རྡོར་དྲིལ་རྣམ་བཤད་བཞུགས། །
རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ།
སྐུ་དང་ཡེ་ཤེས་བསམ་མི་ཁྱབ་པའི་མཛོད། །
ཐབས་ཀྱི་རང་བཞིན་རྡོ་རྗེས་མཚོན་པར་བྱ། །
ཟུང་འཇུག་དབྱིངས་འདི་སངས་རྒྱས་ཐམས་ཅད་ཀྱི། །
དགོངས་པའི་ཀློང་དེ་སེམས་ཅན་ཀུན་གྱི་ངང༌། །
དོན་གྱི་ཆོས་ཉིད་བྱང་ཆུབ་སེམས་ཀྱང་དེ། །
དེ་ཕྱིར་འདིར་ནི་གཞི་ལམ་འབྲས་བུའི་ཆོས། །
མ་ལུས་ཀུན་འདུས་རང་བཞིན་མཚོན་པར་བྱེད། །
དབྱེ་ན་དྲིལ་བུ་ཤེས་རབ་ཡུམ་གྱི་མཁའ། །
ཀུན་ཏུ་བཟང་མོ་རྒྱལ་བ་བསྐྱེད་པའི་ཡུམ། །
སྟོང་ཆེན་ཡེ་བརྡལ་ཡེ་ནས་རང་བཞིན་མེད། །
སུས་ཀྱང་མ་བྱས་བྱུང་བ་མེད་པའི་ཀློང༌། །
ཡེ་ཤེས་རྡོ་རྗེ་ཐབས་ཆེན་ཡབ་ཀྱི་ངང༌། །
ཀུན་ཏུ་བཟང་པོ་སངས་རྒྱས་ཀུན་གྱི་ཡབ། །
དབྱིངས་ལ་ཡེ་ཤེས་རང་སྣང་རང་ཤར་བའི། །
འདི་ནི་ཆོས་སྐུའི་དཀྱིལ་འཁོར་ཉག་གཅིག་ཡིན། །
ཤེས་རབ་རང་བཞིན་རྡོ་རྗེ་བདག་མེད་མ། །
དབྱིངས་ཀྱི་དབང་ཕྱུག་སྤྲོས་པ་བྲལ་བའི་ཞལ། །
ཁམས་ལྔ་རྣམ་དག་བདེ་ཆེན་ཡུམ་མཆོག་ལྔ། །
སྤྱན་དང་མཱ་ཀི་གོས་དཀར་དམ་ཚིག་སྒྲོལ། །
དབྱིངས་ཕྱུག་ལྷ་སྟེ་རྩེ་མོ་ཡུམ་ལྔའི་དལ། །
སྐྱོན་གྱིས་མ་གོས་འདབ་བརྒྱད་པདྨའི་ཚུལ། །
སྲིད་ཞིར་མི་གནས་དག་པའི་སེམས་མ་བརྒྱད། །
ཟག་མེད་བཅུད་ལྡན་བུམ་མཆོག་འཕོ་འགྱུར་མེད། །
དབྱིངས་ལས་རང་སྣང་དྲྭ་ཕྱེད་འཕྱང་འཕྲུལ་ཅན། །
ཡུམ་ལྔ་དཀྱིལ་ཡིན་སེམས་མ་འཁོར་གྱི་ཚུལ། །
ཤེས་རབ་དྲིལ་བུ་ཡུམ་གྱི་མཎྜལ་ལ། །
ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་སོར་རྟོགས། །
བྱ་གྲུབ་ཡེ་ཤེས་རང་སྣང་འགོད་པའི་ཚུལ། །
རྣམ་སྣང་མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །
དོན་ཡོད་གྲུབ་སྟེ་རིགས་ལྔ་ཕྱོགས་ཀྱི་རྭ། །
