པ་སྙན་ཚིག་པད་དཀར་མཆོད་སྤྲིན།

民生   文化   2021-04-03 23:24  


༄༅།  །གཙང་ལྗོངས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་ཆེན་འདུལ་བ་འཛིན་པ་༧རྗེ་བཙུན་བླ་མ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་དཔེ་རྒྱན་སོ་གཉིས་ཀྱི་སྒོ་ནས་བསྟོད་པ་སྙན་ཚིག་པད་དཀར་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ།     དགའ་རབ་བློ་བཟང་དར་རྒྱས།

  

ན་མོ་གུ་རུ་བཛྲ་དྷྭ་ཛ་ཡ།

ཀ་དག་དབྱིངས་ལས་མ་གཡོས་རྡོ་༵རྗེ༵འི་སྐུ།།

ཁ་དོག་ངུར་སྨྲིག་རྒྱལ༵་མཚ༵ན་རྣམ་རོལ་བ།།

ག་ནས་བཙལ་ཀྱང་དཔེ་ཟླ་མ་མཆིས་པའི།།

ང་ཡི་འདི་ཕྱིའི་སྐྱབས་གནས་བླ་མ་མཆོད།།

ཆོས་དང་གང་ཟག་འཛིན་པ་གཏན་སྤངས་ཤིང་།།

ཆོས་ཀུན་གདོད་མའི་གནས་ལུགས་ཀུན་གཟིགས་ནས།།

ཆོས་རྣམས་མ་ནོར་འགྲོ་ལ་འདོམས་མཛད་པ།།

ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད།།


   ༡    ཆོས་དཔེ།

རྒྱལ་ཀུན་མཁྱེན་བརྩེ་གཅིག་ཏུ་རྫོགས་པའི་གར།།

བཞིན་ལག་རྣམ་པར་ཤར་བའི་རྡོ༵་རྗེ༵འི་སྐུར།།

ངུར་སྨྲིག་རྒྱལ༵་མཚ༵ན་གསོལ་འདི་ལྷུན་པོ་ལ།།

མཚམས་སྤྲིན་གཞོན་ནུས་ཡོངས་སུ་འཁྱུད་ལྟར་མཛེས།།


  ༢ དངོས་དཔེ།

ཁྱོད་ཐུགས་རྩེ་གཅིག་གནས་ཆའི་ཞི་གནས་ནི།།

གཡོ་མེད་རི་དབང་རྒྱལ་པོའི་རྗེས་འགྲོ་ཞིང་།།

སྤྲོས་བྲལ་ཆོས་དབྱིངས་རིག་པའི་ལྷག་མཐོང་ནི།།

སྤྲིན་བྲལ་ཉིན་མོར་བྱེད་དང་ཡང་དག་མཚུངས།།


༣ བཟློག་པའི་དཔེ།

སྟོང་རྟེན་གཅིག་གྲོགས་གཅིག་སོང་ལྟ་བ་ཡིས།།

མཐར་འཛིན་ལྟ་ངན་དྲུངས་ནས་འབྱིན་པ་བཞིན།།

ཞོ་འཐུང་རུས་པ་ལས་བྱས་རྡོ་རྗེ་ཡིས།།

པུ་ལོ་མ་ཡི་དཔུང་ཚོགས་བཅོམ་པར་བྱས།།


   ༤  ཕན་ཚུན་གྱི་དཔེ།

དྲང་སྲོང་ཛ་ཧཱུའི་ཧུབ་ཀྱིས་གངྒཱ་བཞིན།།

མགོན་ཁྱོད་ཐུགས་མཚོར་གསུང་རབ་ཆུ་གཏེར་སྡུད།།

