ལྷ་བབས་དུས་ཆེན་ངོ་སྤྲོད།

乐活   2024-11-21 09:24   青海  




ལྷ་བབས་དུས་ཆེན་ངོ་སྤྲོད།



༄༅། །དེ་ཡང་ཇི་སྐད་དུ། དབུ་མ་རིན་ཆེན་ཕྲེང་བ་ལས། སྙིང་རྗེའི་དབང་དུ་གྱུར་པ་རྣམས།། གཤེགས་དང་བལྟམས་དང་རོལ་བ་དང༌།། ཁབ་ནས་འབྱུང་དང་དཀའ་སྤྱོད་དང༌།། བྱང་ཆུབ་ཆེད་དུ་བདུད་སྡེ་འཇོམས།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌།། ལྷ་རྣམས་ཀུན་ནས་བབས་པ་དང༌།། དེ་བཞིན་དུ་ནི་མྱ་ངན་ལས།། འདས་པ་སྟོན་པར་མཛད་པ་ཡིན།།  ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་འདུལ་བྱ་རྣམས་སྨིན་གྲོལ་གྱི་གནས་སུ་འགོད་པའི་ཆེད་དུ། མཛད་པའི་རྣམ་གྲངས་ཇི་སྙེད་ཅིག་བཞེས་ཡོད་པ་རྣམས་སྟོན་པ་གང་གི་རྗེས་འཇུག་རང་ཅག་བོད་མི་ཚོས་ཀྱང་རྗེས་སུ་དྲན་པའི་སྒོ་ནས་ལོ་ལྟར་ཆོ་འཕྲུལ་དུས་ཆེན་དང༌། ས་ཟླའི་དུས་ཆེན། དྲུག་པ་ཚེས་བཞི། ལྷ་བབས་དུས་ཆེན་བཅས་ཡོངས་གྲགས་སྟོན་པའི་དུས་ཆེན་རྣམ་བཞི་སྲུང་རྩི་ཞུ་མུས་ ཀྱི་ནང་ཚན། རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་གྱི་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན།
དེ་ཡང་སྟོན་པ་སངས་རྒྱས་ཤཱ་ཀྱ་ཐུབ་པ་མཆོག་དགུང་གྲངས་བཞི་བཅུ་ཞེ་གཅིག་ཏུ་ཕེབས་པ་ལྕགས་ཕོ་བྱི་བའི་ལོར། རང་ཉིད་ཀྱི་ཡུམ་སྒྱུ་མ་ལྷ་མཛེས་ཞེས་པ་མི་ནས་ཚེ་འཕོས་ཏེ། འདོད་ལྷར་སྐྱེས་ཡོད་པ་དེ་ཉིད་གཙོ་བོར་གྱུར་པའི་ལྷ་གྲངས་ལས་འདས་པ་ཞིག་གི་ རྒྱུད་ལ་རྣམ་དཀར་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཡོད་པ་རྣམས་བདེན་པ་ལ་འགོད་པའི་དུས་སུ་བབས་པ་མཁྱེན་ནས། སངས་རྒྱས་འཁོར་དང་བཅས་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷའི་ཤིང་ཡོངས་ འདུ་ས་རྡོལ་གྱི་ཉེ་འགྲམ། ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཀྱི་སྟེང་དུ། ཤ་རིའི་བུ་དང་འོད་སྲུང་སོགས་དགྲ་བཅོམ་པ་བརྒྱད་སྟོང་གི་འཁོར་གྱི་དབུས་ན་དབྱར་གནས་མཛད་ཅིང༌། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྐུ་སྐྱེ་སོགས་ལྷ་ཡི་རིས་ཀྱི་འདུལ་བྱ་རྣམས་ལ་ཆོས་སྟོན་པར་མཛད།
