࿐༧མཁན་རིན་པོ་ཆེའི་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེཊ་པར་གྲུབ་པ། །

民生   其他   2024-02-06 17:59   西藏  




   ༄༅། །རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གཙང་ལྗོངས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་ ༸རྗེ་བཙུན་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་རབ་གནས་ཆུ་མོ་ཡོས་ལོའི་བོད་ཟླ་བཅུ་གཅིག་གི་ཚེས་ཉི་ཤུ་བཞི་ཉིན་ནས་དབུས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་གདན་ས་ཆེན་པོ་རྣམས་དང་གཞན་ཡང་མདོ་སྨད་སོགས་ཕྱོགས་ཁག་ནས་ཕེབས་པའི་དགེ་འདུན་འདུས་མང་རྣམས་ལ་ཨ་བྷ་ཡ་ཀ་རས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་དབང་གི་སྟ་གོན། སྟ་གོན་གྲུབ་རྗེས་རྒྱལ་མཆོག་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་ཊཱིཀ་རིན་ཆེན་ཕྲེང་བའི་ལྗགས་ལུང་། འདུས་པ་ནས་གསུངས་པའི་མི་བསྐྱོད་པའི་རིགས་གསང་འདུས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དབང་ཆེན།   ཕྱི་དྲོ་ལྗགས་ལུང་ཤོག་ལྔ་བཅུ་ང་གསུམ་གྲུབ། ཚེས་ཉི་ཤུ་དྲུག་ཉིན་ཞོགས་པ་དཔལ་གསང་འདུས་མི་བསྐྱོད་པ་ལྷ་སོ་གཉིས་ཀྱི་དབང་ཆེན། ཕྱི་དྲོ་ལྗགས་ལུང་ཤོག་གྲངས་གྱ་དགུ་བར།  ཚེས་ཉི་ཤུ་བདུན་ཉིན་ཞོགས་པ་རྣམ་སྣང་སྒྱུ་དྲའི་རྒྱུད་ལ་བརྟེན་པའི་རྣམ་སྣང་འཇམ་རྡོར་ལྷ་ཞེ་གསུམ། ཕྱི་དྲོ་ལྗགས་ལུང་བརྒྱ་དང་སོ་གཅིག ཚེས་ཉི་ཤུ་བརྒྱད་ཉིན་གྱི་ཞོགས་པ་དགྲ་ནག་གི་རྒྱུད་ལ་བརྟེན་པའི་རྣམ་སྣང་གི་རིགས་གཤིན་རྗེ་དགྲ་ནག་ལྷ་བཅུ་གསུམ་མའི་དབང་ཆེན། ཕྱི་དྲོ་ལྗགས་ལུང་ཤོག་གྲངས་བརྒྱ་དང་དོན་གསུམ། ཚེས་ཉི་ཤུ་དགུ་ཉིན་གྱི་ཞོགས་པ་བརྟག་གཉིས་ནས་གསུངས་པའི་ཧེ་རུ་ཀའི་རིགས་ཀྱཻ་རྡོར་ཐོད་པ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ། ཐུགས་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུ། གསུང་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་དགུ། སྐུ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ་བཅས་ཀྱི་དབང་ཆེན། ཕྱི་དྲོ་ལྗགས་ལུང་ཤོག་གྲངས་ཉིས་བརྒྱ་བཅུ་གཅིག ཚེས་སུམ་བཅུ་ཉིན་གྱི་ཞོགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་གུར་རིགས་བསྡུས་སམ་མཁའ་འགྲོ་རིགས་ལྔ་ལྷ་ང་གསུམ་གྱི་དབང་ཆེན། ཕྱི་དྲོ་ལྗགས་ལུང་ཤོག་གྲངས་ཉིས་བརྒྱ་ང་གཅིག བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཞོགས་པ་སམྦུ་ཊ་ནས་བཤད་པའི་བདག་མེད་ལྷ་མོ་ཉེར་གསུམ་མའི་དབང་ཆེན། བརྟག་གཉིས་ནས་གསུངས་པའི་བདག་མེད་ལྷ་མོ་བཅོ་ལྔ་མའི་དབང་ཆེན། བརྟག་གཉིས་ནས་གསུངས་པའི་ཀུ་རུ་ཀུལླེ་ལྷ་བཅོ་ལྔའི་དབང་ཆེན། གུར་ནས་གསུངས་པའི་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་དབང་ཆེན། ཕྱི་དྲོ་ལྗགས་ལུང་ཤོག་གྲངས་ཉིས་བརྒྱ་གོ་གཅིག ཚེས་གཉིས་ཉིན་གྱི་ཞོགས་པ་སམྦུ་ཊི་ནས་གསུངས་པའི་སྙིང་པོ་ཀྱཻ་རྡོ་རྗེ་མཚོན་ཆ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་བཅུ་བདུན་གྱི་དབང་ཆེན།  ཐུགས་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་བདུན་གྱི་དབང་ཆེན།  གསུང་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་བ་ལྷ་བཅུ་བདུན་གྱི་དབང་ཆེན། སྐུ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་གྱི་དབང་ཆེན།  