གདུལ་བྱའི་འཛིན་མར་ཆོས་ཆར་འབེབ་པ་བཞིན།།

ཛ་ཧཱུའི་བུ་མོ་ཏེ་སིའི་གནས་སུ་བབས།།


   ༥ ངེས་པའི་དཔེ།

སྣང་ལ་སྟོང་ཞིང་སྟོང་ཡང་བྱ་བྱེད་ཀུན།།

འཐད་སྒྲུབ་རིགས་པའི་ལམ་ནས་སྨྲ་བ་ལ།།

མགོན་ཁྱོད་འཇིགས་བྲལ་ཟླ་བ་དང་མཚུངས་ཀྱི།།

དཔེ་གཞན་སྲིད་པའི་ཁོང་ཡངས་འདི་ན་མེད།།


  ༦  ངེས་མེད་ཀྱི་དཔེ།

ངེས་འབྱུང་སེམས་མཆོག་མཐའ་བྲལ་ལྟ་བ་ཡིས།།

ཐུགས་རྒྱུད་ལེགས་གཏམས་རྡོ་རྗེ་རྒྱལ་མཚན་ཞབས།།

ཀུན་མཁྱེན་ཙོང་ཁ་པ་དང་མཚུངས་མོད་ཀྱི།།

དེ་མཚུངས་གཞན་མཆིས་དེ་ཡང་དེའི་རྗེས་འགྲོ།།


   ༧  བསྡུས་པའི་དཔེ།།

སྦས་དོན་མངོན་རྟོགས་ཉམས་སུ་མྱོང་ཁོ་ནས།།

མི་ཕམ་མགོན་པོའི་རྗེས་སུ་འགྲོ་མིན་ཏེ།།

ཡུམ་དོན་དངོས་བསྟན་སྤྲོས་བྲལ་ཆོས་ཀྱི་དབྱིངས།།

གཉིས་སྣང་བྲལ་བའི་སེམས་ཀྱིས་རིག་པས་ཀྱང་།།


  ༨  ཕུལ་བྱུང་གི་དཔེ།

སྟོན་པས་ཆོས་འཁོར་འཕགས་པའི་ཡུལ་ཕྱོགས་སུ།།

བསྐོར་ཞིང་མགོན་ཁྱོད་བྷོ་ཊའི་ལྗོངས་སུ་ནི།།

མཛད་པའི་ཡུལ་གྱི་ཁྱད་པར་ཙམ་ཞིག་ལས།།

འབྱེད་ཆོས་གཞན་ནི་བསྐལ་པར་བརྟགས་ཀྱང་མེད།།


    ༩ རབ་བཏགས་ཀྱི་དཔེ།

ལྟ་བས་སྲིད་པ་སྤངས་པ་ང་ཁོ་ན།།

ཡིན་ཞེས་ཉན་རང་དགྲ་བཅོམ་སྙེམས་མི་དགོས།།

ལྟ་བ་ཐབས་ཀྱིས་ཟིན་པའི་རྗེ་བླ་མར།།

སྲིད་ཞི་སྤངས་པའི་འབྲས་རྟགས་དམིགས་ལགས་སོ།།


    ༡༠ རྨད་བྱུང་གི་དཔེ།

ཡན་ལག་བརྒྱད་ལྡན་ལམ་གསུམ་ལྷ་ཆུ་ལ།།

སྒྲིབ་གཉིས་བག་ཆགས་སེལ་བའི་མཐུ་ཡོད་ན།།

རྣམ་གྲོལ་ལམ་བཟང་སྟོན་མཛད་བླ་མ་ཡི།།

གསུང་གི་ཆུ་ཀླུང་འགྲན་ཟླར་ཅིས་མི་འོས།།


   ༡༡ རྨོངས་པའི་དཔེ།

དྲིན་ཅན་བླ་མའི་བཀའ་དྲིན་སེམས་པའི་ཚེ།།

མུན་འཇོམས་སྣང་གཏེར་རྗེས་སུ་བདག་ཡིད་ཕྱོགས།།

སྣང་བྱེད་འཆར་ཚེ་མགོན་པོ་གང་ཉིད་དུ།།

འཁྲུལ་ནས་བསྟོད་ཕྱག་ལན་མང་འཚལ་བར་ཐལ།།


  ༡༢  ཐེ་ཚོམ་གྱི་དཔེ།

ཟས་གཙང་སྲས་པོ་སླར་ཡང་བྱོན་ནམ་ཅི།།

རྣམ་འདྲེན་ལྔ་པའི་རྫོགས་ལྡན་ཤར་རམ་ཅི།།

མགོན་ཁྱོད་མཛད་འཕྲིན་ཕྱོགས་བཅུར་འཕྲོ་འམ་ཅི།།

རྣམ་པ་ཀུན་དུ་བདག་ཡིད་འཕྱང་མོ་ཉུག།


  ༡༣ གཏན་ལ་འབེབས་པའི་དཔེ།

བུ་རམ་ཤིང་པའི་རིང་ལུགས་པད་མའི་ཚལ།།

གངས་རིའི་ལྗོངས་སུ་རྒྱས་མཛད་ཉིན་མོའི་མགོན།།

བཀྲས་ལྷུན་གསེར་ཁྲིར་མངའ་གསོལ་མཛད་པའི་ཕྱིར།།

ཙོང་ཁ་པ་མིན་མཁན་ཆེན་དམ་པར་ངེས།།


    ༡༤  སྦྱར་བའི་དཔེ།

གཞི་དུས་བདེན་གཉིས་གནས་ཚུལ་ཀུན་གཟིགས་ནས།།

ལམ་དུས་ཐབས་ཤེས་ཟུང་འཇུག་གོམས་པའི་མཐུས།།

འབྲས་དུས་སྐུ་བཞི་མངོན་གྱུར་སྐྱབས་ཀྱི་རྗེ།།

ཀུན་མཁྱེན་ཉི་མའི་གཉེན་དང་ཡང་དག་མཚུངས།།


  ༡༥  མཉམ་ཉིད་ཀྱི་དཔེ།

ཐབས་དང་ཤེས་རབ་ཟུང་འཇུག་ལ་རྟེན་ནས།།

སྲིད་ཞིའི་འཇིགས་སྐྱོབ་རྡོ་རྗེ་རྒྱལ་མཚན་ཞབས།།

འཇིགས་རུང་ཆུ་ཆེན་སྒྲོལ་བའི་དེད་དཔོན་བཞིན།།

སྐྱེ་རྒུའི་འདོད་དོན་མ་ལུས་ཀུན་ནས་བསྐངས།།


  ༡༦  སྨད་པའི་དཔེ།

ཉན་ཐོས་ཞི་བ་བརྙེས་ཀྱང་རང་བདེ་ཙམ།།

རྒྱལ་སྲས་རང་བདེ་སྤངས་ཀྱང་ཤེས་སྒྲིབ་མིན།།

དེ་དག་རྣམས་དང་འདྲེན་མཆོག་བླ་མ་ཁྱོད།།

མཚུངས་པ་ལས་ཀྱང་ཆེས་ཆེར་ཁྱད་འཕགས་སོ།།


   ༡༧  བསྔགས་པའི་དཔེ།

རྒྱ་ཆེན་མང་ཐོས་གཞུང་ལུགས་བསམ་པ་ཡིས།།

དཔྱད་ནས་དཔྱད་དོན་སྒྲུབ་པར་རབ་གཞོལ་བའི།།

ཙོང་ཁ་པ་བཞིན་མཁན་ཆེན་རྡོ་རྗེ་འཆང་།།

གངས་ཅན་མཁས་པའི་གཙུག་ན་མངོན་པར་མཛེས།།


  ༡༨  བརྗོད་འདོད་ཀྱི་དཔེ།

ཕྱི་དོན་ཡོད་ཀྱང་མིང་རྐྱང་བཏགས་ཡོད་དམ།།

ཕྱི་དོན་བཀག་ནས་བདེན་དངོས་སྨྲས་ཀྱང་རུང་།།

ཀླུ་སྒྲུབ་ལྟ་བའི་ཉི་མ་ཐུགས་ལ་ཤར།།

ཞེས་པའི་བརྗོད་འདོད་བདག་གི་སྙིང་ལ་ཡོད།།


  ༡༩  འགལ་བའི་དཔེ།

ངེས་པ་ལྔ་ལྡན་མགོན་པོ་ཚེ་མཐའ་ཡས།།