སྐྱོན་བྲལ་པདྨ་སེམས་དཔའ་སངས་རྒྱས་སྲས། །
གཉིས་མེད་སྤྲོས་བྲལ་ལྟེ་བ་ཀུན་ནས་ཟླུམ། །
ཐབས་ཀྱི་རྡོ་རྗེ་ཡབ་ཀྱི་མཎྜ་ལ། །
བདེ་ཆེན་ལོངས་སྐུའི་དཀྱིལ་འཁོར་ཉག་གཅིག་ཡིན། །
གདུལ་བྱའི་ཡུལ་ལ་སྣང་བ་མི་འགོགས་པའི། །
སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་སྩོལ། །
དབྱིངས་ལས་རང་སྣང་རྡོ་རྗེ་དྲིལ་བུ་ཤར། །
སེམས་ཅན་ཁམས་ལ་སངས་རྒྱས་མཛད་པ་བྱེད༌། །
སྐལ་བར་ལྡན་ལ་གཞི་དབྱིངས་རང་ངོ་སྤྲོད། །
འདི་ནི་སྤྲུལ་སྐུའི་དཀྱིལ་འཁོར་ཉག་གཅིག་ཡིན། །
སངས་རྒྱས་རིགས་ལྔ་མཚོན་བྱེད་དཔེ་ཡིན་ཉལ། །
རྒྱལ་བ་ཀུན་འདུས་སངས་རྒྱས་ཀུན་གྱི་ངང༌། །
ཇི་སྙེད་འཇིག་རྟེན་མགོན་པོ་མ་ལུས་པ། །
རིགས་ལྔའི་སངས་རྒྱས་དཀྱིལ་འཁོར་གཅིག་ཏུ་རྫོགས། །
བརྗོད་མེད་རང་སྒྲས་སྐྱེ་མེད་ཆོས་མཚོན་ཏེ། །
ཐེག་གསུམ་ཆོས་ཕུང་ཇི་སྙེད་བསྟན་པ་དང༌། །
སྐྱེ་མེད་ངང་ལས་འགགས་མེད་བབ་ཀྱིས་གྲུབ། །
བརྗོད་མེད་ཀློང་འདི་བརྗོད་པ་ཀུན་གྱི་གཞི། །
དེ་ཕྱིར་བརྗོད་བྲལ་དམ་པའི་ཆོས་སྐུ་དང༌། །
སེམས་དཔའ་སེམས་མ་སངས་རྒྱས་ཀུན་གྱི་སྲས། །
གཉིས་མཐར་མི་གནས་དོན་གཉིས་ལྷུན་གྱིས་གྲུབ། །
འཕགས་པའི་གང་ཟག་ས་མཐོར་གཤེགས་པའི་ཚུལ། །
ས་བོན་གྱིས་མཚོན་དགེ་འདུན་དེ་ཁོ་ན། །
སངས་རྒྱས་སྐུ་ལྔ་མི་ཕྱེད་རྡོ་རྗེའི་སྐུ། །
སྣང་སྟོང་དབྱེར་མེད་དྲིལ་བུ་སྐུ་ཡི་རྟེན། །
བརྗོད་མེད་གསུང་ནི་ཆོས་ཀྱི་ངོ་བོ་སྟེ། །
ས་བོན་ཡི་གེ་སངས་རྒྱས་གསུང་གི་རྟེན། །
ཡེ་ཤེས་རྡོ་རྗེ་ཐུགས་ལྔའི་དེ་ཁོ་ན། །
མཚོན་པའི་རྡོ་རྗེ་རྒྱལ་ཀུན་ཐུགས་ཀྱི་རྟེན། །
བླ་མའི་དམ་ཚིག་རྡོ་རྗེ་སློབ་དཔོན་གྱི། །
དབང་ལས་རྗེས་གནང་ཐབས་ཤེས་མཚོན་པ་སྟེ། །
ཡི་དམ་རིགས་ལྔ་སངས་རྒྱས་རང་བཞིན་ལ། །
ཡེ་ཤེས་རང་སྣང་བཀོད་པའི་དཀྱིལ་འཁོར་མཆོག །
མ་ཚོགས་མཁའ་འགྲོ་དབྱིངས་ནས་བསྐུལ་བའི་རྫས། །
བརྗོད་མེད་རང་སྒྲ་སྟོང་པ་ཡུམ་ཀྱི་ངང༌། །
འདི་ནི་རྡོ་རྗེའི་དམ་ཚིག་བླ་ན་མེད། །
འདི་མཐོང་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཐོང༌། །
སྐུ་གསུམ་དབྱིངས་ཀྱི་རང་བཞིན་གཏན་ལ་ཕབ། །
བསྐལ་མང་བསགས་པའི་སྡིག་ལྟུང་ཡུད་ཀྱིས་འདགས། །
བློ་རང་སྐལ་པ་ཆེན་པོ་མ་གཏོགས་པ། །
ཀུན་གྱི་ཡུལ་མིན་རྡོ་རྗེ་ཐེག་པའི་རྫས། །
འདི་འཆང་རྡོ་རྗེ་སེམས་དཔའ་རྒྱལ་བའི་སྲས། །
རྡོ་རྗེའི་རིག་འཛིན་གསང་བའི་གྲལ་ལ་དབང༌། །
ལྷ་དང་དྲང་སྲོང་གྲུབ་པའི་རིག་འཛིན་གྱིས། །
གུས་པས་བཀུར་འོས་མཆོག་གི་དམ་ཚིག་རྫས། །
རྒྱལ་ཀུན་དགྱེས་སྐོང་མཁའ་འགྲོ་དམ་ཅན་འདུ། །
འདི་ནི་རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྟེན། །
བརྙས་དང་མི་གུས་བབ་ཅོལ་སུས་བྱས་པ། །
དཀོན་མཆོག་གསུམ་སྤངས་གསང་བའི་དམ་འགལ་བའི། །
ཉམས་པ་ཅན་དེ་བསྲུང་བའི་ལྷས་འདོར་ཞིང༌། །
མུ་མཐའ་མེད་པའི་རྡོ་རྗེ་དམྱལ་བར་འགྲོ། །
ཟུང་འཇུག་ཆེན་པོ་སྣང་སྟོང་རྒྱལ་བའི་དལ། །
ཆོས་རྣམས་མ་ལུས་རྡོ་རྗེ་དྲིལ་བུས་མཚོན། །
ལམ་གྱི་གང་ཟག་མཉམ་ཉིད་དྲན་པའི་རྟེན། །
འདི་འཆང་རྣམ་པ་ཀུན་ཏུ་འབྲལ་མི་བྱ། །
སྔགས་དང་ཕྱག་རྒྱ་མི་སྤངས་དམ་ཚིག་ཆིངས། །
འདི་འཆང་གང་ཟག་དེ་ལ་བབས་ཀྱིས་གྲུབ། །
ཐུན་མོང་ལམ་ཡང་འདི་ཡིས་མཚོན་པ་སྟེ། །
སྟོབས་ལྔ་དབང་ལྔ་འཕགས་ལམ་ཡན་ལག་བརྒྱད། །
ལམ་ལྔ་ས་བཅུ་མ་ལུས་འདིས་མཚོན་ནུས། །
གསང་བ་གསང་ཆེན་རྡོ་རྗེ་ཐེག་པའི་གནད། །
ཀུན་ཀྱང་འདིས་མཚོན་རང་བཞིན་མཚུངས་པ་སྟེ། །
བུམ་དབང་སྣང་སྟོང་རང་བཞིན་དབྱིབས་ཀྱི་ལྷ། །
བསྐྱེད་རིམ་རྒྱལ་བའི་དཀྱིལ་འཁོར་ཀུན་རྫོགས་ཤིང༌། །
སྣང་བའི་བརྡའ་ཡི་རང་སྣང་འགགས་པ་མེད། །