ཚེས་གསུམ་ཉིན་གྱི་ཞོགས་པ་ཁ་སྦྱོར་ནས་བཤད་པའི་བདེ་མཆོག་རྡོར་སེམས་ཞི་བ་ལྷ་སོ་བདུན་གྱི་དབང་ཆེན། བདེ་མཆོག་རྩ་རྒྱུད་ནས་གསུངས་པའི་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་རེ་གཉིས་ཀྱི་དབང་ཆེན། བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་རེ་གཉིས་ཀྱི་དབང་ཆེན། བདེ་མཆོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་རེ་གཉིས་ཀྱི་དབང་ཆེན། ཕྱི་དྲོ་ལྗགས་ལུང་ཤོག་གྲངས་སུམ་རྒྱ་ཉེར་ལྔ། ཚེས་བཞི་ཉིན་གྱི་ཞོགས་པ་རྡོ་རྗེ་ཕག་མོ་དམར་མོ་ལྷ་སོ་བདུན་མའི་དབང་ཆེན། ཕག་མོ་སྔོན་མོ་ལྷ་སོ་བདུན་མའི་དབང་ཆེན། ཕག་མོ་སེར་མོ་ལྷ་སོ་བདུན་མའི་དབང་ཆེན། ཨ་བྷི་དྷ་ན་ནས་གསུངས་པའི་ཁྲོ་བོ་ཧཱུཾ་མཛད་ལྷ་བཅུ་གཅིག་གི་དབང་ཆེན། ཚེས་ལྔ་ཆད་པའི་དྲུག་ཉིན་གྱི་ཞོགས་པ་ཨ་བྷི་དྷ་ན་ལས་བཤད་པའི་བདེ་མཆོག་འཁོར་ལོ་སྒྱུར་དྲུག་ལྷ་དོན་གཉིས་ཀྱི་དབང་ཆེན། འདིར་དབང་རྣམས་ཀྱི་ནང་ནས་གང་གཟབ་གཟབ་གནང་དགོས་པ་བཀའ་གནང་། དེ་ཉིན་ཞོགས་པ་སྒྲུབ་ཞག་གྲུབ་རྗེས་ཁ་བ་བབས་པས་ས་གཞི་ཡོང་རྫོགས་ཁ་བའི་གཟབ་སྤྲོས་ཀྱི་རྒྱན་པར་བྱས་པས་རྟེན་འབྲེལ་ཧ་ཅང་བཟང་བ་སོགས་བྱུང་། ཚེས་བདུན་ཉིན་གྱི་ཞོགས་པ་རྡོ་རྗེ་བདུད་རྩིའི་རྒྱུད་ལ་བརྟེན་པའི་རྡོ་རྗེ་ཉི་མའི་རིགས་བདུད་རྩི་ལྷ་ཉེར་གཅིག་གི་དབང་ཆེན། བདུད་རྩི་ཧཱུཾ་མཛད་ལྷ་ཉེར་དགུའི་དབང་ཆེན། བདུད་རྩི་ཁྲོ་བོ་ལྷ་ཉེར་གཅིག་གི་དབང་ཆེན། བདུད་རྩི་འཁྱིལ་བ་ལྷ་བཅུ་དགུའི་དབང་ཆེན།  ཚེས་བརྒྱད་ཉིན་གྱི་ཞོགས་པ་སངས་རྒྱས་ཐོད་པའི་རྒྱུད་ལས་གསུངས་པའི་ཧེ་རུ་ཀའི་རིགས་སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་དབང་ཆེན། སངས་རྒྱས་ཐོད་པ་ལྷ་དགུའི་དབང་ཆེན། མཧཱ་མ་ཡའི་རྒྱུད་ཆུང་ལ་བརྟེན་པའི་སྒྱུ་མ་ཆེན་མོ་ལྷ་ལྔའི་དབང་ཆེན། རྡོ་རྗེ་གདན་བཞིའམ་རྒྱུད་གསེར་གྱི་ཆར་བ་ནས་བཤད་པའི་རྣམ་སྣང་གི་རིགས་རྣལ་འབྱོར་ནམ་མཁའ་ལྷ་ང་བརྒྱད་ཀྱི་དབང་ཆེན།དེའི་ཡུམ་བཀའ་བརྒྱུད་དེ་ཉིད་ལས་བཤད་པའི་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་མའི་དབང་ཆེན། ཚེས་དགུ་ཉིན་ཞོགས་པ་སྒྲུབ་ཞག་སྐབས་ནམ་མཁའ་ནས་མེ་ཏོག་ཀྱི་འདབ་མ་དང་འདྲ་བའི་ཁ་བ་བབས། ཕྱི་དྲོ་དུས་འཁོར་གྱི་རྒྱུད་ལས་བཤད་པའི་དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ལྷ་དྲུག་བརྒྱ་སོ་བཞིའི་དབང་ཆེན་སྟེ་མ་རྒྱུད་ཀྱི་དཀྱིལ་འཁོར་སོ་གཉིས་སོ། ཚེས་བཅུ་ཉིན་རྩ་རྒྱུད་དེ་ཉིད་བསྡུས་པ་ལས་གསུངས་པའི་ཐབས་གཙོ་བོར་སྟོན་པ་རྡོར་དབྱིངས་ལྷ་ང་གསུམ་གྱི་དབང་ཆེན། ངན་སོང་སྦྱོང་རྒྱུད་དང་བརྟག་པ་ཕྱོགས་གཅིག་པ་ལ་བརྟེན་པའི་གཙུག་དགུ་ལྷ་སོ་བདུན་གྱི་དབང་ཆེན། ཚེས་བཅུ་གཅིག་ཉིན་སྒྱུ་དྲ་དང་འཇམ་དཔལ་གྲགས་པའི་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ལ་བརྟེན་པ་ཤེས་རབ་གཙོ་བོར་སྟོན་པ་ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་ཉེར་གཅིག་གི་དབང་ཆེན། ཚེས་བཅུ་གཉིས་ཉིན་འབྱུང་འདུལ་གྱི་རྒྱུད་ལ་བརྟེན་པའི་རྡོ་རྗེའི་རིགས་གསང་བདག་འབྱུང་འདུལ་ལྷ་སོ་གསུམ་མའི་དབང་ཆེན་སྟེ་སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་གཅིག་གོ འོད་ཟེར་ཅན་གྱི་རྒྱུད་ལས་བཤད་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ལྷ་མོ་འོད་ཟེར་ཅན་ལྷ་ཉེར་ལྔའི་དབང་ཆེན། གཟུངས་གྲྭ་ལྔ་ལས་བཤད་པའི་སོར་འབྲང་གཙོ་བོར་བྱས་པའི་གྲྭ་ལྔ་ལྷ་བཅུ་གསུམ་མའི་དབང་ཆེན། ཕྲེང་རྐྱང་གི་དཀྱིལ་འཁོར་ཞེ་གཉིས་སོ། ཚེས་བཅུ་གསུམ་ཉིན་ཀྲྀ་ཡ་ནས་གསུངས་པའི་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ཞེས་པ། ནོར་རྒྱུན་མའི་རྟོག་ཆུང་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ནོར་རྒྱུན་མ་ལྷ་བཅུ་དགུའི་དབང་ཆེན། གཟའ་ཡུམ་གྱི་རྟོག་པ་ལ་བརྟེན་པའི་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོའམ་རིག་བྱེད་མ་ནུབ་བྱང་གི་གྲྭར་བཞུགས་པ་དཀྱིལ་འཁོར་གྱི་གཙོ་བོར་བྱས་པའི་གཟའ་ཡུམ་ལྷ་ཞེ་དྲུག་གམ་ལྔ་བཅུའི་དབང་ཆེན། རྣམ་རྒྱལ་མའི་རྟོག་པ་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་རྣམ་རྒྱལ་མ་ལྷ་སོ་གསུམ་མའི་དབང་ཆེན་སྟེ་བྱ་རྒྱུད་ཀྱི་དཀྱིལ་འཁོར་ལྔ་དང་བཅས་རྡོ་འཕྲེང་གི་དབང་ཆེན་ལེགས་པར་གྲུབ། མཇུག་གཏང་རག་ཚོགས་འཁོར་དང་བཅས་པའོ། ཚེས་བཅུ་བཞི་ཉིན་གྱི་ཞོགས་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཁོར་ཆེན་ལྷ་བཅོ་བརྒྱད་ཀྱི་དབང་ཆེན། ཕྱི་དྲོ་འཇམ་དབྱངས་ཆོས་འཁོར་རྗེས་གནང་ལས་འཇམ་དབྱངས་དཔའ་བོ་གཅིག་པ། འཇམ་དབྱངས་ལུས་དཀྱིལ། འཇམ་དབྱངས་གསང་སྒྲུབ། འཇམ་དབྱངས་ནང་སྒྲུབ། ཚེས་བཅོ་ལྔའི་ཞོགས་པ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་དབང་ཆེན། ཕྱི་དྲོ་བདེ་མཆོག་ཚེ་ལྷ་དཀར་པོ། སྒྲོལ་མ་རྒྱལ་མཚན་མ།  ཁྲོས་ནག་རྡོ་རྗེ་རྣལ་འབྱོར་མ། དམ་ཅན་ཆོས་རྒྱལ་གསང་སྒྲུབ། དམ་ཅན་ཆོས་རྒྱལ་ནང་སྒྲུབ། དམ་ཅན་ཆོས་རྒྱལ་ཕྱི་སྒྲུབ་བཅས་ཀྱི་རྗེས་གནང་།  ཚེས་བཅུ་དྲུག་ཉིན་གྱི་ཞོགས་པ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལྷ་སོ་གསུམ་གྱི་དབང་ཆེན། ཕྱི་དྲོ་སྟག་ཕུའི་དག་སྣང་བཅུ་གསུམ་གནང་ནས་བླ་མ་མི་ཏྲ་ཚེ་དཔག་མེད་ཀྱི་བྱིན་རླབས་ཚེ་དབང་། བླ་མ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ཐར་པའི་ཐེམ་སྐས་ཀྱི་བྱིན་རླབས། སྤྱན་རས་གཟིགས་ངན་སོང་ཀུན་སྒྲོལ་གྱི་བྱིན་རླབས། ཚེས་བཅུ་བདུན་གྱི་ཞོགས་པ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དབང་ཆེན། ཕྱི་དྲོ་མི་ཏྲ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་བཅུ་གསུམ་ཅན་ཐུགས་རྗེ་ཆེན་པོ་གསང་སྒྲུབ་མཁའ་འགྲོའི་སྙིང་བཅུད་ཀྱི་བྱིན་རླབས། ཚེ་དཔག་མེད་ནང་སྒྲུབ་ལྷ་ལྔ་ཅན་གྱི་ཚེ་དབང་།ཚེ་དཔག་མེད་གསང་སྒྲུབ་བདུད་རྩི་མཆོག་སྦྱིན་གྱི་བྱིན་རླབས། ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོར་གཏོགས་པ་སངས་རྒྱས་སྨན་བླ་ལྷ་ང་གཅིག་གི་དབང་ཆེན།  ཕྱི་དྲོ་ཚེ་དཔག་མེད་བླ་མ་ཡི་དམ་དྲིལ་སྒྲུབ་སྐུ་གསུམ་སྙིང་པོའི་ཚེ་དབང་། རྗེ་བཙུན་རྡོ་རྗེ་ཕག་མོའི་བྱིན་རླབས། དབང་ཆེན་རྟ་མགྲིན་ཡབ་ཡུམ་གྱི་བྱིན་རླབས། ཐུན་མོང་མ་ཡིན་པའི་དབང་སྡུད་སྒྲ་ཡི་རྗེས་གནང་། ཚེས་བཅུ་དགུ་ཉིན་གྱི་ཞོགས་པ་ཚེ་དཔག་མེད་ལྷ་དགུའི་དབང་ཆེན།  ༸ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆེན་པོའི་མཚན་བསྟོད་དང་མཚན་སྔགས་ཀྱི་ལྗགས་ལུང་། རྒན་རིན་པོ་ཆེའི་མཚན་བསྟོད་དང་མཚན་སྔགས་ཀྱི་ལྗགས་ལུང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དཔའ་བོ་གཅིག་པ་བགེགས་ཚར་གཅོད་ཀྱི་རྗེས་གནང་། ཕྱི་དྲོ་བཀའ་སྲུང་དུར་ཁྲོད་བདག་མོའི་བྱིན་རླབས།  བཀའ་སྲུང་ཆེན་མོ་ཙནྜའི་ཀའི་རྗེས་གནང་། ཚེས་ཉི་ཤུའི་ཞོགས་པ་མི་འཁྲུགས་པ་ལྷ་དགུའི་དབང་ཆེན། མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང་། ཕྱི་དྲོ་གཏོར་དབང་བར་ཆད་ཀུན་སེལ་གྱི་རྗེས་གནང་།  གྲིབ་སེལ་མགོན་པོའི་རྗེས་གནང་།  བླ་མ་མགོན་པོ་དབྱེར་མེད་ཀྱི་རྗེས་གནང་། ཚེས་ཉི་ཤུ་གཅིག་ཉིན་གྱི་ཞོགས་པ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་ཆེན། མགོན་པོ་གནད་བབ་བམ་མཁའ་འགྲོ་དབང་སྡུད་ལྷ་གཅིག་པའི་རྗེས་གནང་།  ཕྱི་དྲོ་མགོན་པོ་མཆིན་ཁའི་རྗེས་གནང་། ས་ར་ཧའི་ལུགས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་།  