དེ་དང་མི་ལྡན་བདེ་ཆེན་ཞིང་གི་མགོན།།

ངུར་སྨྲིག་གར་རོལ་བཛྲ་དྷྭ་ཛའི་ཞབས།།

དེ་གསུམ་ཕྱི་ཡི་རྣམ་པ་འགལ་བ་ཙམ།།


   ༢༠  འགག་པའི་དཔེ།

སྙན་འཇེབས་ལྡན་ཡང་ཐར་ལམ་མི་སྟོན་པའི།།

ཚངས་པ་གདོང་བཞིའི་རིག་བྱེད་གཞུང་ལུགས་ལ།།

ཆེ་བ་བཞི་དང་ཁྱད་ཆོས་གསུམ་ལྡན་གྱི།།

མགོན་ཁྱོད་གསུང་ལ་འགྲན་པའི་གོ་སྐབས་དབེན།།


 ༢༡  ངོ་བསྟོད་ཀྱི་དཔེ།

འཇིག་རྟེན་མ་འདྲིས་མཛའ་བཤེས་ཉི་མའི་གཉེན།།

མཚན་དཔེས་རྒྱན་ཅིང་མཁན་ཆེན་རྡོ་རྗེ་འཆང་།།

ཐ་མལ་སྐུ་རུ་ཤར་ཡང་བསྟན་འགྲོ་ཡི།།

དོན་འགྲུབ་མཛད་པ་ཀུན་ནས་ཅིས་མི་མཚུངས།།


     ༢༢  དེ་ཉིད་བརྗོད་པའི་དཔེ།

གྲགས་པའི་སྒྲ་ཆེན་དབྱར་སྐྱེས་རྔ་གསང་དང་།།

མཚུངས་ཀྱང་སྒྲ་བརྒྱ་མ་ཡིན་དམ་ཆོས་སྒྲ།།

དམར་སེར་མདངས་འདི་མཚམས་སྤྲིན་ལྟར་འདྲ་ཡང་།།

ཆུ་འཛིན་མ་ཡིན་ངུར་སྨྲིག་ན་བཟའ་ལགས།།


   ༢༣ ཐུན་མོང་མིན་པའི་དཔེ།

དུལ་བ་ཞི་བ་ཉེ་བར་ཞི་ལ་སོགས།།

མཚན་ཉིད་བཅུ་ལྡན་ཐེག་མཆོག་བཤེས་གཉེན་དང་།།

མཚུངས་པའི་དཔེ་ཞིག་སྲིད་འདིར་མི་རྙེད་པས།།

རང་གི་དཔེ་རུ་རང་འོས་མཁན་ཆེན་མཆོག།


 ༢༤  འབྱུང་མིན་གྱི་དཔེ།

མི་འཇིགས་བཞི་ལྡན་རྫོགས་སངས་རྒྱལ་ཀུན་གྱི།།

ཡོན་ཏན་མ་ལུས་རྐང་གཉིས་གཅིག་སྟེང་དུ།།

བསྡུས་ན་འདི་ནི་བདག་གི་བླ་མ་ཡི།།

དཔེ་རུ་འོས་ལ་སེམས་ཡོད་སུ་ཞིག་བསྙོན།།


༢༥  སྲིད་མིན་གྱི་དཔེ།

སྡིག་ལས་རང་འབྲས་རྣམ་སྨིན་དཀར་བ་དང་།།

དགེ་ལས་རང་འབྲས་རྣམ་སྨིན་གནག་པ་བཞིན།།

ཚུལ་ཁྲིམས་རྒྱ་མཚོར་གནས་བཅས་འདུལ་འཛིན་ལ།།

བཅས་རང་དྲི་མ་ནམ་མཁའི་པདྨོ་འདྲ།།


༢༦  མང་བའི་དཔེ།

 ཡིད་བཞིན་ནོར་དང་ཨུ་དུམ་ཝ་ར་དང་།།

དལ་བརྒྱད་འབྱོར་བཅུའི་རྟེན་བཟང་བརྒྱ་ཕྲག་ལས།།

རྙེད་དཀའི་མགོན་ཁྱོད་གསུང་གི་བདུད་རྩི་རྣམས།།

ཚེ་འདིར་རྙེད་པས་དགའ་བདེ་བསམ་མི་ཁྱབ།།