སྟོང་པ་དབྱིངས་ཡིན་ནམ་མཁའ་གཅིག་གི་ཀློང༌། །
སྣང་སྟོང་ཟུང་འཇུག་བུམ་པའི་དབང་གི་དངོས། །
ཐབས་ཀྱི་རྡོ་རྗེ་དབང་པོ་ཡབ་ཀྱི་ངང༌། །
དྲིལ་བུ་ཡུམ་ཡིན་ཟུང་འཇུག་མཉམ་པའི་རྫས། །
རྩ་བ་རླུང་ལྔ་ཁམས་ལྔ་རྣམ་དག་པའི། །
ཡེ་ཤེས་ལྔ་རྫོགས་བླ་མེད་གསང་བའི་དབང༌། །
གསལ་སྟོང་ཟུང་འཇུག་རྡོ་རྗེ་དྲིལ་བུས་མཚོན། །
ཤེས་རབ་དབྱིངས་ནི་རྡོ་རྗེ་བཙུན་མོའི་མཁའ། །
དགའ་བཞིའི་ཡེ་ཤེས་རྐྱེན་བྲལ་འདབ་བཞིའི་དབུས། །
གསང་བའི་ཡེ་ཤེས་ཁྭ་ཁྭ་མུ་ཁའི་ཞལ། །
ཀུན་རྟོག་ཟད་བྱེད་བདེ་ཆེན་ཐིག་ལེའི་ཀློང༌། །
བསྐྱོད་པའི་དགྱེས་བསྐྱེད་དབྱིངས་ཀྱི་རོལ་མོ་སྟེ། །
བདེ་སྟོང་ཡེ་ཤེས་ཤེས་རབ་ཟབ་མོའི་དབང༌། །
རྣམ་ཀུན་མཆོག་ལྡན་མཆོག་གི་ཡེ་ཤེས་དངོས། །
ཟུང་འཇུག་ཆེན་པོ་ཡེ་ནས་མཉམ་པའི་ངང༌། །
རིག་སྟོང་ཆོས་སྐུ་རང་ཤར་ལྷུན་གྱིས་གྲུབ། །
བཞི་པའི་དབང་ཡིན་རྡོ་རྗེ་གསང་བའི་གནས། །
གསང་སྔགས་ཀུན་གྱི་ལམ་ནི་འདི་ཡིན་ཏེ། །
དབང་བཞི་རིམ་པ་ཇི་སྙེད་སྐབས་ལའང༌། །
འཆང་བའི་དམ་ཚིག་རྡོ་རྗེ་དྲིལ་བུས་མཚོན། །
དེ་ཕྱིར་གསང་ཆེན་ངེས་པའི་སྐལ་ལྡན་རྣམས། །
འདི་འཆང་ཟུང་འཇུག་ཐེག་པའི་གནད་རྟོགས་པས། །
མཁའ་སྤྱོད་རིག་པ་འཛིན་པའི་གསང་ལམ་འདིས། །
མཆོག་གི་ས་རྩེར་མངོན་འཚང་རྒྱ་བར་འགྱུར། །
དེ་སྐད་དམ་པའི་གྲོགས་དེའི་རགས་བསྐུལ་བཞིན། །
བཙུན་འཆལ་དཔལ་སྤྲུལ་ཧྲལ་པོས་གང་དྲན་བྲིས། །
དངོས་ལུང་ཚིག་གི་རྒྱབ་སྐྱོར་མ་མཆིས་ཀྱང༌། །
དོན་དུ་སངས་རྒྱས་ཀུན་གྱི་དགོངས་པར་འཐད། །
དགེ་བ་དེ་ཡིས་སྲིད་པའི་ཁམས་གསུམ་འགྲོ། །
ཀུན་ཀྱང་བླ་མེད་ལམ་བཟང་དེར་འཇུག་སྟེ། །
ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ནས། །
འོད་གསལ་མཆོག་གི་ཡེ་ཤེས་འགྲུབ་པ་ཤོག །