ཡེ་ཤེས་མགོན་པོ་རྒྱན་ཅན་ནམ་གསང་སྒྲུབ་ཀྱི་རྗེས་གནང་།  ཚེས་ཉི་ཤུ་གཉིས་ཉིན་གྱི་ཞོགས་པ་བཅོམ་ལྡན་འདས་གཙུག་གཏོར་དྲི་མེད་ཀྱི་དབང་ཆེན་གཟུངས་མདོའི་ལུང་དང་བཅས། མགོན་པོ་ལྷ་བཞི་དྲིལ་སྒྲུབ་ཀྱི་རྗེས་གནང་། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་ཀྱི་ཟིན་བྲིས་སྡིག་ལྟུང་མུན་སེལ་གྱི་ལྗགས་ལུང་། ཕྱི་དྲོ་མགོན་པོ་དབང་རྒྱལ་གྱི་རྗེས་གནང་། ཚེ་བདག་མགོན་པོའི་རྗེས་གནང་། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་སྟེ་མགོན་བཀའ་བཅུ་གསུམ་ལས་མགོན་པོ་སྙིང་ཞུགས་མ་གཏོགས་གནང་། མཇུག་ཏུ་མགོན་པོ་ཕྱག་དྲུག་པའི་ཚོགས་མཆོད་མྱུར་མཛད་དགྱེས་པའི་འཛུམ་ཞལ་གྱི་ཐོག་བཏང་རག་ཚོགས་འབུལ་བཅས། ཚེས་ཉི་ཤུ་གཉིས་ཕྱི་མར་བཅོམ་ལྡན་འདས་འོད་ཟེར་དྲི་མེད་ཀྱི་དབང་ཆེན་གཟུངས་མདོའི་ལུང་། ཐུན་དྲུག་དང་རྟེན་འབྲེལ་བསྟོད་པ་བཅས་ཀྱི་ལྗགས་ལུང་། ཚེས་ཉི་ཤུ་གསུམ་ཉིན་གྱི་ཞོགས་པ་བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་སྔགས་བཏུའི་རྗེས་གནང་། མཇུག་ཏུ་བླ་མ་མཆོད་པའི་ཐོག་ནས་དགེ་འདུན་འདུས་པ་རྒྱ་མཚོས་གཏང་རག་ཚོགས་འབུལ་མཁའ་འགྲོ་བརྟན་བཞུགས་བཅས་ཆོས་འབྲེལ་ཟླ་བ་གཅིག་ཙམ་གྱི་བཀའ་དྲིན་བསྐྱངས་གནང་བ་དང་། འབྲེལ་བཀའ་སློབ་ད་ལམ་དགེ་བའི་བཤེས་གཉེན་མང་པོ་ཕེབས་ཡོད། ཡིན་གཅིག་མིན་གཅིག་དབང་ཐོབ་པ་དེ་ཚོ་ལ་བསྙེན་པ་ལ་བཞུགས་པ་ཡིན་ན་དབང་གི་བྱ་བ་ཚོ་གནང་ཐུབ་ཀྱི་རེད། ལྷག་པར་རྒྱུད་སྡེ་བཞིའི་གསང་བདེ་འཇིགས་གསུམ། ཀུན་རིག ཕྱག་རྡོར་འབྱུང་འདུལ། ཐུབ་པ་དམ་ཚིག་གསུམ་བཀོད་བཅས་ཀྱི་བསྙེན་པ་ལ་སྡད་ན་དེ་ལ་རིགས་བསྡུས་ཟེར།  དེ་བཏང་སོང་ན་རྡོ་རྗེ་འཕྲེང་བ་དང་མི་ཏྲ་ལ་སོགས་པ་གནང་ཆོག་པ་རེད། དེ་ལྟར་ཡིན་དུས་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡིན་གཅིག་མིན་གཅིག་བསྙེན་པ་ལ་བཞུགས་ནས་གང་ལྟར་རྡོ་རྗེ་འཕྲེང་བ་ལ་སོགས་པ་རྗེས་མར་རིམ་པ་བཞིན་དུ་དགོངས་པ་བཞེས་ནས་ཡར་གྲྭ་ས་སོ་སོར་གནང་ཐུབ་པའི་ཐུགས་འཛིན་གནང་རོགས་གནང་ཟེར་ཞུ་ཡག་ཡིན། གཉིས་ནས་ད་རེས་སེ་ར་ཐེག་ཆེན་གླིང་གི་དབུ་ཆོས་རྣམས་དང་ལས་དོན་འགན་ཁུར་བ་རྣམས་པའི་ཐུགས་རྗེའི་བཀའ་དྲིན་གྱིས་སྔ་ལོ་དང་ད་རེས་ཆོས་དང་ཟང་ཟིང་གཉིས་ཀྱི་སྦྱིན་བདག་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ནས་ང་རང་ཚོ་སྤྱིར་བསྟན་པ་དང་འགྲོ་བ་ལ་ཕན་པ་དགོས་ཀྱི་ཡོད་ན་བསྟན་པ་རྒྱས་དགོས་ཀྱི་ཡོད། དེ་ལས་ལྷག་པ་མེད། དེ་ཡིན་དུས་བསྟན་པ་རྒྱས་པ་ལ་ཡིན་གཅིག་མིན་གཅིག་དགེ་འདུན་སྤྱི་གྲུབ་མཐའ་ཕན་ཚུན་གང་ཡིན་ཡང་ཐུགས་མཐུན་ཡོང་བ་གནང་རོགས་གནང་།  ལྷག་པར་དུ་སོ་སོ་སོའི་དགོན་པ་ཚོར་ཕེབས་སོང་ནའང་ཐུགས་མཐུན་གནང་དགོས། ཐུགས་མཐུན་མ་བྱུང་ན་བསྟན་པ་ནུབ་པའི་ཆ་རྐྱེན་ལ་འགྲོ་གི་རེད། དགེ་འདུན་མཐུན་པ་བདེ་བ་སྟེ། གསུང་པ་རེད་པཱ། ཐུགས་མཐུན་མ་བྱུང་བ་བྱས། དེ་ནི་གཅིག་གིས་གཅིག་ལ་ཕར་ཚུར་ཟུར་ཟ་བྱེད་གིན་སྡད། ཁོང་ཁྲོ་ལངས་བྱས་ན་སྡིག་པ་ཆེན་པོ་ཡོད་པཱ། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་གསུངས་ཡོད་པཱ། དེ་འདྲ་ཡིན་དུས་ཕན་ཚུན་གཅིག་གིས་གཅིག་ལ་ཁོང་ཁྲོ་བ་བྱུང་ན་ཡག་པོ་ཡོག་མ་རེད། གང་ལྟར་དགེ་འདུན་མཐུན་པ་བྱུང་ན་བསྟན་པ་རྒྱས་ཀྱི་རེད། དགེ་འདུན་མ་མཐུན་ན་བསྟན་པ་རྒྱས་ཀྱི་མ་རེད། ཡིན་གཅིག་མིན་གཅིག་ཕན་ཚུན་ཁོང་ཁྲོ་དང་ཉོན་མོངས་པའི་དབང་དུ་མ་སོང་བ་ཚང་མས་དགོངས་བཞེས་གནང་རོགས་གནང་། དེ་ནས་བདག་སོགས་ཇི་རྙེད་བསགས་པའི་དགེ་བ་འདིས། ཞེས་༸རྒན་རིན་པོ་ཆེས་ཐལ་མོ་སྦྱར་ཏེ་དབུ་སྐུལ་གནང་ནས་འདུས་མང་ཡོངས་ཀྱིས་ཞལ་འདོན་དང་མཇུག་གི་བསྔོ་བ་མཛད། །