དེའི་དུས་སུ་མི་ཡུལ་གྱི་ནང་ཚན་རྒྱ་གར་གྱི་གཉན་ཡོད་ཅེས་པར་རྫུ་འཕྲུལ་ཅན་གྱི་ མཆོག་གྱུར་འཕགས་པ་མོང་གལ་གྱི་བུ་ལ་སོགས་པའི་ཚངས་པར་སྤྱོད་པའི་དགེ་སློང་དུ་མ་ཐབས་གཅིག་ཏུ་དབྱར་གནས་མཛད་བཞིན་བཞུགས་པ་ན། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་གཙོས་རྒྱལ་པོ་གསལ་རྒྱལ་ལ་ སོགས་པའི་མི་རྣམས་ཀྱིས་བཅོམ་ལྡན་འདས་གང་དུ་བཞུགས་པ་མ་ཤེས་པས། འཕགས་པ་མོང་གལ་གྱི་བུའི་དྲུང་དུ་སོང་ནས་དྲི་བ་ཞུས་པའི་ལན་དུ། མོང་གལ་གྱི་བུས་བཅོམ་ལྡན་འདས་ལྷ་ཡི་གནས་སུ་བཞུགས་ཡོད་པའི་སྐོར་གསུངས། དེ་ནས་ཞག་དགུ་བཅུ་འདས་པའི་དུས་སུ་གོང་གསལ་རྒྱལ་པོས་དབུས་པའི་མི་རྣམས་ཀྱིས་ཡང་བསྐྱར་མོང་གལ་གྱི་བུ་ལ། འོ་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་མ་མཐོང་ཞིང༌། གསུང་ཡང་མ་ཐོས་པར་ཡུན་རིང་སོང་བས། འཕགས་པ་རྫུ་འཕྲུལ་ཅན་ཁྱེད་ཀྱིས་བཅོམ་འདས་ལ་ཞུས་ལ་འཛམ་གླིང་དུ་སྤྱན་འདྲེན་ རོགས་ཞེས་གསོལ་བས། འཕགས་པ་མོང་གལ་གྱི་བུས་ཀྱང་སྐད་ཅིག་དེ་ཉིད་དུ་ལྷའི་གནས་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཏུ་བྱོན་ཏེ་སངས་རྒྱས་ལ། མིའི་འགྲོ་བ་རྣམས་ལྷའི་ཡུལ་ལ་འོང་བར་དཀའ་བ་ལ། ལྷ་རྣམས་ནི་འཛམ་བུའི་གླིང་དུ་འོང་བར་དཀའ་བ་མེད་ན། སྟོན་པ་ཐུགས་རྗེ་ཅན། མིའི་རིགས་ཀྱི་འགྲོ་བ་རྣམས་ལ་བརྩེ་བས་དགོངས་ནས་འཛམ་བུ་གླིང་དུ་བྱོན་རོགས་ ཞེས་གསོལ་བ་བཏབ་པ་ལྟར་སྟོན་པ་མཆོག་གིས་ཀྱང༌། བདུན་ཕྲག་ཅིག་ནས་གསལ་ལྡན་གྱི་གྲོང་གི་ལ་བ་ཛ་རའི་ནགས་སུ་ཨུ་དུམ་ཝ་རའི་ཤིང་དྲུང་དུ་བྱོན་པར་ཞལ་གྱིས་བཞེས། མོང་གལ་གྱིས་བུས་སྐ་ཅིག་ཉིད་ལ་རྫུ་འཕྲུལ་གྱིས་སླར་མི་ཡུལ་དུ་བྱོན་ནས་མི་ རྣམས་ལ་གསུངས་པས་མི་རྣམས་ཡིད་རབ་ཏུ་མགུ་ནས་ས་ཕྱོགས་གང་དེར་བྱི་དོར་དང༌། མཆོད་པའི་ཚོགས་རྒྱ་ཆེན་པོ་བཤམས་ཏེ་ཕེབས་སྒུགས་ཞུས། བཅོམ་ལྡན་འདས་ལྷ་ཡུལ་ནས་འཛམ་གླིང་དུ་བབས་པར་བཞེད་པའི་ཉིན། ལྷ་ཡི་དབང་པོ་བརྒྱ་སྦྱིན་གྱིས་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལ་བཀའ་བསྒོས་ཏེ་རི་རབ་ ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་ནས་མི་ཡུལ་བར་དུ། དཀྱིལ་ལ་རིན་ཆེན་བཻ་ཌཱུ་ཡའི་ཐེམ་སྐས་དང༌། དེའི་གཡས་ཕྱོགས་སུ་གསེར་དང༌། གཡོན་དུ་ཤེལ་ལས་གྲུབ་པའི་ཐེམ་སྐས་བཙུགས། ལྷ་དབང་ཚངས་པས་རིན་པོ་ཆེའི་རྔ་གཡབ་སངས་རྒྱས་ཀྱི་སྐུ་ལ་གཡོབ་བཞིན་སྐུའི་གཡས་ ཕྱོགས་ཀྱི་གསེར་གྱི་ཐེམ་སྐས་སྟེང་ནས་འོངས་ཤིང༌། ལྷ་དབང་བརྒྱ་སྦྱིན་གྱིས་ལྷ་ཡི་གདུགས་རྩིབས་སྟོང་ཅན་ལག་ནང་བཟུང་སྟེ་སངས་རྒྱས་ཀྱི་སྐུའི་གཡོན་ཕྱོགས་ཤེལ་གྱི་ཐེམ་སྐས་སྟེང་ནས་འོངས། སངས་རྒྱས་འཁོར་དང་བཅས་པ་རྣམས་བཻ་ཌཱུ་ཡའི་ཐེམ་སྐས་ནས་བྱོན།