 ༢༧  རྣམ་འགྱུར་གྱི་དཔེ།

ཁྱོད་ཐུགས་དམིགས་མེད་བྱམས་དང་བརྩེ་བ་ནི།།

སྤྱན་སྟོང་མངའ་བའི་ཐུགས་ནས་ཕྱུང་བ་བཞིན།།

རྒྱལ་བསྟན་འཁུར་ཆེན་འདེགས་ལ་ཞུམ་མེད་ཀྱི།།

སྙིང་སྟོབས་གསང་བདག་ཕྲག་ལས་བླངས་དང་མཚུངས།།


 ༢༨ འཕྲེང་བའི་དཔེ།

མཚན་མོའི་མགོན་པོས་ཆུ་སྲིན་འབྱུང་གནས་དང་།།

དེ་ཡིས་ཀྱང་ནི་དཔལ་གྱི་འདབ་མ་དང་།།

འདབ་སྟོང་ཅན་དེས་སྦྲང་རྩིའི་བརྟུལ་ཞུགས་བཞིན།།

བཤེས་གཉེན་བཟང་པོས་ཐུབ་བསྟན་ཆུ་གཏེར་སྤེལ།།


༢༩  ངག་དོན་གྱི་བཞིན་སྒྲ་གཅིག་པའི་དཔེ།

གང་ཐུགས་གཞན་ཕན་རིན་ཆེན་བྱང་ཆུབ་སེམས།།

ཕྱིན་དྲུག་རིམ་གཉིས་ནོར་གྱིས་ཕྱུག་པ་འདི།།

ཡོངས་འདུའི་ལྗོན་པ་ལོ་འདབ་འབྲས་བུ་ཡིས།།

གཡུར་དུ་ཟ་བས་བརྒྱན་བཞིན་ཨེ་མ་མཚར།།


   ངག་དོན་གྱི་བཞིན་སྒྲ་དུ་མའི་དཔེ།

བསིལ་བསིལ་ཉ་གང་ཇི་བཞིན་བདག་གི་མགོན།།

འོད་ཀྱི་དཀྱིལ་འཁོར་རྫོགས་བཞིན་ཡོན་ཏན་གྱིས།།

ཀུ་མུད་ཚལ་རབ་སྐྱོང་བཞིན་གདུལ་བྱ་རྣམས།།

དམ་ཆོས་ཟེར་བརྒྱས་སྐྱོང་མཛད་སྐྱབས་ཀྱི་རྗེ།།


  ༣༠  ཟླ་བོ་དངོས་པོའི་དཔེ།

གངས་རིའི་ཁྲོད་འདིར་མཁས་པ་མང་མོད་ཀྱང་།།

མཁན་ཆེན་རྡོ་རྗེ་འཆང་ལ་འགྲན་ནུས་སུ།།

སྐལ་བཟང་འདི་ལ་སངས་རྒྱས་མང་མཆིས་མོད།།

ཉི་མའི་གཉེན་གྱི་དོ་ཟླ་མོ་གཤམ་བུ།།


   ༣༡  མཚུངས་སྦྱོར་གྱི་དཔེ།

ལོངས་སྤྱོད་རྫོགས་སྐུས་དག་ཞིང་འོག་མིན་དང་།།

མགོན་ཁྱོད་མ་དག་ཞིང་ལ་ཆོས་སྟོན་མཛད།།

དེས་ནི་ཐེགས་ཆེན་རིགས་ཅན་འབའ་ཞིག་དང་།།

མགོན་ཁྱོད་རིགས་ཅན་གསུམ་གྱི་གདུལ་བྱ་སྐྱོང་།།


༣༢  རྒྱུའི་དཔེ།

མཁྱེན་པ་མྱུར་བས་བརྟན་པའི་འཁོར་ལོ་དང་།།

བརྩེ་བ་ཟབ་པས་འཇིག་རྟེན་གསུམ་གྱི་མགོན།།

ནུས་པ་ཟླ་མེད་མཐུ་སྟོབས་བདག་པོ་སྟེ།།

རིགས་གསུམ་གཅིག་བསྡུས་དྲིན་ཅན་བླ་མར་འདུད།།

                 

འདུལ་བའི་མི་མཐུན་ཧ་ལའི་དུག་བཞིན་སྤངས།།

འདུལ་བ་བདུད་རྩིའི་ཉིང་ཁུས་མཁྱེན་པ་རྒྱས།།

འདུལ་ཁྲིམས་གཙང་མའི་དྲི་བསུང་ཕྱོགས་བརྒྱར་འཐུལ།།

འདུལ་བའི་མངའ་བདག་བསྐལ་བརྒྱར་ཞབས་བརྟན་ཤོག།

                     

ཚད་མ་མདོ་དང་སྡེ་བདུན་ནམ་མཁའི་ངོས།།

ཚད་མའི་རིགས་ལམ་འོད་ཟེར་འབུམ་སྤྲོས་ནས།།

ཚད་མའི་སྟོན་དང་ཐར་ལམ་གསལ་མཛད་པའི།།

ཚད་མའི་ཉིན་བྱེད་དབང་པོ་ཞབས་བརྟན་ཤོག།


རྒྱལ་ཡུམ་འགྲེལ་མཛད་བྱམས་པའི་ངག་རྟེན་ནས།།

རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ་པོ་ཆེ།།

རྒྱལ་ཡུམ་སྦས་དོན་དངོས་བརྒྱད་བདུན་ཅུ་ཡི།།

ཕར་ཕྱིན་ལམ་བཟང་གསལ་མཛད་ཞབས་བརྟན་ཤོག།


རྩ་འཇུག་གཞི་གསུམ་རྒྱ་མཚོར་རྩ་བ་བརྟན།།

མཐའ་བྲལ་ལྟ་བའི་བང་རིམ་མངོན་པར་མཐོ།།

མཐར་འཛིན་ངན་རྟོག་རླུང་གིས་མི་གཡོ་བའི།།

དབུ་མའི་རི་དབང་རྒྱལ་པོ་རྟག་བརྟན་ཤོག།

         

ཐོགས་མེད་སྐུ་མཆེད་ལེགས་བཤད་སིནྡྷུའི་བདག།

རྣམ་དཔྱོད་བརྩོན་པས་བསྲུབས་ལས་བྱུང་བ་ཡི།།

གཞི་ལྔའི་རང་སྤྱིའི་ཆོས་མངོན་བདུད་རྩི་ཡི།།

མཛོད་འཛིན་ཆེན་པོ་བསྐལ་བརྒྱར་ཞབས་བརྟན་ཤོག།

                     