 

༼ཟུར་བཏོན། ༽

  ༈ གོང་གི་ས་བཅད་དྲུག་པ་སྤྱི་བཀའི་དབང་གི་སྐོར་ལ། གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་མཁས་ཤིང་གྲུབ་པ་བརྙེས་པའི་དབང་ཕྱུག་སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟ་ཞེས་སམ་འཇིགས་མེད་འབྱུང་གནས་སྦས་པར་གྲགས་པ་འདི་ཉིད་ཀྱིས། ཨིནྡྲ་ཨུ་ལིའི་གཙུག་ལག་ཁང་དུ་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་རྒྱ་ཆེར་མཛད་བཞིན་བཞུགས་སྐབས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བུད་མེད་བ་གླང་བཤའ་བའི་རིགས་སུ་སྤྲུལ་ནས་ཚོགས་འཁོར་གྱི་རྫས་ཤ་ཆང་བྱིན་པ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མར་མ་དགོངས་པར་ཕྱིར་བསྐྲད་པའི་རྟེན་འབྲེལ་གྱིས་སྐུ་ཚེ་འདི་ལ་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་། མཁའ་འགྲོ་མའི་ལུང་བསྟན་བཞིན་སྒྲིབ་སྦྱོང་དུ་སྔགས་ཀྱི་མན་ངག་མང་པོ་དང་ཁྱད་པར་དུ་ཁ་སྦྱོར་རྒྱུད་ཀྱི་རྒྱས་འགྲེལ་མན་ངག་སྙེ་མ། རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་སོགས་དང་། རྒྱུད་སྡེ་སྤྱིའི་དགོངས་འགྲེལ་དུ་སྒྲུབ་ཐབས་རྣལ་འབྱོར་རྫོགས་པའི་ཕྲེང་བ། དབང་གི་ཆོ་ག་རྡོ་རྗེ་ཕྲེང་བ། ལས་སྒྲུབ་པའི་ཁ་སྐོང་སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་སྟེ་ཕྲེང་བ་སྐོར་གསུམ་གྱི་ཡིག་ཆ་མཛད་ཅིང་། འདི་ལ་སྤྱིར་གཙོ་བོ་འཕོ་བའི་དབང་དུ་བྱས་ན་དཀྱིལ་འཁོར་ལྔ་སྟོང་བརྒྱད་བརྒྱ་བཅུ་བདུན། རྩ་བའི་དཀྱིལ་འཁོར་གྱི་དབྱེ་བས་ཉིས་སྟོང་དྲུག་བརྒྱ་ང་བདུན། དེ་རྣམས་གཙོ་བོའི་རིགས་སོ་སོའི་དབང་དུ་བྱས་ན་རྩ་བའི་དཀྱིལ་འཁོར་ཉེར་བརྒྱད། དེ་ལས་སྤྲོས་པ་ཞེ་གཉིས། དེ་ལས་ཀྱང་སྤྲོས་པ་ང་ལྔ་རྣམས་སུ་ཡོད་པར་ཚད་ཐུབ་ཀྱི་མཁས་པ་ཡོངས་ལ་གྲགས་ཤིང་། རྗེ་དྲུང་སྔགས་རམས་པས་དཀྱིལ་འཁོར་ཞེ་བཞི། ཞེ་བདུན། དྲུག་ཅུ་རེ་གསུམ་དུ་ཕྱེ་བ་ཡོད་གསུངས་པའང་དོན་ལ་གནས། རྣལ་འབྱོར་རྫོགས་ཕྲེང་གི་སྐབས་སུ་རྒྱུད་སྡེ་ལ་གོ་རིམ་ངེས་མེད་དུ་བསྒྲིགས་པ་དང་། རྡོ་རྗེ་ཕྲེང་བར་བླ་མེད་ཀྱི་དབང་གི་སྐོར་ཆ་ལག་དང་བཅས་པའི་ཕྱག་ལེན་གསལ་བ་མ་གཏོགས་རྒྱུད་སྡེ་འོག་མ་གསུམ་གྱི་དབང་གི་སྐོར་མི་གསུང་བ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་གིས་རྗེས་སུ་མ་བཟུང་བར། སྔགས་ལ་རང་དཀར་འཇུག་པར་མ་བྱེད་ཅིག་ཅེས་བཀག་པའི་ཆེད་དུ་གབ་དཀྲུགས་སུ་མཛད་པ་ཡིན་ནོ། །དེ་ཡང་ཡིན་རེ་སློབ་དཔོན་མཁས་པ་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཁོང་དུ་ཆུད་པ་ཞིག་གིས་མཐོང་བརྒྱུད་ཀྱི་ཕྱག་ལེན་དང་མན་ངག་ལ་བརྟེན་ནས། འཁྲུགས་པ་རྣམས་སྡེབས། འཐོར་བ་རྣམས་བསྡུས། མི་གསལ་བ་རྣམས་གསལ་བར་བྱས་ནས། རྒྱུད་སྡེ་རང་རང་གི་སྐབས་དང་མཐུན་པར་སོ་སོར་ཕྱེ་སྟེ་དཀྱིལ་འཁོར་འབྲི་སྒྲུབ་ཆོ་ག་དབང་གི་སྐོར་རྣམས་མ་ནོར་མ་འཁྲུལ་བར་སྤེལ་ནུས་པའི་ཕྱིར་རོ། །དེ་ལྟར་ཡིན་པའི་རྒྱུ་མཚན་མ་ངེས་པར། བོད་སྔ་མ་དག་གིས་རྒྱ་གར་དུ་རྡོར་ཕྲེང་གི་དབང་ཐམས་ཅད་བླ་མེད་ཀྱི་ལུགས་སུ་བསྐུར་བ་དང་། བོད་དུའང་དེ་དང་མཚུངས་པར་བསྐུར་བ། ཨབྷྱས་རྒྱུད་སྡེ་སོ་སོར་མ་ཕྱེ་གསུངས་པ། ཁ་ཆེ་པཎ་ཆེན་ལ་རྗེ་བཙུན་སྒྲོལ་མས་བོད་རྣམ་རྟོག་མང་པས་རྒྱུད་སྡེ་སོ་སོའི་ལུགས་བཞིན་བསྐུར་གསུངས་པ་སོགས་ལོ་རྒྱུས་མ་དག་པ་ཁོ་ན་ཡིག་ཆ་ཚོར་འདྲི་ཞིང་བསྐུར་བ་དང་། ཕྲེང་བའི་དུས་འཁོར་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན་བསྐུར་པ། འདི་བའི་ལུགས་ཀྱི་འཇམ་རྡོར་གྱི་དབང་གིས་ཡེ་ཤེས་ཞབས་ལུགས་ཀྱི་ཟུར་བཀའི་དབང་ཐོབ་པའི་གོ་ཆོད་པར་འདོད་པ་སོགས་མང་དུ་བྱུང་སྣང་མོད། རྒྱུད་ལས། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་བཞི་པ་སྦས་ནས་མ་བསྟན་པ་མན་ངག་གིས་གསལ་པར་བྱེད་པ་དང་། ཆུ་དང་ཅོད་པཎ་དབང་ཞེས་པ། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། ཞེས་སོགས་ཀྱིས་རྒྱུད་སྡེ་གང་དང་གང་ལ་དབང་ཇི་དང་ཇི་འདྲ་བསྐུར་དགོས་པ་བསྟན་དོན་བཞིན། ཕྲེང་བའི་སྐབས་འདིར་ཡང་ཕྱག་ལེན་མཐོང་བརྒྱུད་མན་ངག་གིས་རྒྱུད་སྡེ་སོ་སོར་ཕྱེ་དགོས་ལ། འདིར་སྤྱི་བཀའ་ཡིན་པའི་གནད་ཀྱིས་དབང་ཆོག་གཅིག་ལ་དཀྱིལ་འཁོར་སོ་སོ་དང་། རྒྱུད་སྡེ་རང་རང་གི་སྐབས་དང་མཐུན་པར་ཁ་བསྒྱུར་པ་ཡིན་ཞིང་། ཟུར་བཀའ་རྣམས་ལ་སོ་སོའི་ལུགས་ཀྱི་དབང་གི་ཆོ་ག་ཁྱད་པར་མི་འདྲ་བ་དུ་མ་ཡོད་པར་མ་ཟད། མངོན་རྟོགས་ཀྱང་འདི་བའི་ལུགས་ལ་རྫུས་ཏེ་སྐྱེ་བ་སྦྱོང་བྱེད་ཡིན་ལ། གཞན་རྣམས་སུ་མངལ་སྐྱེས་དང་། སྒོང་སྐྱེས་སྦྱོང་བྱེད་སོགས་རྒྱས་བསྡུས་མི་འདྲ། འདི་རྣལ་འབྱོར་མ་དང་ཨ་བྷྱའི་བར་དུ་བླ་མ་བརྒྱུད་པ་གཞན་བཞུགས་མི་དགོས་ཤིང་། གཞན་རྣམས་ལ་སོ་སོའི་བརྒྱུད་ཚུལ་འདེད་དགོས་པས། ལྷའི་མཚན་ཙམ་གཅིག་པ་རྒྱུ་མཚན་དུ་བྱས་ནས་སྤྱི་བཀའ་དང་ཟུར་བཀའ་ཕན་ཚུན་གཅིག་གོ་གཅིག་གིས་གཅོད་པར་འདོད་པ་ནི། རྒྱུད་སྡེའི་དགོངས་པ་དང་འགལ་ཞིང་། ཕྱག་ལེན་མཐོང་བ་བརྒྱུད་པའི་ལམ་བཟང་ཉམས་པར་བྱས་ཏེ། རང་ཉིད་སྔགས་ཕྱོགས་ལ་མི་མཁས་པའི་རང་མཚང་གསལ་བར་སྟོན་པ་ཁོ་ན་ཡིན་ནོ། །དེ་ལྟ་མོད་ཀྱི་དེང་དུས་ཀྱི་རྟོག་གེ་པ་མཁས་རློམ་ཅན་རྣམས་ཀྱིས་ནི། རྒྱུད་སྡེ་སོ་སོའི་ལྷ་རྣམས་ཀྱི་དབང་ཐོབ་པ་དང་རྗེས་གནང་མནོས་པ་ཙམ་ཡང་དྲན་པའི་ཡུལ་དུ་མ་འགྱུར་ཀྱང་། དཔེ་ཆ་གང་མཐོང་གང་ཡོད་ཐམས་ཅད་ལག་ཏུ་མ་ཆུད་པས་སྡུག་ཤེས་ཡོད་པ་མ་གཏོགས། དཔེ་ཆ་ཡོད་ཕྱིན་ནེ་ཙོས་མ་ཎི་འདོན་པ་བཞིན་ཕྱག་ལེན་མཐོང་བརྒྱུད་མན་ངག་གང་ཡང་མེད་པར་གཤར་འདོན་བྱེད་བྱེད་པ་རྣམས་ལ་ཁོ་བོས་སྨྲས་པ་འདི་རྣམས་སྙིང་ལ་ཚེར་མ་ལྟར་ཟུག་རྔུར་གྱུར་ཤས་ཆེ་ནའང་། བློ་དང་ལྡན་ཞིང་ཚད་ལྡན་རྡོ་རྗེ་འཛིན་པས་རྗེས་སུ་བཟུང་བའི་མིང་དང་དོན་མཐུན་པ་ཅན་གྱི་མཁས་པའི་སྐྱེས་བུ་རྣམས་ལ་ངེས་ཤེས་ཀྱི་སྐྱེད་གོང་དུ་འཕེལ་བའི་གཏམ་སྙན་དུའང་འགྱུར་སྲིད་པ་ཡིན་ནོ། །ས་བཟང་མ་ཏི་པཎ་ཆེན་ཡན་ཆད་ལ་རྡོ་རྗེ་ཕྲེང་བའི་དབང་ཞེ་གཉིས་ལས་མ་དར་ནའང་། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་པཎྜི་ཏ་མཧཱ་བོ་དྷི་ལས། དརྤ་ན་ཨ་ཙརྻ་ཞེས་གྲགས་པའི་པཎྜི་ཏ། ཚེམས་ལན་ཉི་ཤུ་བརྗེས་ཤིང་དགུང་ལོ་སྟོང་དང་ཉིས་བརྒྱ་བཞུགས་པ་དེས། ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་སོར་བཞག་ཐོག་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཆ་ཚད། མཚན་དཔེའི་ངོས་འཛིན་སོགས་ལྷག་ཁ་ཡར་དང་བཅས་པ་བསྣན་པའི་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་ཆོ་ག་ཀྲྀ་ཡ་ས་མུཙྪ་ཞེས་སྒྲུབ་དཀྱིལ་ཡན་ལག་དང་བཅས་པ་དོན་ཚན་དྲུག་ཅུ་རྩ་བཞིའི་སྒོ་ནས་སྟོན་པའི་བསྟན་བཅོས་ཆེན་པོ་མཛད་པ་ལས་བྱུང་བའི་དབང་ཞེ་ལྔ་པོ་ལེགས་པར་གསན་པས། ཕྲེང་བ་དང་ཀྲྀ་ཡ་གཉིས་ཀྱི་དབང་གི་ཆུ་བོ་གཉིས་འདྲེས་སུ་བྱུང་བ་ནས་བཟུང་སྟེ། ད་ལྟའི་བར་དུ་མཁའ་འགྲོའི་ཁས་རླངས་ཚལ་ལེ་བ། མི་བར་ཁྱིས་མ་ཆོད་ཅིང་། ཁྱི་བར་རུས་བས་མ་ཆོད་པའི་ཕྲེང་ཀྲྀ་ཆུ་བོ་གཉིས་འདྲེས་ཀྱི་དབང་ཆེན་ཟབ་མོ་བླ་མ་བརྒྱུད་པའི་རིམ་པ་ལས་བྱོན་པ་འཁྲུལ་བའི་དྲི་མ་དང་བྲལ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་འདི་ཉིད་ལེགས་པར་ཐོབ་པའི་རིམ་པ་ལ། ཐོག་མར་སློམ་མ་རྗེས་འཛིན་གྱི་རིམ་པ། དེ་རྗེས་སུ་སློབ་མ་སྟ་གོན་གྱི་རིམ་པ་རྣམས་གསང་འདུས་འཇམ་རྡོར་གྱི་སྒོ་ནས་གནང་བ་ཕྱག་སྲོལ་ལྟར་ཡིན། དེ་ནས་ཕྲེང་བའི་དབང་དངོས་ལ་ཕྱག་ལེན་རྒྱས་པ་ཉིན་རེ་ལ་དབང་རེ་རེ་སྟེ་ཞག་ཞེ་ལྔའི་བར་དང་། ཕྱག་ལེན་འབྲིང་པོ་ཉི་མ་ཉེར་དགུའི་བར་དང་། ཕྱག་ལེན་བསྡུས་པ་ཉི་མ་བཅོ་བརྒྱད་དེ་གསུམ་ཡོད་པ་ལས། འདིར་ཕྱི་མའི་དབང་དུ་བྱས་ཏེ་བཀོད་པ་ལ། ཉིན་དང་པོར་གསང་འདུས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ་པ།། ༡ ཉིན་གཉིས་པ་ལ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་པ། ༢ ཉིན་གསུམ་པ་ལ་རྣམ་སྣང་སྒྱུ་འཕྲུལ་དྲ་བ་ལས་བཤད་པའི་རྣམ་སྣང་འཇམ་པའི་རྡོ་རྗེ་ལྷ་ཞེ་གསུམ། ༣ ཉིན་བཞི་པ་ལ་དགྲ་ནག་གི་རྒྱུད་ལས་བརྟེན་པའི་རྣམ་སྣང་གི་རིགས་གཤིན་རྗེ་གཤེད་དགྲ་ནག་ལྷ་བཅུ་གསུམ་པ། ༤ སྟེ་ཕ་རྒྱུད་ཀྱི་དཀྱིལ་འཁོར་ཞིའོ། །ཉིན་ལྔ་པ་ལ་བརྟག་གཉིས་ལས་གསུངས་པའི་ཧེ་རུ་ཀའི་རིགས་ཀྱཻ་པ་རྡོ་རྗེ་ཐོད་པ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ། ༥ ཐུགས་ཀྱཻ་རྡོར་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུ། ༦ གསུང་ཀྱཻ་རྡོར་ཞལ་གཅིག་ཕྱག་བཞི་པ། ༧ སྐུ་ཀྱཻ་རྡོར་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ་བཅས། ༨ ཉིན་དྲུག་པ་ལ་མཁའ་འགྲོ་མ་རྡོ་རྗེ་གུར་ལས་གསུངས་པའི་གུར་རིགས་བསྡུས་སམ་མཁའ་འགྲོ་རིགས་ལྔ་ལྷ་ང་གསུམ། ༩ ཉིན་བདུན་པ་ལ་སཾ་བུ་ཊ་ནས་བཤད་པའི་བདག་མེད་ལྷ་མོ་ལྷ་ཉེར་གསུམ་པ། ༡༠ བརྟག་གཉིས་ལས་གསུངས་པའི་བདག་མེད་ལྷ་མོ་ལྷ་བཅོ་ལྔ། ༡༡ རྒྱུད་དེ་ཉིད་ལས་གསུངས་པའི་བཅོམ་ལྡན་འདས་མ་ཀུ་རུ་ཀུལླཻ་ལྷ་བཅོ་ལྔ། ༡༢ མཁའ་འགྲོ་རྡོ་རྗེ་གུར་ནས་བཤད་པའི་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་བཅས། ༡༣ ཉིན་བརྒྱད་པ་ལ་སཾ་བུ་ཊ་ནས་གསུངས་པའི་སྙིང་པོ་ཀྱཻ་རྡོ་རྗེ་མཚོན་ཆ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་བཅུ་བདུན། ༡༤ ཐུགས་ཀྱཻ་རྡོར་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་བདུན། ༡༥ གསུང་ཀྱཻ་རྡོར་ཞལ་གཅིག་ཕྱག་བཞི་པ་ལྷ་བཅུ་བདུན། ༡༦ སྐུ་ཀྱཻ་རྡོར་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་བཅས། ༡༧ ཉིན་དགུ་པ་ལ་སཾ་བུ་ཊ་ནས་བཤད་པའི་བདེ་མཆོག་རྡོར་སེམས་ཞི་བ་ལྷ་སོ་བདུན། ༡༨ བདེ་མཆོག་རྩ་རྒྱུད་ལས་གསུངས་པའི་དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་དྲུག་ཅུ་རེ་གཉིས། ༡༩ དཔལ་འཁོར་ལོ་སྡོམ་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རེ་གཉིས། ༢༠ དཔལ་འཁོར་ལོ་བདེ་མཆོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རེ་གཉིས་བཅས། ༢༡ ཉིན་བཅུ་པ་ལ་རྡོ་རྗེ་ཕག་མོ་དམར་མོ་ལྷ་སོ་བདུན། ༢༢ རྡོ་རྗེ་ཕག་མོ་སྔོན་མོ་ལྷ་སོ་བདུན། ༢༣ རྡོ་རྗེ་ཕག་མོ་སེར་མོ་ལྷ་སོ་བདུན། ༢༤ རྒྱུད་ཨ་བྷི་དྷ་ན་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ཁྲོ་བོ་ལྷ་བཅུ་གཅིག་བཅས། ༢༥ ཉིན་བཅུ་གཅིག་པར་རྒྱུད་དེ་ཉིད་ལས་གསུངས་པའི་བདེ་མཆོག་འཁོར་ལོ་བསྒྱུར་དྲུག་ལྷ་དོན་གཉིས། ༢༦ ཉིན་བཅུ་གཉིས་པར་རྡོ་རྗེ་བདུད་རྩིའི་རྒྱུད་ལས་བཤད་པའི་རྡོ་རྗེ་ཉི་མའི་རིགས་རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག ༢༧ རྒྱུད་དེ་ཉིད་ནས་གསུངས་པའི་རྡོ་རྗེ་ཧཱུཾ་མཛད་ལྷ་ཉེར་དགུ། ༢༨ དེ་ཉིད་ལས་བཤད་པའི་རྡོ་རྗེ་ཁྲོ་བོ་ཁྲག་འཐུང་ལྷ་ཉེར་གཅིག ༢༩ དེ་ཉིད་ལས་གསུངས་པའི་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྷ་བཅུ་གསུམ་བཅས། ༣༠ ཉིན་བཅུ་གསུམ་པར་སངས་རྒྱས་ཐོད་པའི་རྒྱུད་ལས་བཤད་པའི་ཧེ་རུ་ཀའི་རིགས་སངས་རྒྱས་ཐོད་པ་ལྷ་ཉེར་ལྔ། ༣༡ དེ་ཉིད་ནས་བཤད་པའི་སངས་རྒྱས་ཐོད་པ་ལྷ་དགུ། ༣༢ མཧཱ་མ་ཡའི་རྒྱུད་ཆུང་ལ་བརྟེན་པའི་སྒྱུ་མ་ཆེན་མོ་ལྷ་ལྔ། ༣༣ གདན་བཞི་འམ་རྒྱུད་གསེར་གྱི་ཆར་བ་ལ་བརྟེན་པའི་རྣམ་སྣང་གི་རིགས་རྣལ་འབྱོར་ནམ་མཁའ་ལྷ་ང་བརྒྱད། ༣༤ དེའི་ཡུམ་བཀའ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་བཅུ་གསུམ་བཅས། ༣༥ ཉིན་བཅུ་བཞི་པར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྷ་དྲུག་བརྒྱ་སོ་བཞི། ༣༦ སྟེ་མ་རྒྱུད་ཀྱི་ལྷའི་དཀྱིལ་འཁོར་སོ་གཅིག་དང་བཅས་བླ་མེད་ཀྱི་སྐོར་རྫོགས་སོ། །ཉིན་བཅོ་ལྔ་བར་རྩ་རྒྱུད་དེ་ཉིད་བསྡུས་པ་ནས་བཤད་པའི་ཐབས་གཙོ་བོར་སྟོན་པ་རྡོར་དབྱིངས་ལྷ་ང་གསུམ། ༣༧ ངན་སོང་སྦྱོང་རྒྱུད་ལས་གསུངས་པའི་གཙུག་དགུ་ལྷ་སོ་བདུན་བཅས། ༣༨ ཉིན་བཅུ་དྲུག་པར་སྒྱུ་འཕྲུལ་དྲ་བའི་རྒྱུད་དང་སློབ་དཔོན་འཇམ་དཔལ་གྲགས་པས་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་འགྲེལ་པ་ནས་བཤད་པའི་ཤེས་རབ་གཙོ་བོར་སྟོན་པ་ཆོས་དབྱིངས་གསུང་གི་དབང་ཕྱུག་ལྷ་ཉིས་བརྒྱ་ཉེར་གཅིག ༣༩ སྟེ་རྣལ་འབྱོར་རྒྱུད་དོ། །ཉིན་བཅུ་བདུན་པར་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལ་བརྟེན་པའི་རྡོ་རྗེ་རིགས་གསང་བདག་འབྱུང་པོ་འདུལ་བྱེད་ལྷ་སོ་གསུམ། ༤༠ སྟེ་སྤྱོད་རྒྱུད་གཅིག་གོ །འོད་ཟེར་ཅན་གྱི་རྒྱུད་ནས་བཤད་པའི་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ལྷ་མོ་འོད་ཟེར་ཅན་མ་ལྷ་ཉེར་ལྔ། ༤༡ གཟུངས་གྲྭ་ལྔ་ལས་གསུངས་པའི་སོ་སོར་འབྲང་མ་གཙོ་བོ་བྱས་པའི་གྲྭ་ལྔ་ལྷ་བཅུ་གསུམ། ༤༢ སྟེ་བྱ་རྒྱུད་གཉིས་དང་བཅས་པའི་ཕྲེང་རྐྱང་གི་དཀྱིལ་འཁོར་ཞེ་གཉིས་སོ། །ཉིན་བཅོ་བརྒྱད་པར་ཀྲྀ་ཡས་མུཙྪ་ནས་བཤད་པའི་ནོར་རྒྱུན་མའི་རྟོག་ཆུང་ལ་བརྟེན་པའི་དེ་བཞིན་གཤེགས་པའི་གནས་གཙང་གི་ལྷ་ནོར་རྒྱུན་མ་ལྷ་བཅུ་དགུ།  ༤༣ གཟའ་ཡུམ་གྱི་རྟོག་པ་ལ་བརྟེན་པའི་རིག་བྱེད་མ་ནུབ་བྱང་གི་གྲྭར་བཞུགས་པ་གཙོ་བོར་བྱས་པའི་གཟའ་ཡུམ་ལྷ་ཞེ་དྲུག་གམ་ལྔ་བཅུ། ༤༤ རྣམ་རྒྱལ་མའི་རྟོག་པ་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་གཏོར་རྣམ་པར་རྒྱལ་མ་ལྷ་སོ་གསུམ། ༤༥ སྟེ་ཕྲེང་པ་དང་ཀྲྀ་ཡ་གཉིས་འདྲེས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཞེ་ལྔ་པོ་ཕྱག་ལེན་བཞིན་ལེགས་པར་ཐོབ་པའི་བརྒྱུད་པ་ལ་གཉིས་ལས། དང་པོ་ཕྲེང་པ་རྐྱང་བ་དཀྱིལ་འཁོར་ཞེ་གཉིས་ཀྱི་བརྒྱུད་པ་ལ། རི་བོ་དགེ་ལྡན་པའི་ལུགས་ཀྱི་བརྒྱུད་པ་ནི། རྗེ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱི་ཐོབ་ཡིག་སྤྱི་བཀའི་དབང་གི་སྐོར་ནས་ཟུར་བཏོན་བྱས། །