དེ་ཡང་བཅོམ་ལྡན་འདས་ཀྱི་ཞབས་འཁོར་ལོ་ཅན་ས་ལ་རེག་ཏེ་ཕེབས་ན་ཕྱི་རོལ་བ་ལ་སོགས་པའི་སྐྱེ་བོ་ངན་རྟོགས་ཅན་རྣམས་ཀྱིས། དགེ་སྦྱོང་གཽ་ཏ་མ་ད་མཐུ་དང་རྫུ་འཕྲུལ་ཉམས་སོ་ཞེས་ལོག་རྟོག་ངན་པ་སྐྱེ་བར་གྱུར་པ་དང༌། ཆོ་འཕྲུལ་ཁོ་ནས་ཕེབས་ན། ལྷའི་བཟོ་བོ་རྣམས་ཀྱི་བསོད་ནམས་འཕེལ་བར་མི་འགྱུར་བ་མཁྱེན་ནས་སྐབས་རེ་རྫུ་འཕྲུལ་དང༌། རེ་འགར་ཞབས་ཀྱི་འཁོར་ལོ་ས་ལ་རེག་པའི་ཚུལ་གྱིས་བྱོན། མིའི་དྲི་མི་ཞིམ་པས་ལྷ་རྣམས་འོང་བར་མི་བཟོད་པ་དང༌། མིས་ལྷ་དངོས་སུ་མཐོང་ན་དེ་དག་ལ་གཡེང་ནས་ཆོས་ཀྱི་དོན་ལ་སེམས་མི་གཏོད་པ་ མཁྱེན་ནས་སངས་རྒྱས་ཀྱིས་མིའི་དྲི་རྣམས་ཙན་དན་གྱི་དྲི་དང༌། མི་རྣམས་ལ་ལྷའི་བུ་དང་བུ་མོ་མི་སྣང་བར་བྱིན་གྱིས་བརླབས་ནས་ཡུལ་གསལ་ལྡན་གྱི་ གྲོང་ཁྱེར་དུ་བྱོན་ཏེ། སེང་གེའི་ཁྲི་སྟེང་དུ་བཞུགས་པར་མཛད་ནས་འགྲོ་བ་མཐའ་ཡས་པ་ལ་སྐལ་བ་དང་འཚམས་པའི་ཆོས་ཚུལ་དུ་མ་བསྟན་པར་མཛད་དོ།འདི་ནི་གསུང་རབ་དག་ལས་སངས་རྒྱས་ལྷ་ཡུལ་ནས་འཛམ་གླིང་དུ་བབས་པར་མཛད་པའི་བྱུང་རིམ་སྐོར་གསུངས་པ་གོ་བདེར་བཏུས་པའི་ཁུལ་ཡིན་ཞིང་། བོད་མི་ཚོས་སངས་རྒྱས་ལྷ་ཡུལ་ནས་མི་ཡུལ་དུ་བབས་པའི་དུས་ཚེས་དེ་ལོ་ལྟར་ཧོར་ཟླ་དགུ་པའི་ཚེས་ཉི་ཤུ་རྩ་གཉིས་ཉིན་འཁེལ་བར་གཏན་འཁེལ་གྱིས་སྲུང་བརྩི་ཞུ་བ་ཡིན།
དེ་ཡང་སྟོན་པའི་པའི་དུས་ཆེན་ཁྱད་པར་ཅན་འདིར་བསུ་བ་ཞུ་ཆེད། སྔོན་མ་བོད་གཞུང་གིས་ཧོར་ཟླ་དགུ་པའི་ཚེས་ཤར་ནས་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ ཁང་སོགས་སུ་དཀར་རྩི་གསོལ་ཅིང་། བོད་མི་བྱིངས་ཀྱིས་ཀྱང་རང་རང་གི་སྡོད་ཁང་ལ་དཀར་རྩི་གཏོང་། དཀར་རྩིའི་ཕུད་དེས། རི་སྟེང་གི་བྲག་དང་མཆོད་རྟེན་སོགས་ལ་བྱུག་སྲོལ་ཡོད། དུས་ཆེན་དངོས་གཞིའི་ཉིན་བོད་གཞུང་གིས་ལྷ་ལྡན་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་མཆོག་ལོ་ཀེ་ཤ་ར་བཅས་ཀྱི་སྤྱན་སྔར་མཆོད་འབུལ་རྒྱ་ཆེ་དང་གསོལ་ལྷུང་ བརྗེ་བ། སྙན་ཤལ་འབུལ་བ་སོགས་བྱེད། མང་ཚོགས་འབྱོར་པ་དང་ལྡན་པ་ཚོས་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་མང་འགྱེད་ འབུལ་ཞིང་། གཞན་དག་ཚོས་རང་རང་གི་འཁོས་འབྱོར་དང་གཏོང་ཕོད་ལ་གཞིགས་པའི་མཆོད་འབུལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་། ལྷག་པར་དུ་དེ་ཉིན་ཡིན་གཅིག་མིན་གཅིག་བསང་གསོལ་དང་མཆོད་མཇལ་དུ་བསྐྱོད་པ་ སོགས་རྒྱུན་གཏན་དང་མི་འདྲ་བར་རྣམ་དཀར་དགེ་བའི་ཚོགས་རླབས་པོ་ཆེ་གསོག་པའི་ དོན་དུ་འབད་བརྩོན་ཆེན་པོ་བྱེད་སྲོལ་ཡོད།། །



阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章