ལྟ༵་བ་ཡོད་མེད་མཐའ་བྲལ་རྡོ༵་རྗེ༵་འཛིན།།

སྒོ༵མ་པ་དཔྱད་འཇོག་ཏིང་འཛིན་རི་དབང་བརྟན།།

སྤྱོད༵་པ་བཀའ་གདམས་རྣམ་ཐར་རྒྱལ༵་མཚ༵ན་འཆང་།།

རྗེ་བཙུན་བླ་མའི་ཞབས་རྡུལ་སླར་ཡང་མཆོད།།


རབ་འབྱམས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད།།

རབ་བརྗིད་ངེས་དོན་དཔལ་ལྡན་བླ་མ་ཡི།།

རབ་མང་ཡོན་ཏན་དབུས་ནས་ཆུ་ཐིགས་ཙམ།།

རབ་དྭངས་ཡིད་ཀྱིས་བྲིས་པའི་དགེ་བ་འདི།།

རབ་རྨོངས་བདག་སོགས་ཚེ་རབས་ཐམས་ཅད་དུ།།

རབ་མཛེས་བཤེས་གཉེན་དམ་པས་མཉེས་བཞིན་དུ།།

རབ་ཏུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།

             ཅེས་གཙང་ལྗོངས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་ཆེན་འདུལ་བ་འཛིན་པ་ ༧རྗེ་བཙུན་བླ་མ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་དཔེ་རྒྱན་སོ་གཉིས་ཀྱི་སྒོ་ནས་བསྟོད་པ་སྙན་ཚིག་པད་དཀར་མཆོད་སྤྲིན་ཞེས་བྱ་བ་འདི་ནི་་་་་དཔལ་ལྡན་བླ་མ་དམ་པ་གང་གི་བཀའ་དྲིན་གྱི་ཞོ་ཤས་འཚོ་བ་ཐོབ་རྒྱལ་དགའ་ལྡན་རབ་རྒྱས་དགོན་པའི་སློབ་གཉེར་བ་བློ་བཟང་དར་རྒྱས་ཀྱིས་་་་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོར་་གཙང་རོང་མེས་སྟོན་མཚོན་པོའི་ཞིང་ཁམས་གནས་གཞི་ཁྲི་བརྟན་དགོན་དུ་བྲིས་པའོ།།   དགེ་ལེགས་འཕེལ།།      །།

ཇི་སྐད་དུ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་གྱི་བུམ་བཟང་ལས། འགྲོ་སྤྱིར་སྨན་པའི་དགེ་མཚན་ཡོད་ན་ནི།། དགའ་སྤྲོས་བཞུགས་ཏེ་ལས་དོན་རླབས་ཆེན་དེའི།། གྲུབ་འབྲས་ནམ་ཐོབ་བར་ལ་དཀའ་ངལ་སོགས།། རྐྱེན་ངན་གང་བྱུང་ཕྱི་བཤོལ་མི་བྱེད་པར།། འབད་བརྩོན་དྲག་པོས་དཀའ་ཐུབ་དང་ལེན་གྱིས།།      ཞེས་ཚིག་བཅད་ཀྱི་མདུན་བསུས་ནས་གུས་གནས་ཟླ་བ་རང་ཉིད་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གྱི་དབེན་པའི་བདག་ཉིད་ཞིག་ཡིན་ཡང་དཔལ་ལྡན་བླ་མ་དམ་པ་གང་ཉིད་ལ་དད་པས་ཉམ་ཆུང་མགོན་པོ་གང་གི་སློབ་བུའི་གྲལ་མཐའ་ནས་མ་འབུད་ཙམ་ཞིག་ཡིན་ཡང་། ཅི་སྐད་དུ་༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་གྱི་བུམ་བཟང་ལས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་དམན་ན་ས་དང་ལམ་ཡང་དམན།། ཐམས་ཅད་བསམ་པ་དག་ལ་རག་ལས་པས།། ཞེས་གང་གསུངས་པ་ལྟར་གུས་པས་ཀྱང་གཞན་ཕན་གྱི་བསམ་པ་བཅོས་མ་མ་ཡིན་པས་རྒྱུད་བསྐུལ་ནས་ཆོས་མིན་ཕྱོགས་ཀྱི་ཆོས་ལ་རྒོལ་མཁན་དང་དེས་མ་ཟད་ཆོས་པའི་ཕྱོགས་ནས་ཆོས་ལ་རྒོལ་མཁན་ནས་གཙོས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་ཆེད་དུ་སྤྱི་སྟེགས་འདི་ནས་༧མཁན་ཆེན་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་ཆོས་གང་ཐུབ་ཀྱི་འཕུལ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ།།

འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་གནང་དང་དྲྭ་ངོས་ནས་བསུབ་ངེས་ཡིན། །

版权为原著所有,若有侵犯到您的权益,请您与我们联系,我们将立即删除

གསལ་འདེབས།

འབྲེལ་གཏུག་གནང་ས།  གནས་ཟླ་བ།

སྐད་འཕྲིན།  ༡༩༣༧༦༠༩༩༦༥

ཡིག་ཟམ།  1937609965@qq.com

内达瓦
སྦྲང་བུ་ཤ་སྦྲང་བུང་བ་དང་། དེ་བཞིན་སྲིན་བུར་གང་གྱུར་པ། དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །
 最新文章