བསྐུར་ཟིན་པའི་ནང་དོན་འོས་སྦྱོར།

查看更多历史消息



























  ཇི་སྐད་དུ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་གྱི་བུམ་བཟང་ལས། འགྲོ་སྤྱིར་སྨན་པའི་དགེ་མཚན་ཡོད་ན་ནི། །དགའ་སྤྲོས་བཞུགས་ཏེ་ལས་དོན་རླབས་ཆེན་དེའི། །གྲུབ་འབྲས་ནམ་ཐོབ་བར་ལ་དཀའ་ངལ་སོགས། །རྐྱེན་ངན་གང་བྱུང་ཕྱི་བཤོལ་མི་བྱེད་པར། །འབད་བརྩོན་དྲག་པོས་དཀའ་ཐུབ་དང་ལེན་གྱིས། །ཞེས་ཚིག་བཅད་ཀྱི་མདུན་བསུས་ནས་གུས་གནས་ཟླ་བ་རང་ཉིད་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གྱི་དབེན་པའི་བདག་ཉིད་ཞིག་ཡིན་ཡང་དཔལ་ལྡན་བླ་མ་དམ་པ་གང་ཉིད་ལ་དད་པས་ཉམ་ཆུང་མགོན་པོ་གང་གི་སློབ་བུའི་གྲལ་མཐའ་ནས་མ་འབུད་ཙམ་ཞིག་ཡིན་ཡང་། ཅི་སྐད་དུ ༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་གྱི་བུམ་བཟང་ལས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་དམན་ན་ས་དང་ལམ་ཡང་དམན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཞེས་གང་གསུངས་པ་ལྟར་གུས་པས་ཀྱང་གཞན་ཕན་གྱི་བསམ་པ་བཅོས་མ་མ་ཡིན་པས་རྒྱུད་བསྐུལ་ནས་ཆོས་མིན་ཕྱོགས་ཀྱི་ཆོས་ལ་རྒོལ་མཁན་དང་དེས་མ་ཟད་ཆོས་པའི་ཕྱོགས་ནས་ཆོས་ལ་རྒོལ་མཁན་ནས་གཙོས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་ཆེད་དུ་སྤྱི་སྟེགས་འདི་ནས ༧མཁན་ཆེན་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་ཆོས་གང་ཐུབ་ཀྱི་འཕུལ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ། །


འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་གནང་དང་དྲྭ་ངོས་ནས་བསུབ་ངེས་ཡིན། །

版权为原著所有,若有侵犯到您的权益,请您与我们联系,我们将立即删除。

གསལ་འདེབས།

འབྲེལ་གཏུག་གནང་ས།  གནས་ཟླ་བ།

སྐད་འཕྲིན།  ༡༩༣༧༦༠༩༩༦༥

ཡིག་ཟམ།  1937609965@qq.com

内达瓦
སྦྲང་བུ་ཤ་སྦྲང་བུང་བ་དང་། དེ་བཞིན་སྲིན་བུར་གང་གྱུར་པ། དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །
 最新文章